2024དམའ་རིམ་སློབ་འབྲིང་གི་གནས་ཚད་བརྟག་པའི་རྒྱུཌ་ལེན། བོད་སྐད་ཡིག

文摘   2024-09-12 11:57   西藏  



༄༅། །2024ལོའི་བོད་རང་སྐྱོང་ལྗོངས་དམའ་རིམ་སློབ་འབྲིང་གི་གནས་ཚད་བརྟག་པའི་རྒྱུགས་ལེན།

བོད་སྐད་ཡིག








ལྷ་ས་གྲོང་ཁྱེར་སློབ་གསོ་ཞིབ་འཇུག་སོའོ་ཡི་ཕུར་བུ་སྲིད་ཐར་གྱིས་བསྡུ་བསྒྲིགས་བྱས་ཏེ་གློག་ཀླད་དུ་ནང་འཇུག་བྱས་ཏེ་དཔྱད་གཞིར་མཁོ་འདོན་ཞུས།



དོ་སྣང་བྱ་རྒྱུ། 

1.རྒྱུགས་ཤོག་འདིར་ཤོག་གྲངས8དང་། དྲི་གཞི་ཆེ་བ4 ཁྱོན་སྐར120 རྒྱུགས་གཏོང་ཡུན་སྐར་མ120ཡིན།

2.རྒྱུགས་སྤྲོད་སློབ་མས་རྒྱུགས་ཤོག་དང་ལན་འདེབས་ཤོག་བྱང་བླངས་རྗེ། སྔོན་ལ་རང་མིང་དང་རྒྱུགས་སྤྲོད་ལག་འཁྱེར་ཨང་གྲངས་ལན་འདེབས་ཤོག་བྱང་ཐོག་འབྲི་དགོས།

3.འདེམ་འཇུག་གི་དྲིས་ལན་རྣམས་ལན་འདེབས་ཤོག་བྱང་ཐོག་ངེས་པར་དུ“2B”ཞ་སྨྱུག་གིས་ནག་པོ་བཟོ་དགོས། གལ་ཏེ་འབྲི་ནོར་ཤོར་ཚེ་གཙང་མར་བསུབ་སྟེ་བསྐྱར་དུ་འབྲི་དགོས། དྲི་གཞི་གཞན་རྣམས་ཀྱང་ལན་འདེབས་ཤོག་བྱང་ཐོག་འབྲི་བ་ལས་རྒྱུགས་ཤོག་ཐོག་ལན་བཏབ་ཚེ་རྩིས་མེད་ཡིན།

4.རྒྱུགས་ལེན་མཇུག་གྲིལ་རྗེས་རྒྱུགས་ཤོག་དང་ལན་འདེབས་ཤོག་བྱང་མཉམ་དུ་སྐྱེལ་དགོས།


དང་པོ། རྨང་གཞིའི་ཤེས་བྱ།

གཅིག གཤམ་གྱི་དཔྱད་གཞི་བཀླགས་ནས་དྲི་བ1~5བར་སྒྲུབ་དགོས། རེར་སྐར2 ཁྱོན་སྐར10ཡིན། གདམ་བྱ་བཞི་རེ་ཡོད་པ་ལས་དྲི་བ་དང་འཚམ་ཤོས་གཅིག་པུ་དེ་འདེམ་དགོས།

གཏིང་མཐའ་བྲལ་བའི་ཆུ་གཏེར་ཆེན་པོའི་ཀློང་ན་རྔམ་ཞིང་རྒོད་པའི་འཐོར་རླུང་གིས་ཆུ་འཛིན་ནག་པོའི་ཕུང་པོ(  )བཞིན་འདུག  ཆུ་འཛིན་ནག་པོ་དང་ཆུ་གཏེར་ཆེན་པོའི་བར་ན་རྩལ་གྱིས་སྙེམ་པའི་རྒྱ་མཚོའི་ཁུག་རྟས་སྤོབས་པའི་གོ་ཆ་བགོས་ནས་འགྱུ་ཞིང་འཁྱུག་པའི་གློག་ཞགས་ནག་པོ་ཞིག་དང་འདྲ་བར་གཤོག་འགྱུར་བྱེད།

  སྐབས་འགར་ཆལ་ཆིལ(  )བའི་རླབས་ཕྲེང་སྔོན་མོར་གཤོག་ལྕག་གིས(  )པ་དང་། སྐབས་འགར་མདའ་མོ་གཞུ་རྒྱུད་ལས་ཤོར་བ་ལྟར་ཆུ་འཛིན་ནག་པོའི་སྨག་རུམ་དུ་ནམ་འཕང་གཅོད་པར་བྱེད། དེ༵ས་འབོད་སྒྲ(  )བཞིན་འདུག  ཆུ་འཛིན་ནག་པོས་འདབ་ཆགས་དེའི་དཔའ་མཛངས་རྟུལ་ཕོད་ཀྱི་འབོད་སྒྲའི་འགྱུར་ཁུགས་ལས་རྩེ་དགའི་བཞད་སྒྲ་ཐོས་བྱུང་།

《རྒྱ་མཚོའི་ཁུག་རྟ》ལས་དྲངས།

1.གོང་གི་དཔྱད་གཞིའི་སྟོང་ཆར་འཚམ་པའི་སྡེ་ནི།

A.གཡོ། འབྲབ།  སྒྲོག  སྒྲིལ།        

B.སྒྲིལ། འབྲབ།  སྒྲོག  གཡོ།

C.སྒྲིལ། གཡོ།   སྒྲོག  འབྲབ།      

D.སྒྲིལ། གཡོ།   འབྲབ། སྒྲོག

2.གོང་གི་རྟགས“﹏”འདི་བཀོད་པའིདུམ་བུའི་ནང་རྒྱ་མཚོའི་ཁུག་རྟ་ལ་བཀོད་པའི་དཔེ་ནི།

A.གློག་ཞགས་ནག་པོ།                     

B.སྤོབས་པའི་ཆ།     

C.འགྱུ་ཞིང་འཁྱུག                           

D. གཤོག་འགྱུར་བྱེད།

3.གོང་གི་དཔྱད་གཞིའི་ནང་རྟགས་བཀོད་པའི་དེ་སྒྲའི་ངོས་གཟུང་ཡུལ་ནི།

A.རྒྱ་མཚོ།  B.སྤྲིན་ནག         

C.རྒྱ་མཚོའི་ཁུག་རྟ། D.མདའ་མོ།

4.གོང་གི་རྟགས“—”འདི་བཀོད་པའི་བརྗོད་དུམ་དེའི་ནང་ཁུག་རྟའི་གང་ལ་བསྔགས་ཡོད།

A.ཕྱིའི་རྣམ་པ། B.གསུང་སྐད།     

C.གཤོག་རྩལ། D.ལྷག་བསམ།

5.གཤམ་གྱི་བརྩམས་ཆོས་ལས《རྒྱ་མཚོའི་ཁུག་རྟ》དང་རྩོམ་སྟངས་མཐུན་པ་ནི།

A.《གངས་རྒྱན་པདྨ》                   

B.《ང་རང་བྱིས་པ་ཡིན་དུས》        

C.《ཕོ་བྲང་པོ་ཏ་ལ》                   

D.《འཇིག་རྟེན་རིལ་མོའམ་ཟླུམ་པོ》


གཉིས། གཤམ་གྱི་དཔྱད་གཞི་བཀླགས་ནས་དྲི་བ6~10བར་སྒྲུབ་དགོས། རེར་སྐར2 ཁྱོན་སྐར10ཡིན། གདམ་བྱ་བཞི་རེ་ཡོད་པ་ལས་དྲི་བ་ དང་འཚམ་ཤོས་གཅིག་པུ་དེ་འདེམས་དགོས།


གྲོང་ཁྱེར་སློབ་འབྲིང་སློབ་སྟོན་ཁྲུའུ་ཡི་ཀྲུའུ་རེན་ལ།

     འདི་ག་ངེད་སློབ་གྲྭའི་སློབ་མ་བཀྲ་ཤིས་ཁྱེད་སློབ་གྲྭར་ཆེད་མངགས་བཏང(①)ཕན་ཚུན་བསམ་བློ་བརྗེ་རེས་དང་། སློབ་སྦྱོང་འཚོ་བའི(②)མྱོང་སྤེལ་རེས་ཀྱིས། ཉེས་འགོག་ལེགས་སྤེལ་གང་ལེགས་ཡོང་རེ་ཡོད་པས། ཁྱེད་ཕྱོགས་ནས་སློབ་མ་འདིའི་འགྲོ་འདུག(③)མལ་གང་ཅིར་སྣེ་ལེན་དང་སྦྲགས་ཞིབ་ཕྲའི་བཀོད་སྒྲིག་གནང་རོགས་ཞུ་རྒྱུ་མ་ཟད། བསམ་བློ་ཀུན་སྤྱོད་དང་སློབ་སྦྱོང་ཐད་ཞིབ་དཔྱད་ཚད་ལེན་གྱིས་རྩ་ཆེའི་དགོངས་འཆར་གང་མང་ལྷུག་སྩོལ་ཡོད་པ་མཁྱེན། མཁྱེན།

