འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་མི་ཆོས་གནད་ཀྱི་ཕྲེང་བ་ཞེས་པའི་སློབ་ཚན་གྱི་སློབ་ཐུན་གཅིག་གི་ཁྲིད་ཟིན།
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་། པ་ཕུར།
དང་པོ། སློབ་ཚན་གྱི་བརྗོད་གཞི་དང་སློབ་གསོའི་རིན་ཐང་དབྱེ་ཞིབ།
དགེ་བསྙེན་ཆེན་མོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་མཆོག་གིས་མཛད་པའི་ཚབ་མཚོན་བརྩམས་ཆོས་མི་ཆོས་གནད་ཀྱི་ཕྲེང་བ་ནི་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་མཆོག་ལ་འགྲོ་ཆོས་སུ་གནང་བའི་ལྷ་ཆོས་མི་ཆོས་ཀུན་ལ་ཕན་པའི་གདམས་ངག་ཅིག་ཡིན་ལ་ཕྱིས་འབྱུང་གདུལ་བྱ་ཁྲག་ཁྲིག་དུ་མར་མི་ཚེའི་འགྲུལ་བཞུད་རིང་མོའི་ནང་དུ་ལམ་སྟོན་གྱི་སྒྲོན་མེ་ཉག་ཅིག་ཀྱང་ཡིན། དེ་བས་སློབ་ཁྲིད་དངོས་ཀྱི་སྐབས་སུ་སློབ་མའི་ཤེས་ཚད་དང་འཚམ་ཞིང་ལྟ་འདོད་ལ་ཉན་སྤྲོ་བའི་ཚིག་སྦྱོར་སྤེལ་བས་སློབ་མའི་ཡིད་ཀྱི་དྭངས་བ་འདྲེན་རྒྱུར་ནུས་པ་ཆེན་པོ་ལྡན་ཡོད་ཅིང་བརྟན་གཡོའི་ཕྱི་སྣོད་ཀྱི་འཇིག་རྟེན་་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལས་འབྲས་ལ་བློ་མིག་ལྡོངས་ཤིང་དམུ་རྒོད་མི་བསྲུན་སྡིག་ཏོ་ཅན་ཤ་སྟག་ཏུ་སྣང་བ་སྟེ་ལས་འབྲས་རླུང་ལ་བསྐུར་ཞིང་། འཚེ་བ་ཆོས་སུ་སྨྲ་བ། སྡེ་གཟར་ནང་དམེ་དང་ཁྱི་ཚོགས་ནང་མུར་གྱི་དུས་སྐབས་ཞན་པོ་འདི་ལྟ་བུར་སྨག་རུམ་ལ་སྒྲོན་མེ་བཏེགས་པ་ལྟ་བུའི་ཉེར་མཁོའི་གདམས་པ་རྣག་ཐོག་གཙག་འཁེལ་ཞིག་ཀྱང་ཡིན་ནོ། །
སློབ་ཁྲིད་ཀྱི་གཙོ་དཀའ་གནད་ངོ་སྤྲོད།
སློབ་ཚན་འདི་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་སྤྱིར་ནག་ཚོར་གདམས་པ་ཞིག་དང་ཡང་སྒོས་སུ་འདི་ནི་སྐྱ་སེར་བོད་མི་ཡོངས་ལ་གནང་བའི་མཆོད་སྦྱིན་ཞིག་ཀྱང་ཡིན། སློབ་ཚན་འདི་ནི་ལྷ་ཆོས་མི་ཆོས་གཉིས་ལས་འཇིག་རྟེན་མི་ཆོས་སྐོར་གཙོ་བོར་བརྗོད་ནས་དང་ཐོག་མར་མི་དང་བསྟུན་ཐབས་བྱ་བའི་འཇུག་ལྡོག་སྤང་བླང་གི་གནད་རྣམས་ཞིབ་པར་བརྗོད་པ་དང་མི་གཤིས་ལེགས་པོ་ཞིག་འཛུགས་སྐྱོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་གཏིང་ཡོད། དེས་ན་སློབ་གསོ་ནི་ཤེས་བྱ་ངོ་སྤྲོད་བྱེད་པ་གཅིག་པུ་མ་ཡིན་པར་བྱང་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཕུལ་བྱུང་མི་སྣ་སྐྱོང་དགོས་རྒྱུ་དེ་ཡིན་ན། མི་གཤིས་གསོ་སྐྱོང་དང་འགྲོ་བ་མིའི་བྱང་ཚད་མཐོར་གདེགས་གཏོང་བར་བསླབ་བྱའི་རྩོམ་ཡིག་འདི་ལྟ་བུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་པའི་སྨན་མཆོག་ལྟ་བུ་ཡིན་ནོ། ། ང་ཚོས་སློབ་ཁྲིད་དངོས་ཀྱི་བརྒྱུད་རིམ་ནང་དུ་སློབ་མ་རྣམས་ལ་བརྩམས་ཆོས་འདིའི་ནང་དོན་ལ་གཏིང་ཟབ་པའི་ངེས་ཤེས་རྙེད་པ་བྱ་རྒྱུ་་ནི་སློབ་ཁྲིད་ཀྱི་གཙོ་གནད་དུ་འཛིན་དགོས་ལ་ཡང་དག་འཁྲུལ་མེད་ཀྱི་སྒོ་ནས་རྩོམ་མཁན་གྱི་དགོངས་པ་དང་བརྩམས་ཆོས་འདིའི་དམིགས་ཡུལ་དངོས་རྟོགས་ཐུབ་པ་བྱ་རྒྱུ་དེ་ནི་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ་ཅུང་དཀའ་ཁག་ཆེ་བའི་གནད་དུ་གྱུར་རོ། །
སློབ་ཁྲིད་ཀྱི་སྒྲིག་གཞི་དངོས།
དང་པོ། ཁ་བྱང་གསལ་འགྲེལ།
དེའང་བལ་པོའི་སེའུ་མ་བཟོས་ཀྱང་། །ཁ་དོག་ཉིད་ལས་བྲོ་བ་ཤེས། །ཞེས་པ་ལྟར་ཁ་བྱང་ནི་རྩོམ་ཡིག་གི་མིག་དང་འདྲ་བས་དང་ཐོག་མར་ཁ་བྱང་ལེགས་པོ་ཞིག་ཤེས་པར་བྱ་རྒྱུ་ནི་ཧ་ཅང་གལ་ཆེའོ། །ཆོས་ནི་ཆུང་ཁྱིམ་ཚང་དང་ཆེ་སྤྱི་ཚོགས་འདི་ཡི་མི་བུ་གང་རུང་ཞིག་གི་ལུས་ཀྱི་སྤྱོད་ལམ་ངན་པ། ངག་གི་སྨྲ་བརྗོད་ངན་པ། ཡིད་ཀྱི་སེམས་རྒྱུ་ངན་པ། ཕྲ་རགས་ཐམས་ཅད་འཆོས་པའམ་བཅོས་པའི་དོན་ཡིན་ནོ། །མི་ཆོས་ནི་མི་རིགས་ཤིག་གི་མཛེས་དཔྱོད་དང་རིན་ཐང་གི་ལྟ་ཚུལ་རྨང་གཞིར་བྱས་པའི་འདུ་ཤེས་འཛིན་སྟངས་ཤིག་དང་དེ་བས་འགྲོ་བ་མིའི་བསམ་སྤྱོད་གཉིས་ཀ་འཇིག་རྟེན་མིའི་ལུགས་དང་མཐུན་ཞིང་བཟང་སྤྱོད་ལ་འཇུག་པ་ལ་ཟེར། གནད་ནི་སྤྱིར་ན་མི་ཆོས་ནི་ཧ་ཅང་ཁྱབ་རྒྱ་ཆེ་བས་མཚམས་འདིར་བརྗོད་པར་བྱ་བ་ནི་གཅོ་བོའམ་སྙིང་པོའི་དོན་ཡིན་ནོ། །ཕྲེང་བ་ནི་བརྗོད་བྱའི་ནང་དོན་གོང་འོག་འབྲེལ་ཆགས་ཤིང་གཅིག་ལ་གཅིག་འབྲེལ་གྱི་ནུས་པ་ལྡན་པས་ཡིན།
གཉིས་པ། ནང་འཇུག་གསར་འདྲེན།
