གཅེས་ཕྲུག་ལོ་ལོ། འཁྱམས་པོས།

文摘   2024-08-09 11:37   西藏  

གཅེས་ཕྲུག་ལོ་ལོ།

འཁྱམས་པོས།

ཨ་མའི་གཅེས་ཕྲུག་སྙིང་གི་ཚི་ལུ་དཀར་པོ་དེ། །

ཧ་ཅང་གཅེས་པས་ལང་ཤོར་སེམས་ལ་ཡང་ཡང་འཁོར། །


ས་སྟེང་ཀུན་ལ་རང་གཤིས་གཅིག་སྣང་མ་ཡི་སྙིང་། །

ཤ་ཚས་བཅིངས་པས་ཡོད་ཚད་ཁྱེད་ལས་བསམ་རྒྱུ་མེད། །

ལ་ཆེན་གཅིག་དང་མི་འཕྲད་རང་མཚང་མི་རྟོགས་བཞིན། །

ར་གན་གསེར་བརྩིར་གོམས་དོག་སྙིང་གཏམ་ཚིག་གསུམ་ཞུ། །


ཡ་རབས་སྤྱོད་བཟང་ཡོན་ཏན་ཀུན་གྱི་སྣེ་འདྲེན་དེ། །

འ་ཅག་འཚོ་བའི་ཁྲོད་དུ་ཀུན་གྱིས་མཐེ་བོང་བསྒྲེངས། །

ཟ་འོག་གོས་བཞིན་ཡིད་ཀྱི་ཀློང་ན་ནམ་ཡང་མཛེས། །

ཞ་ར་ཇི་བཞིན་ལམ་ལ་འཁོན་པར་མི་འགྱུར་རོ། །


ལྦ་ལེར་བསམ་ན་ཡོན་ཏན་སྦྱོང་བའི་དགོས་པ་ཡང་། །

ཛ་ཛོར་སེམས་ལ་བྱི་དོར་བྱེད་པའི་ཆེད་དུ་ལགས། །

ཚ་གདུང་ཡིད་ཀྱི་དཀའ་རྙོག་ཀུན་འཇོམས་རིལ་བུ་ནི། །

ཙ་ན་ཡིན་ཡང་ཐོས་བསམ་སྒོམ་པའི་ལས་དེ་མཐོང་། །


མ་ཡིག་སྙིང་དམར་ཇི་བཞིན་གཅེས་ཤིང་དགའ་བས་སྦྱོངས། །

བ་ཤ་གླང་འགེལ་མིན་པར་རང་སྐད་རང་གིས་སྤྱོད། །

ཕ་ཡུལ་སྐྱོ་ཡང་ལྟེ་ཁྲག་འཕོ་བའི་གནས་ས་དང་། །

པ་ཕ་ཨ་མ་འབོད་པའི་གནས་མལ་ཁོ་ན་ཉིད། །


ན་ཚོད་ཆུང་ཡང་མ་འོངས་ཕུགས་བསམ་ད་ནས་སོམས། །

ད་ཆར་འབད་པའི་ཤུགས་ལས་མ་འོངས་བདེ་བར་སྐྱིད། །

ཐ་མ་གཞན་སྨོན་རང་སྐྱིད་མི་ཚེའི་ལམ་བུ་ནི། །

ཏ་ལེར་བསམ་ན་ཡོད་ཚད་ད་ལྟར་ཐུག་པ་ངེས། །


ཉ་ཆུང་ཇི་བཞིན་ད་དུས་རྐྱལ་རྩལ་མ་སྦྱངས་ན། །

ཇ་ཞིམ་མཆོད་ནས་བཞུགས་པའི་ཁོམ་པ་ག་ལ་རྙེད། །

ཆ་ཤས་ཀུན་རྫོགས་མི་ཚེའི་རྣམ་ཐར་མི་ལྡན་ཡང་། །

ཅ་དགུའི་ཆ་ལ་རང་སེམས་མི་འགྱོད་དོན་ཡོད་བྱ། །


ང་ཡི་ལོ་ལོར་བརྗོད་པའི་སྙིང་གཏམ་ཚིག་གསུམ་ནི། །

ག་དུས་ཡིན་ཡང་ལོ་ལོས་སེམས་སུ་འཇོག་པར་བྱེད། །

ཁ་རྟིང་མེད་པའི་སེམས་ཀྱི་དྲན་སྐུལ་རྣལ་མ་ཞིག །

ཀ་ཡེ་རིགས་ཀྱི་ལོ་ལོས་དང་དུ་ལེན་པར་གྱིས། །


འཁྱམས་པོས་བགྲོ་གླེང་ཇ་ཁང་གི་ཟུར་ཞིག་ནས་གང་དྲན་དུ







འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།



མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ






通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章