གུས་འདུད་དང་བཅས།

རྫོང་སློབ་འབྲིང་སློབ་སྟོན་ཁྲུའུ་ཡིས།

         སྤྱི་ལོ××××ལོའི××ཟླ××ཚེས།(ཐམ་ག

ཡི་གེ་འདིའི་གོ་ཆོད་དུས་ཚོད××ཡིན།


6. གོང་གི་རྒྱུན་སྤྱོད་ཡིག་རིགས་དེར་འཚམ་པའི་ཁ་བྱང་ནི།

A.འཆར་གཞི།  B.བརྡ་ཐོ།       

C.ངོ་སྤྲོད་ཡི་གེ། D. རེ་འདུན་ཞུ་ཡིག

7.གོང་གི་ཡི་གེ་དེའི་འབྲི་ཡུལ་ནི།

A.སློབ་མ་བཀྲ་ཤིས།  

B.ངེད་སློབ་གྲྭ།

C.རྫོང་སློབ་འབྲིང་སློབ་སྟོན་ཁྲུའུ།        

D.གྲོང་ཁྱེར་སློབ་འབྲིང་སློབ་སྟོན་ཁྲུའུ་ཡི་ཀྲུའུ་རེན།

8.གོང་གི་སྟོང་ཆ①ནང་དུ་འཚམ་པའི་ཕྲད་ནི།

A.གིས། B.ནས། 

C.ལས། D.ཡང་།

9.གོང་གི་སྟོང་ཆ②③ནང་དུ་འཚམ་པ་ནི།

A.ཉམས། གནས།      

B.མཉམ། གནད།

C.སྙམ། གནས།     

D.ཉམས། ནས།

10.“དགོངས་འཆར་གང་མང་ལྷུག་སྩོལ་ཡོད་པ་མཁྱེན”ཞེས་པ་ཕལ་སྐད་དུ་ཕབ་ན།

A.སེམས་ཁུར་གང་མང་བྱེད་རོགས།

B.བསམ་འཆར་གང་མང་འདོན་རོགས།

C.འཆར་གཞི་གང་མང་འབྲི་རོགས།

D.དགོངས་པ་གང་མང་སྤྲོད་རོགས་ཞུ།

གསུམ། གཞུང་ཚིག་དང་ལེགས་བཤད་གསོག་འཇོག  སྟོང་ཆ་རེར་སྐར2 ཁྱོན་སྐར6ཡིན།

11.མཁས་པ་ནི༵་མི་ཡི་མཆོག དུས་སྐབས་ནི༵་བཟང་། ཆ་རྐྱེན་ནི༵་འཛོམས། ལྟ་བུའི་དཔེར་བརྗོད་ནང་གི་ནི་སྒྲའི་སྦྱོར་ཚུལ《ལེགས་བཤད་ལྗོན་དབང》        ལས། ཞེས་བསྟན།

12.《དགེ་ལྡན་ལེགས་བཤད》ལས། མཁས་པ་ཡོན་ཏན་ཀུན་ལྡན་པས། །གང་དུ་ཕྱིན་པ་དེ་རུ་བྲིན། །རྟ་ཕོ་བཟང་དང་རྒྱན་བཟང་པོ། །ཚོང་འདུས་དག་ཏུ་བྲིན་ཞེས་གྲགས། །ཞེས་ཡོན་ཏན་ཅན་གྱི་མི་ལ་བསྟོད་ཅིང་དེ་ལས་ལོགས་སུ་གྱུར་པ་ནི། བླུན་པོ་ཉེས་པ་ཀུན་ལྡན་པས། །གང་དུ་ཕྱིན་པ་དེ་ནས་ལྡོག །               ཞེས་གསུངས།

གཉིས་པ། ལྟ་ཀློག་དང་དབྱེ་ཞིབ།

བཞི། གཤམ་གྱི་ཚིག་རྒྱན་གྱི་དཔེར་བརྗོད་རྣམས་བཀླགས་ནས་དྲི་བ13~17བར་སྒྲུབ་དགོས། དྲི་བ13དང14རེར་སྐར1 དྲི་བ15ལ་སྐར2 དྲི་བ16ལ་སྐར3 དྲི་བ17ལ་སྐར4བཅས་ཁྱོན་སྐར11ཡིན།

