ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༢ འཛིན་གྲྭ(༤)
སྒྲོལ་མ་དབང་མོ།
ངའི་རྩོམ་བྱང་ལ་བལྟས་ཚེ་ཁྱེད་ཚོས་ལམ་སེང་ངའི་ཤ་ཁྲག་དང་འབྲེལ་བ་ཡོད་པའི་གཅེན་མོ་རང་རེད་དྲན་ངེས་རེད། ངོ་མ་ཁྱོད་ཚོས་བརྡར་ཤ་གཅོད་སྟངས་རྦད་དེ་ནོར་སོང་། ཁོང་ནི་ངའི་ཤ་ཁྲག་གཅིག་པའི་གཅེན་མོ་ངོ་མ་མ་ཡིན་ཏེ་ངའི་གཅེན་པོའི་མནའ་མ་རེད། འོན་ཀྱང་ངས་སེམས་གཏིང་ནས་ཁོང་ལ་གཅེན་མོ་ཞེས་འབོད་འདོད།
ངའི་གཅེན་མོ་ནི་སྤྱན་ཟུང་གནག་ཅིང་སྨིན་མའི་དཀྱུས་རིང་བ་དང་དབུ་སྐྲ་གནག་ཅིང་སྣུམ་ལ་རྒྱུན་དུ་ལྷས་མ་གློད་རྒྱུར་དགའ་པོ་ཡོད། ངས་ཐེངས་དང་པོ་ཁོང་མཐོང་དུས་ལོ་ག་གེ་མོའི་ལོ་གསར་ཞིག་ལ་རེད། ངའི་དྲན་གསལ་ལ་དེ་དུས་ང་ཚོ་ནང་མི་ཚང་མ་གྲོང་པའི་ནང་མགྲོན་པོར་ཕྱིན་ནས་ལོག་ཡོང་བའི་སྐབས་སུ་རེད། གཅེན་པོ་ཁོང་གཉིས་ང་ཚོའི་ཁྱིམ་གྱི་སྒོ་འགྲམ་དུ་ང་ཚོ་སྒུག་བཞུགས་པ་ལས་སྔོན་ལ་ཡར་ལོག་ཕེབས་མི་འདུག ང་ཚོ་སླེབས་འཕྲལ་གཅེན་པོས་ལམ་སེང་ཁོང་ངོ་སྤྲོད་ཁ་གསལ་ཞིག་གནང་བྱུང་། ང་ཚོ་ནི་འབྲོག་པའི་ཁྱིམ་ཚང་ཞིག་ཡིན་རྐྱེན་ང་ཚོའི་སྒོ་རའི་གང་ས་གང་དུ་ནོར་གྱི་ལྕི་བ་མཐོང་རྒྱུ་ཡོད། ཡིན་ཡང་། སྐབས་དེ་དུས་ཁོ་མོས་ལྕི་བ་དེ་ཚོ་མཐོང་སྐབས་ཐེ་ཚོམ་སྤུ་ཙམ་མེད་པར་ནོར་བུ་ཞིག་རྙེད་པ་ལྟར་ལག་ཏུ་བླངས་ནས་ལྕི་བ་འཇོག་ས་གང་དུ་ཡོད་མེད་དྲིས་ནས་རང་སར་བཞག་སོང་བས། ངའི་སེམས་ནང་སྔར་བྱུང་མྱོང་མེད་པའི་ཚོར་སྣང་ཞིག་སྦྱིན་བྱུང་། གང་ཡིན་ཟེར་ན། གཅེན་མོ་ཁོང་ནི་ཆུང་བྱིས་པའི་དུས་ནས་གྲོང་ཁྱེར་ནང་འཚར་ལོངས་བྱུང་བའི་བུད་མེད་ཅིག་རེད་འདུག