དེའི་ནང་དུ་འབྲོམ་སྟོན་པ་རྒྱལ་བ་འབྱུང་གནས་ཀྱིས་ཁམས་ཀྱི་བླ་མ་སེ་བཙུན་གྱི་སྐུ་མདུན་དུ་བསླབ་པ་སློབ་གཉེར་གནང་བའི་འདྲ་རིས་སྟེ་ཕྱག་གིས་རྩམ་པ་འཐག་པ། ཞབས་ཀྱིས་ཀོ་བ་མཉེས་པ། སྐུ་བརྒྱབ་ཏུ་འོ་མ་བསྲུབས་པ། སྤྱན་གྱིས་དཔེ་ཆར་གཟིགས་པ་ལ་སོགས་གནས་གཅིག་དང་དུས་གཅིག་ཏུ་སྐུ་ལས་ཚད་མེད་བརྒྱབ་པའི་གཟུགས་བརྙན་འདི་ལས་སློབ་མའི་རྒྱུད་ལ་དཀའ་སྤྱད་སྡུག་རུས་འཁྱེར་ནུས་ན་མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་པ་ལྟར་ཐོས་པ་བསགས་པའི་དུས་སྐབས་བཟང་པོ་འདིར་བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་སློབ་གཉེར་བྱེད་དགོས་རྒྱུར་སློབ་གསོ་སྐུལ་མ་བྱས་ཡོད།
གསུམ་པ། རྩོམ་པ་པོ་ངོ་སྤྲོད།
འབྲོམ་སྟོན་པ་རྒྱལ་བ་འབྱུང་གནས་ནི་སྟོད་ལུང་ཕུ་རྩ་སྒྱེ་མོ་དེང་གི་འདམ་གཞུང་རྫོང་ཁོངས་ཡིན་ཞིང་ཡབ་རྟ་གསུམ་སྐུ་གཤེན་དང་ཡུམ་ཁུ་འོད་བཟའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པ་དང་ཁམས་ཀྱི་བླ་མ་སེ་བཙུན་དང་མཇལ་ལ་བསམ་སྦྱོར་གཉིས་ཀ་ཚུལ་བཞིན་བསྟེན་ནས་མདོ་སྔགས་གཉིས་ལ་བྱང་བའི་མཁས་པའི་ཡང་རྩེར་སོན་ཞིང་མཚན་སྙན་གྱི་གྲགས་པ་གངས་ལྗོངས་ཡོངས་སུ་འཕྲོས་པ་ཡིན།
བཞི་པ། སློབ་ཚན་དང་འབྲེལ་བའི་ལོ་རྒྱུས་ངོ་སྤྲོད།
སྐབས་དེའི་བོད་ཀྱི་སྤྱི་ཚོགས་ནི་སིལ་བུའི་དུས་སྐབས་ཡིན་ཞིང་། རྒྱལ་ཕྲན་ཕན་ཚུན་དབར་དང་ཆོས་ལུགས་ཕན་ཚུན་དབར་འཁྲུག་རྩོད་ཆེ་ཞིང་བསྟན་པ་རིན་པོ་ཆེ་འདི་ཉིད་་ལྟག་ཆད་ཀྱི་རྫིང་བུ་དང་རླུང་ཁྲོད་ཀྱི་མར་མེ་ལྟ་བུ་ཡིན་པ་དང་བོད་མིའི་རང་གཤིས་ཀྱི་སྒོ་ནས་རང་འདོད་སེར་སྣ་མཁན། གཞན་གནོད་ཉེ་སྐྱོར་མཁན། ཧམ་པ་ཆེ་ཞིང་ངོ་ཚ་བྲལ་བ། འདི་ལྟ་བུའི་སྤྱི་ཚོགས་ནང་དུ་བསླབ་རྩོམ་འདི་ནི་འབངས་རྣམས་ཁ་མིག་ཡར་ལྟའི་ཕྱོགས་སུ་འདྲེན་རྒྱུར་ནུས་པ་དཔག་ཏུ་མེད་པ་ཞིག་ཐོན་དང་ཐོན་མུས་ཡིན་ནོ། །
ལྔ་པ། སློབ་ཁྲིད་དངོས་ལ་འཇུག་པ།
༡ གླེང་གཞི་བསྟན་པ། ༢ སྤང་བླང་གི་སྤྱིའི་རྣམ་གཞག་བསྟན་པ། ༣ སྤང་བླང་གི་གནད་བྱེ་བྲག་བསྟན་པ། དེའང་སྤང་བླང་གི་གནད་བྱེ་བྲག་ཏུ་བསྟན་པ་ལ་བླང་བྱ་མི་ཆོས་ཀྱི་ཡོན་ཏན་དྲུག སྤང་བྱ་མཚང་བཅུ། བླང་བྱའི་ཡོན་ཏན། སྤང་བྱའི་ཆོས་བདུན། གཟབ་དགོས་པ་བཞི། བཅས་སོ། །
ཁོ་བོས་བྱང་གི་ཕྱོགས་ནས་གཙོ་བོའི་བུ། །ཁོ་བོས་ས་མཐའ་བསྐོར་བས་མི་མཐོང་མྱོང་། །