དཔེར་བརྗོད⑴ ཁྱོད་ཀྱི་ཐུགས་སེམས་ཤིན་ཏུ་བཟང་།

དཔེར་བརྗོད⑵ ཁྱོད་ཀྱི་ཐུགས་སེམས་གངས་ཀྱི་རི།

དཔེར་བརྗོད⑶ ཁྱོད་ཀྱི་ཐུགས་གངས་རི་བཞིན་དུ་དཀར།

དཔེར་བརྗོད⑷ ཁྱོད་ཐུགས་གངས་རི་ཉིད་དང་མཚུངས། །དེ་ལས་གཞན་པའི་དཔེ་མ་མཆིས། །

13.གོང་གི་དཔེར་བརྗོད་ལས་རང་བཞིན་བརྗོད་པའི་རྒྱན་གྱི་དཔེར་བརྗོད་ཡིན་པ་དེ་བྲིས་དང་།

14.གོང་གི་དཔེར་བརྗོད་ལས་གཟུགས་རྒྱན་གྱི་དཔེར་བརྗོད་ཡིན་པ་དེ་བྲིས་དང་།

15.རང་བཞིན་བརྗོད་པའི་རྒྱན་དང་དཔེ་རྒྱན་ལ་ཁྱད་པར་གང་ཡོད།

16.གོང་གི་དཔེར་བརྗོད་དག་ལས་ངེས་པའི་དཔེར་བརྗོད་ཡིན་པ་ནི་གང་ཡིན། ངེས་པའི་དཔེའི་གོ་དོན་བྲིས་དང་།

17.གོང་གི་དཔེར་བརྗོད⑶ནང་གི་དཔེ་ཅན། དཔེ། མཚུངས་སྒྲ། མཚུངས་ཆོས་བཅས་གང་ཡིན།

ལྔ། གཤམ་གྱི་དཔྱད་གཞི་བཀླགས་ནས་དྲི་བ18~23བར་སྒྲུབ་དགོས། དྲི་བ18དང20དང21རེར་སྐར3 དྲི་བ19དང22དང23རེར་སྐར2བཅས་ཁྱོན་སྐར15ཡིན།

  དེ་ཡང་། ཧོར་གུར་དཀར་དམག་ཕམ་ནས་དཔུང་རོགས་ཐང་ནག་རྩེ་རྒྱལ་དང་ཉི་མ་གྲགས་པ་གཉིས་ཁྲིད་ཅིང་མཁར་རྫོང་གི་སྒོ་འགྲམ་དུ་དོན་པ་ན། གླིང་གི་རྒྱལ་བློན་རྣམས་དང་འཕྲད་པས་གུར་དཀར་གྱི་གདོང་མདོག་འགྱུར། ལྐོག་མ་ལུག  ལུས་པོ་རྔུལ། སྐྲ་དང་བ་སྤུ་ཐམས་ཅད་གཟེངས་ཏེ། མིག་འབྱེད་འཛུམ་ཙམ་ཡང་བྱེད་མི་ནུས་པར། གོམ་སྟབས་འཁྱོར་ཞིང་། ཁ་ནས་གཏམ་གཞན་མ་ཐོན་པར། “ང་། ང”ཞེས་དབུགས་ཀྱི་རྒྱུ་བ་འགག་ཙམ་དུ་ལུས།

  དེའི་ཚེ་གླིང་གི་སྲས་དགྲ་ལྷ་དང་བློན་པོ་འདན་མ་གཉིས་ཀྱིས་དཔུང་པ་གཡས་གཡོན་ནས་བཟུང་སྟེ་གྲི་བཏོན་པ་ན། རྒྱལ་པོ་གེ་སར་གྱིས། “མ་གསོད། ཁོར་སྔོན་ལ་རྔན་ཆེན〔1〕ཞིག་སྟོན་དགོས”གསུངས་ཏེ། ཁོའི་ལུས་ཀྱི་རྒྱན་ཆ་རྣམས་ཕུད་དེ་ཐག་པས་བཀྱིགས་ནས་ཁྲིད་པ་ན། ཐང་ནག་རྩེ་རྒྱལ་དང་ཉི་མ་གྲགས་པ་གཉིས་ཀྱང་འཐབ་པའི་དཔའ་མེད་ཅིང་། འབྲོས་པའི་ལམ་མ་རྙེད་པར་མི་རྗེས་ཁྱིས་འབྲངས་པ་ལྟར་རྒྱལ་བློན་གསུམ་པོ་ཁྲིད་ནས་ཡོང་དུས། ཕྱི་ནང་གི་དམག་ལྷག་མ་རྣམས་ཀྱང་རང་རང་གི་གོ་མཚོན་ཕུལ་ནས་གེ་སར་ལ་སྲོག་སྐྱབས་ཞུས། གུར་དཀར་ཁྲིད་ནས་ཤར་སྒོའི་ཐང་དུ་ཐོན་དུས། གུར་དཀར་གྱི་བསམ་པར་མགོ་འབུལ་ལུས་འབུལ་གྱིས་འགྱོད་བཤགས་བྱེད་ས་འདྲ་ཨེ་ཡོང་བསམས་ནས། གེ་སར་ལ་ཚེ་ཐར་གཏོང་རོགས་ཞུས་ནས་པུས་མོ་ས་ལ་བཙུགས་ཏེ་བསྡད་པ་ན། ཡང་དགྲ་ལྷ་དང་འདན་མ་གཉིས་ཀྱིས་ཐག་པས་སྔ་ཕྱིར་འཐེན།

