སེམས་ཀྱི་ཉི་མ།
སེམས་ཀྱི་ཉི་མ།
སྟོང་གསུམ་གྱི་འཇིག་རྟེན།
ཆགས་སྡང་གི་མུན་པ་སྟུག་པོས་དྲག་ཏུ་གཡོ།
རུས་གསེབ་ནས་འཚེར་བའི་དད་པའི་འོད་རླབས་ཤིག
བསྐལ་པའི་མེ་ཕུང་གི་མདངས་ལ་རབ་ཏུ་འཁུ།
གངས་དཀར་གྱིས་བརྒྱན་པའི་མཐོ་སྒང་གི་ཡང་རྩེ་ན།
སེམས་ཀྱི་ཉི་མའི་འོད་ཟེར་འབུམ་ལ་སྐྱེ་འཇིག་དབེན།
རྟག་བརྟན་སེམས་ཀྱི་ཉི་མ་ངའི་སློབ་དཔོན།
སྔ་རྟིང་བར་དུ་རྩོམ་རིག་གི་དུང་ཞེན་དང་གྱེས་མ་མྱོང་།
རླབས་ཆེན་གྱི་ཐོག་མའི་བསམ་འདུན་ནས་འཁྲུངས་པའི།
བོད་རྩོམ་འཛམ་གླིང་དང་སྦྲེལ་བའི་གཞུང་ལུགས།
མེ་ལོང་མའི་མངལ་ནས་གསར་དར་གྱི་འཇིག་རྟེན་མྱུལ།
ཁྱེད་ཀྱི་རྣམ་དཔྱོད་ལས་འཁྲུངས་པའི་རྩོམ་རིག་གི་ཁམས།
མགུལ་རྒྱན་ལས་ཕྱུང་བའི་ལེགས་བཤད་ཀྱི་སྙིང་པོས།
སྐྱེད་ཚལ་ར་བར་དམངས་སྲོལ་གྱི་མེ་ཏོག་བཞད་ཀྱིན།
གེ་སར་རྒྱལ་པོའི་བྱུང་རབས་དེ་ཡང་སྙན་ཞིང་མཚར།
རྩོམ་རིག་རྣམ་བཤད་ཀྱི་ཆ་ཚང་བའི་སྒྲོམ་གཞི།
བོད་ཀྱི་དེང་རྩོམ་གཞུང་ལུགས་སློབ་ཆེན་གྱི་དོ་རར།
ལེགས་སྐྱེས་སུ་སྒྲོན་མཁན་ཐོག་མ་ཁྱེད་མིན་ན་སུ།
དེང་ད་རབས་རྩོམ་རིག་བྱས་པ་ཅན་སུ་ཡིས་བསྒྲུན་ནུས།
སེམས་ཀྱི་ཉི་མ།
བུལ་ཐུག་དང་ཇ་མངར་གྱིས་འཁྱིལ་བའི་ཉི་མ་ལྷ་སར།
ལྷིང་འཇགས་ཞབས་ཟུང་གི་འཁོར་ལོའི་སྟངས་སྟབས།
སློབ་ཆེན་གྱི་གཞུང་སྒོའི་ཁ་འཕྲོད་ཀྱི་ཇ་ཁང་ནས།
གཏན་འཇགས་ཀྱི་་ལམ་ཐིག་ཏུ་ནམ་ཡང་འགུལ་གྱིན།
རྩོམ་རིག་ལ་ཞེན་པ་ཆེ་བའི་ན་གཞོན་ཁྲི་མ་འབུམ།
མངར་ཁའི་ནུ་ཞོ་ཕངས་མེད་དུ་སྩོལ་གྱིན།
རང་གཞན་ལྟ་གྲུབ་མི་མཐུན་པའི་གསུང་ངག་མཚར་པོས།
རྗེས་རབས་པར་བསམ་གཞིག་གི་སྒོ་མོ་ཕྱེ།
ཁམས་ཡངས་པའི་མཐོ་སྒང་གི་དཀྱིལ་སྙིང་ན།
ནམ་ཡང་མི་ནུབ་པའི་སེམས་ཀྱི་སྒྲོན་མེ།
ཁྱེད་ཀྱིས་རྩོམ་རིག་ལ་བསྒྲོན་པའི་ལྷག་བསམ་དང་དད་ཞེན།
ང་ཚོར་བསྩལ་བའི་རྩོམ་རིག་གི་མངར་ཁ་དེ་ཅི་ལ་མིན།
དེང་རབས་སྨྲ་བའི་རྩོམ་རིག་མིག་གི་ལྟ་དཔྱོད་ཡངས་པོ།