རྣ་གཏམ་མང་དུ་ཐོས་པས་བཤད་པ་ཚ། །ཡིན་མིན་མགོ་ལྟག་ཕྱེད་པས་གྲུང་པོར་གྲགས། །
འདིར་བརྗོད་པའི་ཁོ་བོ་ནི་འབྲོམ་སྟོན་པ་ཡིན་པ་དང་བྱང་གི་ཕྱོགས་ནི་བོད་ཡུལ་སྤྱི་ལ་གོ་བ་ཡིན། རྗེ་ན་རོ་པས། བྱང་ཕྱོགས་མུན་པའི་སྨག་རུམ་ན། །གངས་ལ་ཉི་མ་ཤར་འདྲ་བའི། །ཐོས་པ་དགའ་ཞེས་བརྗོད་པ་ཡི། །སྐྱེས་བུ་དེ་ལ་གུས་ཕྱག་འཚལ། །ཞེས་པ་ལྟར་བྱང་གི་ཕྱོགས་ནི་བོད་ཡུལ་སྤྱི་ལ་གོ་བ་ལས་སྙེ་ཐང་གཅིག་པུར་གོ་ན་མི་འགྲིག གཙོ་བོའི་བུ་ནི་ནག་ཚོ་ལོ་ཙཱ་བར་གོ་བ་ཡིན། ས་མཐའ་བསྐོར་བས་མི་མཐོང་མྱོང་། །རྣ་གཏམ་མང་དུ་ཐོས་པས་བཤད་པ་ཚ། །ཞེས་པས་ཁོང་རང་ཉིད་ནི་ལྟ་རྒྱ་ཐོས་རྒྱ་ཤིན་ཏུ་ཆེ་ཞིང་འཇིག་རྟེན་མི་ཆོས་སྐོར་གྱི་གདམས་པ་ཞིག་གནང་ཡང་གནང་ཆོག་ཆོག་ཞིག་ཡིན་ཞེས་ང་རྒྱལ་དང་སྤོབས་སེམས་ཀྱི་སྒོ་ནས་རྩོམ་པར་དམ་བཅས་ཡོད།
ཡིན་མིན་མགོ་ལྟག་ཕྱེ་པས་གྲུང་པོར་གྲགས་ཞེས་པ་ནི་བཤད་ཚད་བདེན་པར་འཛིན་མི་དགོས་པར་བདེན་རྫུན་བརྟག་ཅིང་དཔྱད་དགོས་རྒྱུར་སྐུལ་མ་དང་ཁོང་རང་ཉིད་ཀྱི་སྐོར་ལ་ཡིན་མིན་མགོ་ལྟག་དཔྱད་ན་མི་གྲུང་པོ་ཞིག་ཡིན་ཟེར་རྒྱུ་ཡིན་ནོ་ཞེས་པའོ། །
སྔོན་སྦྱངས་རྗེས་ཁྲིད།
༡ བོད་ཀྱི་བསླབ་བྱའི་རྩོམ་ཡིག་ཐོག་མ་ནི(ཕུ་ནུའི་མདོ) ཡིན་པ་དང་ཚིགས་བཅད་ཀྱི་ལམ་ནས་བརྩམས་པའི་བསླབ་བྱའི་རྩོམ་ཡིག་ཐོག་མ་ནི(མི་ཆོས་གནད་ཀྱི་ཕྲེང་བ) ཡིན་ནོ། །
༢ འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་སྲོལ་གཏོད་གནང་བའི་གྲུབ་མཐའ་དང་ཕྱག་བཏབ་པའི་དགོན་པ་ནི་གང་ཡིན་ནམ།
Aདགེ་ལུགས་པའི་གྲུབ་མཐའ། དགའ་ལྡན་དགོན་པ།
Bརྙིང་མ་བའི་གྲུབ་མཐའ། ཞ་ལུ་དགོན།
Cབཀའ་གདམས་པའི་གྲུབ་མཐའ། རྭ་སྒྲེང་དགོན།
Dབཀའ་རྒྱུད་པའི་གྲུབ་མཐའ། མཚུར་ཕུ་དགོན།
༣ བསླབ་བྱའི་རྩོམ་ཡིག་དང་ལེགས་བཤད་རྩོམ་ཡིག་གི་ཁྱད་པར།
༤ འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་འགྲོ་ཆོས་སུ་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་ལ་བསླབ་བྱ་དེ་གདམས་ཞེས་པའི་བྱ་བྱེད་ལས་གསུམ་རེ་རེ་ནས་དབྱེ་དགོས།
འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།