   འདན་མས་སྐད་གསང་མཐོན་པོས།“མི་ཚང་མས་ཉོན་ཅིག  ལྟོས་ཤིག  གླིང་གེ་སར་གྱི་ཐུགས་དཀྲུག་མཁན་འདིས་ཁྲ་བོ་གླིང་གི་དགྲར་ལངས་ནས་སྣང་ངུ་དང་རོང་ཚ་གཉིས་གཙོ་བྱས་པའི་དཔའ་རྟུལ་མང་པོ་བསད། ཇ་མཁར་རྨང་ནས་བཤིག ཆུང་མ་ལག་ནས་འཕྲོགས། གླིང་དཀར་གྱི་བདེ་སྐྱིད་འཕྲོག་མཁན་གྱི་ཉེས་ཅན་གུར་དཀར་ཁྱི་ནག་འདི་ལ་ལྟོས་དང་། ཕྱིན་ཆད་བག་དང་ལྡན་པར་གྱིས་ཤིག”ཅེས་བརྗོདཔ་དང་མཉམ་དུ་གུར་དཀར་གྱི་མགོ་ལ་སྲབ་བསྐོན། རྒྱབ་ལ་སྒ་བསྟད་དེ། གེ་སར་ཁོའི་གཉའ་ལ་བཞོན། གུར་དཀར་ནི་རང་དབང་ཏོག་ཙམ་ཡང་མེད་པར་སྦྲང་མ་རླུང་བུས་འཁྱེར་བའམ། གླང་རྒན་ལྕག་ཚན་གྱིས་དེད་པ་ལྟར་ཐག་པས་སྔ་ཕྱི་ནས་ཁྲིད་པས་ལུས་ཀྱི་སྟོབས་ཤུགས་ཡོད་ཚད་ཟད་ནས་ཐང་དུ་འགྱེལ་སོང་།

〔1〕བརྙས་བཅོས་དང་མཐོང་ཆུང་གི་དོན།

གོང་གི་དཔྱད་གཞི་ནི《ཧོར་གླིང་གཡུལ་འགྱེད》ལས་དྲངས་ཤིང་འཕྲི་སྣོན་བྱས།

18.རྟགས་བཀོད་པའི་གུར་དཀར་གྱི་ཕྱིའི་རྣམ་པ་ལས་ནང་སེམས་ཀྱི་འགྱུར་བ་གང་འདྲ་ཞིག་མཚོན།

19.ཐང་ནག་རྩེ་རྒྱལ་དང་ཉི་མ་གྲགས་པ་གཉིས་འབྲོས་སའི་ལམ་མ་རྙེད་པར་གླིང་དམག་གིས་ཁྲིད་པའི་རྣམཔ་དེ་ལ་དཔེ་གང་བཀོད་འདུག

20.དཔྱད་གཞིའི་ནང་དོན་དང་འབྲེལ་ནས་ཁྱེད་ཀྱིས་གེ་སར་རྒྱལ་པོས་ཧོར་གུར་དཀར་འཛིན་བཟུང་བྱེད་དགོས་དོན་ཅི་ཡིན་ཤོད་དང་།

21.དུམ་བུ་གསུམ་པའི་ནང་གི“སྦྲང་མ་རླུང་བུས་འཁྱེར་བའམ་གླང་རྒན་ལྕག་ཚན་གྱིས་དེད་པ”ཞེས་པའི་དཔེས་གུར་དཀར་གྱི་ལུས་ཀྱི་རྣམ་པ་གང་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

22.དུམ་བུ་གསུམ་པའི་མི་སྣའི་སྐད་ཆ་ལས་འདན་མའི་སྣང་བརྙན་གང་འདྲ་ཞིག་མངོན།

A. དཔའ་ཞིང་རྟུལ་ཕོད་པ།    

B.རྔམ་ཞིང་འདོད་པ་ཆེ་བ།

C.གཡོ་དང་སྒྱུ་ལ་མཁས་པ།    

D.རྨོངས་ཤིང་ང་རྒྱལ་ཆེ་བ།

23.གཤམ་ལས་གླིང་སྒྲུང་ལ་གདེང་འཇོག་བྱས་པ་ཡང་མི་དག་པ་ནི།

A.བོད་རིགས་མི་དམངས་ཀྱི་བློ་གྲོས་རྩལ་ལས་ཐོན་པའི་ངག་རྩོམ་རིང་མོ་ཞིག

B.ཀྲུང་ཧྭའི་ཤེས་རིག་བང་མཛོད་ནང་གི་འོད་སྟོང་འཕྲོ་བའི་ནོར་བུ་རྩ་ཆེན་ཞིག

C.བོད་རིགས་མི་དམངས་ཀྱིས་དུས་ཐུང་ནང་གསར་རྩོམ་བྱས་པའི་སྒྲུང་གཏམ་ཞིག

D.འཛམ་གླིང་དུ་གྲགས་པའི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་ཤོས་དེ་ཡིན།