ཁྱེད་ཀྱི་ཐུགས་ནས་འཁྲུངས་པའི་རྩོམ་རིག་རྣམ་བཤད།
ཉི་མ་ལྷ་སར་དེང་རྩོམ་གྱི་གཞུང་ལུགས་ལ་སྔ་བ་དེའོ། །
སེམས་ཀྱི་ཉི་མ།
ཞི་དྲག་གང་གི་དཀྱིལ་དུའང་ཐུགས་གཤིས་ནི་འཇམ་པོས།
བཟང་སྤྱོད་དང་རིག་པའི་གྲུ་ཆར་འབེབས་ལ་བརྩོན།
ཁྱེད་ཐུགས་འོད་སྣང་ཁྲི་མ་འབུམ་གྱི་ཟེར་བརྒྱས།
སློབ་མའི་དད་སེམས་དམར་པོར་ཟུངས་ཁྲག་ལོངས།
རྩོམ་རིག་གི་ལུས་བོངས་རྒྱས་ཤིང་རྩ་བ་ཚུགས།
ཁྱེད་ཐུགས་ཡིད་ཀྱི་ནམ་མཁའ་སྔོ་ཞིང་བསངས་ལ།
རང་ལྟ་མཆོག་འཛིན་མེད་པས་ཉི་འོད་ལྷག་པར་མཛེས།
ལྟ་གྲུབ་བཙན་པོའི་ཟེར་བརྒྱར་ཀུན་གྱིས་རྒོལ་དུ་མེད།
དེ་ལྟར་དུས་ཀྱི་འཕེལ་བགྲོད་མྱུར་བའི་ལོ་ཟླའི་ནང་།
དེང་གི་རྩོམ་རིག་སྨྲ་བའི་སྒྲོམ་གཞི་ཆེན་མོའི་པང་ཁ་ན།
གཞུང་ལུགས་དང་ལོ་རྒྱུས་མཐའ་དཔྱོད་སྤུན་གསུམ་དག
གཅིག་ཀྱང་ཆད་དུ་མེད་པའི་སྡོམ་ཚིག་དེ་ཡི་མདུན།
ཁྱེད་ཀྱི་གསར་རྩོམ་མེད་ན་རྩོམ་རིག་སྐྱེད་ཚལ་གྱི།
གཞུང་ཤིང་དེར་ལག་ལེན་གྱི་ལོ་འདབ་ཇི་ལྟར་རྒྱས་སྲིད།
ད་ཆ་རྩོམ་རིག་གི་ལྡིང་ཁང་ན་རྩེན་པའི་ཁྱུང་ཆེན།
གཤོག་རྩལ་གྱི་རྩལ་ཁ་ཇི་ལྟར་རྫོགས་ཀྱང་རུང་།
ཁྱེད་ལ་མ་བརྟེན་པར་བརྗོད་དུ་མེད་པས།
ཁྱེད་ཀྱི་མཛད་པ་ཕྱོགས་བཞི་མཚམས་བརྒྱད་ན་ལྡིང་།
དྲི་བསུང་ཐུལ་ཞིང་ཀུན་གྱིས་མྱོང་བཞིན་ཡོད།
ངའི་སེམས་དབུས་ཀྱི་ཉི་མ།
ཕྱོགས་བཞིར་འོད་ཟེར་འཕྲོ་བཞིན་པའི་ཁྱེད།
སྤྱོད་གཙང་ཤེས་མཁས་གཞན་དོན་འབའ་ཞིག་ཏུ།
གཞན་དོན་མི་ཚེའི་སྙིང་པོར་གོམས་པའི་སློབ་དཔོན་ཉིད།
བཀྲ་ཤིས་ཁ་གཡང་ཁྲོད་དུ་རྟག་བརྟན་ཤོག །
འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།
མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།
༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།
《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག
གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།