དྲུག གཤམ་གྱི་དཔྱད་གཞི་བཀླགས་ནས་དྲི་བ24~28བར་སྒྲུབ་དགོས། དྲི་བ24དང25རེར་སྐར3  དྲི་བ26ལ་སྐར4 དྲི་བ27དང28ལ་རེར་སྐར2བཅས་ཁྱོན་སྐར14ཡིན།

དཔྱད་གཞི་དང་པོ།

   2023ལོའི་ཟླ11པའི་ཚེས1ཉིན། སྐབས36པའི་ཏུང་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་གནང་བའི《གསའ》ལ་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ།

  《གསའ》ནི་པདྨ་ཚེ་བརྟན་གྱི་མི་ཚེའི་ཆེས་མཐའ་མའི་གློག་བརྙན་བརྩམས་ཆོས་ཡིན་ཞིང་། བརྗོད་གཞིའི་ཐད་མིའི་རིགས་ཀྱི་གནས་སྟངས་ལ་དོ་ཁུར་དང་གདུང་སེམས་བཅངས་ཚུལ་དེ་ཁོང་གི་དེ་སྔོན་གྱི་གློག་བརྙན་ལས་བརྒལ་ཏེ། མཚོ་བོད་ས་མཐོའི་ཕྱི་ནང་སྣོད་བཅུད་བར་ཞི་མཐུན་མཉམ་གནས་ཀྱི་འབྲེལ་བ་དེར་བགྲོ་གླེང་དང་གསལ་འགྲེལ་བྱས་པ་བརྒྱུད། མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་དེ། གློག་བརྙན་གྱི་མཚན་ཉིད་རིག་པའི་བསམ་བློའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། མི་དང་གཅན་གཟན་བར་ཡང་སྙིང་དགྲ་གྲོགས་གང་ཡིན་སྐོར་ལ་དྲི་བ་ཆེན་པོ་ཞིག་བཏོན་ཡོད།

  ཧའེ་ཁོའུ་ཉིན་རེའི་ཚགས་པར་ལས་བསྒྱུར་ཏེ་འཕྲི་སྣོན་བྱས།

དཔྱད་གཞི་གཉིས་པ།

   2023ལོའི་ཟླ12པའི་ཚེས22ཉིན། སྐབས་ལྔ་པའི་ཧྭའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནང《གསའ》ཞེས་པའི་གློག་བརྙན་འཁྲབ་ཁྲིད་གནང་མཁན་པདྨ་ཚེ་བརྟན་ལ་འཁྲབ་ཁྲིད་པ་རྩེ་གྲའི་མཚན་སྙན་ཐོབ།

《གསའ》ཞེས་པའི་གློག་བརྙན་དུ་མི་དང་རང་བྱུང་ཁམས་ཇི་ལྟར་མཉམ་གནས་བྱེད་པའི་དོན་དག་ཅིག་བརྗོད་ཡོད། དེའི་ནང་གོ་ལ་ཧྲིལ་པོའི་སྟོངས་ལ་ཉེ་བའི་སྲོག་ཆགས་གསའ་ཞིག་འབྲོག་པའི་ལྷས་རར་མཆོངས་ནས་ལུག་དགུ་བསད་པའི་གནས་ཚུལ་བྱུང་ཞིང་། དོན་དེར་འབྲོག་པ་ཕ་རྒན་གྱིས་གསའ་གློད་བཀྲོལ་གཏོང་དགོས་པ་དང་། བུས་གསའ་གསོད་དགོས་པའི་རྩོད་པ་བྱུང་ཡོད། དོན་དེ་ཇི་ལྟར་ཐག་གཅོད་བྱེད་དགོས་མིན་ཐད་ལ། འབྲོག་པ་དང་གྲྭ་པ། གསར་འགོད་པ། དེ་བཞིན་འབྲེལ་ཡོད་ཚན་པ་ཁག་བར་ལངས་ཕྱོགས་མི་འདྲ་བའི་འགལ་བ་ཛ་དྲག་བྱུང་བ་དང་མཐར་གསའ་དེ་གློད་བཀྲོལ་བཏང་བ་བརྗོད་ཡོད། ……

  གསའ་ནི་མིའི་རིགས་ཀྱི་གྲོགས་པོ་ཡིན་ལ། གསའ་ལ་སྲུང་སྐྱོབ་བྱ་རྒྱུ་ནི་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་འབྲེལ་བ་དམ་ཟབ་ཡོད་པས། ཚང་མས་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཀུན་སློང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཤིང་། རང་ཉིད་ནས་འགོ་རྩོམ་པ་དང་། ད་ལྟ་ནས་འགོ་འཛུགས་པ། ལག་ལེན་ཁྲོད་ནས་རྒྱུན་བསྐྱངས་ཏེ། མིའི་རིགས་ཀྱི་ཁྱིམ་གཞིས་ལ་སྲུང་སྐྱོབ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་གཏོང་བ་འདི་ཡང་གློག་བརྙན་ལས་བྱུང་བའི་དྲན་སྐུལ་གྱི་གནད་དམ་པ་ཞིག་རེད།

སན་ཡག་ཉིན་རེའི་ཚགས་པར་ལས་བསྒྱུར་ཏེ་འཕྲི་སྣོན་བྱས། 2023ལོའི་ཟླ12པའི་ཚེས23ཉིན།

དཔྱད་གཞི་གསུམ་པ།

  2024ལོའི་ཟླ4པའི་ཚེས3ཉིན། 《གསའ》ཞེས་པའི་གློག་བརྙན་དེ་རྒྱལ་ནང་དུ་དངོས་སུ་སྟོན་འགོ་ཚུགས་ཤིང་། རྒྱ་ཆེའི་གཟིགས་མོ་བའི་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ་འདུག

པདྨ་ཚེ་བརྟན་ལགས་ནི1969ལོར་འཁྲུངས་ཤིང་། ཁོང་ནི་ཀྲུང་གོའི་རྩོམ་པ་པོ་དང་། འཁྲབ་གཞུང་རྩོམ་སྒྲིག་པ། གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་བཅས་ཡིན། ཚབ་མཚོན་གྱི་གློག་བརྙན་བརྩམས་ཆོས་ལ།《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》《ཁྱི་རྒན》《གཡང་མདའ》《ཐར་ལོ》《ལག་དམར་བ》《དབུགས་ལྒང》སོགས་ཡོད་ཅིང་། གློག་བརྙན་འདི་དག་ལའང་རྒྱལ་ཕྱི་རྒྱལ་ནང་དུ་བྱ་དགའ་ཆེ་གྲས་མང་པོ་ཐོབ་ཡོད། ཁོང་རང་ཉིད་ལ“ཀྲུང་གོའིལོ་བརྒྱའི་གློག་བརྙན་ལོ་རྒྱུས་ཐོག་བོད་སྐད་གློག་བརྙན་གྱི་སྲོལ་གཏོད་པ”ཡི་མཚན་སྙན་ཐོབ་ཡོད། བློ་ཕམ་པ་ཞིག་ལ2023ལོའི་ཟླ5ཚེས8ཉིན་ཁོང་ནད་གཞིས་རྐྱེན་པས་གློ་བུར་དུ་སྐུ་གཤེགས། དེ་དུས་དགུང་ལོ53ཡིན་པ་རེད།

  ཁོང་གི་སྐུ་ཚེ་ཧྲིལ་པོར་བོད་ཀྱི་གློག་བརྙན་བྱ་གཞག་ཐད་མཛད་རྗེས་རླབས་ཆེན་བཞག་ཡོད།《གསའ》ནི་ཁོང་གིས་འཇིགརྟེན་འདིར་བཞག་པའི་མཐའ་མཇུག་གི་ལེགས་སྐྱེས་དེ་རེད།

པེ་ཅིང་གཞོན་ནུའི་ཚགས་པར་ལས་བསྒྱུར་ཏེ་འཕྲི་སྣོན་བྱས། 2024ལོའི་ཟླ4པའི་ཚེས3ཉིན།

24.《གསའ》ཞེས་པའི་གློག་བརྙན་དེའི་ནང་ང་ཚོར་དྲི་བ་ཆེན་པོ་ཞིག་བཏོན་ཡོད་པ་ནི་གང་ཡིན།

25.《གསའ》ཞེས་པའི་གློག་བརྙན་ནང་འབྲོག་པ་ཕ་བུའི་བར་རྩོད་གླེང་བྱུང་དོན་ཅི་ཡིན།

26.གོང་གི་དཔྱད་གཞི་བཀླགས་རྗེས། ཁྱོད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་ཟུང་འབྲེལ་བྱས་ནས་མི་དང་རང་བྱུང་ཁམས། རི་སྐྱེས་སྲོག་ཆགས་བར་ཇི་ལྟར་ཞི་མཐུན་མཉམ་གནས་ཡོང་ཐབས་ཐད་རང་གི་བསམ་ཚུལ་རགས་ཙམ་གླེངས་དང་།

27. གོང་གི་དཔྱད་གཞི་ལྟར་ན། གཤམ་ལས་པདྨ་ཚེ་བརྟན་དང་ཁོང་གི་གློག་བརྙན (གསའ) ལ་མཚན་སྙན་དང་བྱ་དགའ་ཐོ༷བ་མེ༷ད་པ༷་ནི།

A.གློག་བརྙན་རྩེ་གྲའི་བྱ་དགའ།             

B.འཁྲབ་གཞུང་རྩེ་གྲའི་བྱ་དགའ།

C.འཁྲབ་ཁྲིད་པ་རྩེ་གྲའི་མཚན་སྙན།     

D.བོད་སྐད་གློག་བརྙན་གྱི་སྲོལ་གཏོད་པ།

28.《གསའ》ཞེས་པའི་གློག་བརྙན་གྱི་བསམ་བློའི་ནང་དོན་དང་མི༷་འཚ༷མ་པ༷་ནི།

A.གསའ་ལ་སྲུང་སྐྱོབ་བྱ་རྒྱུ་ནི་མིའི་རིགས་ཀྱི་འཚོ་གནས་དང་འབྲེལ་བ་དམ་ཟབ་ཡོད།

B.མི་དང་སྲོག་ཆགས་བར་ཇི་ལྟར་བྱས་ནས་ཞི་མཐུན་མཉམ་གནས་ཡོང་བ་བྱེད་དགོས།

C.གསའ་ཡིས་ལུག་བསད་པས་མི་དང་གསའ་གཉིས་ཞི་མཐུན་མཉམ་གནས་ཡོང་ཐབས་མེད།

D.འགྲོ་བ་མིའི་རིགས་ཀྱི་གནས་སྟངས་ལ་དོ་ཁུར་དང་གདུང་སེམས་ཤུགས་ཆེན་བཅངས་ཡོད།



གསུམ་པ། ཕྱོགས་བསྡུས་རང་བཞིན་གྱི་ཤེས་བྱ།

བདུན། གཤམ་གྱི་དཔྱད་གཞི་བཀླགས་ནས་དྲི་བ29~31བར་སྒྲུབ་དགོས། དྲི་བ29ལ་སྐར2 དྲི་བ30ལ་སྐར3 དྲི་བ31ལ་སྐར4བཅས་ཁྱོན་སྐར9ཡིན།

( 1 ) གཡས་པ་གཡོན་མ༵་སོ་སོར་བཞུགས། །ཁ་བརྡ་ཐོས་ཀྱང་ངོ་མི་ཐུག །

(2) དཔྱིད་གསུམ་ས་བོན་མ༵་བཏབ་ན། །སྟོན་གསུམ་འབྲུ་དྲུག་གང་ནས་འབྱུང་། །

29. གོང་གི་དཔྱད་གཞི་ལས་གཏམ་དཔེ་དང་ཁེད་གང་ཡིན་སོ་སོར་འབྲི་དགོས།

30. གོང་གི་དཔྱད་གཞི་ལས་གཏམ་དཔེ་དེས་གནས་ལུགས་གང་ཞིག་བསྟན་འདུག

31. གོང་གི་རྟགས་བཀོད་པའི “མ" ཡིག་གཉིས་ཀྱི་ཁྱད་པར་གང་ཡིན།

བཞི་པ། རྩོམ་འབྲི།

བརྒྱད། རྩོམ་ཡིག་བྲི་རྒྱུ། ཁྱོན་སྐར45ཡིན།

32.ང་ཚོའི་འཚོ་བའི་ནང་རྒྱུན་དུ་ཉེ་བར་མཁོ་བའི་དངོས་པོ་མང་པོ་ཞིག་ཡོད། ཁྱེད་ཀྱིས་དངོས་པོ་གང་རུང་ཞིག་གི་རྣམ་པ་དང་། ཁྱད་ཆོས། བྱེད་ནུས་དང་། སྤྱོད་སྒོ་སོགས་བརྗོད་གཞིར་བྱས་ཏེ་རྩོམ་ཡིག་ཅིག་བྲིས་དང་།

རྩོམ་འབྲིའི་རེ་འདུན།

(1) གོང་གི་དཔྱད་གཞིའི་རེ་བ་བཞིན་རྩོམ་བྱང་རང་གིས་གཏན་འཁེལ་བྱེད་དགོས།

(2) བརྗོད་བྱ་ཁ་གསལ་ལ་རྗོད་བྱེད་ཚིག་སྦྱོར་སྙན་པ་དང་། སྒྲིག་གཞི་ཚགས་དམ་པོ་དགོས།

( 3) ཤོག་ངོས་ཁམས་གཙང་ཞིང་ཡིག་གཟུགས་ལེགས་པ། ཕྲད་དང་དག་ནོར་ཉུང་བ་དགོས།

(4) རྩོམ་ཡིག་ནང་མི་སྒེར་དང་འབྲེལ་བའི་ཆ་འཕྲིན་དངོས་ཐོན་མི་ཆོག

(5) ཚེག་ཁྱིམ500ཡན་ལོངས་པ་དགོས།





འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།



མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ



通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章