ངའི་བསམ་པར་ཁོང་གིས་ང་ཚོ་གྲོང་གསེབ་ཀྱི་རྣམ་པར་དགའ་པོ་དེ་འདྲ་བྱེད་པ་ག་ལ་རྟོགས། སྐབས་དེ་དུས་མི་སུ་ཡིན་ཡང་སེམས་ནང་ཁོང་ནི་གྲོང་གསེབ་ཀྱི་བུ་མོ་འཁྲུལ་མེད་ཅིག་ཡིན་པའི་ཚོར་སྣང་སྤྲོད་སྲིད། དུས་ཚོད་ནི་སྐར་མདའ་འཁྱུག་པ་ལྟར་འགྲོ་བཞིན་ཡོད་པས་ཁོ་མོ་ཡང་ཡུད་ཙམ་ཞིག་ལ་དམའ་འབྲིང་གི་འཚོ་བ་མཇུག་བསྒྲིལ་ནས་མཐོ་འབྲིང་ལ་སླེབས་སོང་། སློབ་འབྲིང་ལོ་གསུམ་གྱི་འབད་བརྩོན་ལ་བརྟེན་ནས། ང་རང་གྲོང་ཁྱེར་ལྷ་སའི་མཐོ་འབྲིང་ལ་རྒྱུགས་འཕྲོད་འདུག ངའི་ཕ་ཡུལ་དང་ལྷ་སའི་བར་ལམ་ཐག་ཧ་ཅང་རིང་པོ་ཡོད་རྐྱེན། ལྷ་སར་སླེབས་རྗེས་ངལ་གསོའི་དུས་སུ་གཅེན་པོའི་ནང་དུ་ལོག་རྒྱུ་ནི་སྨོས་མ་དགོས་པ་ཞིག་རེད། ཐེངས་དང་པོར་ཕ་ཡུལ་དང་ཁ་བྲལ་ནས་ས་ཆ་ཐག་རིང་པོ་འདི་རུ་སླེབས་དུས། རང་ཡུལ་དམ་བིའི་ནང་ཡིན་ཡང་སྐྱིད། ཅེས་པའི་གཏམ་དཔེ་ལྟར། སེམས་པ་སྟོང་ལྷང་ལྷང་ཞིག་འདུག འོན་ཀྱང་གཅེན་པོའི་ཁྱིམ་དུ་བྱམས་སྐྱོང་ཚད་མེད་ཐོབ་བྱུང་།
ཐེངས་ཤིག་ངལ་གསོའི་སྐབས་ཁོ་ཚོ་ནང་མི་ཚང་མས་མཉམ་དུ་གླིང་ཁ་གཏོང་བར་འགྲོ་རྒྱུར་གྲོས་མཐུན་བྱུང་བས། མ་གཞི་ངའི་སེམས་ནང་འགྲོ་འདོད་ཆེན་པོ་བྱུང་། འོན་ཀྱང་ཁ་ནས་ལབ་མི་བདེ་བར་སྣང་། སྐབས་དེར་གཅེན་མོས་ང་ལ་ཐེངས་ཁ་ཤས་ཨུ་ཚུགས་བརྒྱབ་ནས་འགྲོ་རྒྱུའི་རེ་བ་འདུག་ལ་ད་དུང་ཁོང་གིས་གསུངས་གསལ་ང་ཚོ་ངེས་པར་དུ་མཉམ་དུ་འགྲོ་དགོས། ང་ཚོ་ནི་ཁྱིམ་ཚང་གཅིག་གི་མི་རེད་ལ་ཁྱེད་ནི་ངའི་གཅུང་མོ་དང་ཁྱད་ཡེ་ནས་མེད་ཅེས་གསུངས་བྱུང་བས། ངའི་སེམས་ཀྱང་དེ་མ་ཉིད་དུ་ཚ་སོབ་སོབ་ཏུ་གྱུར་སོང་། ངོ་མ་སྐབས་དེ་དུས་ཀྱི་སེམས་ཚོར་ནི་ད་ལྟ་བརྗོད་ཐབས་བྲལ་བ་ཞིག་རེད་འདུག ཁོང་ནི་ཐུགས་གཤིས་འཇམ་ཞིང་ངང་རྒྱུད་ཆུ་ལས་རིང་བས་ག་དུས་ཡིན་ཡང་ང་རང་ཕ་ཡུལ་དུ་ཡོད་པའི་སྣང་བ་ཞིག་དབང་མེད་དུ་སྟེར་གྱིན་འདུག ང་དང་ཤ་ཁྲག་འབྲེལ་བ་སྤུ་ཙམ་མེད་པའི་བུད་མེད་གཅིག་གིས་ང་ལ་འདི་ལྟ་བུའི་བྱམས་སྐྱོང་གནང་དུས་ངའི་སེམས་ལ་དགའ་བ་མི་སྟེར་བ་ཅི་ལ་སྲིད། ད་དུང་དེས་མ་ཟད་ཁོང་གི་ཁྱིམ་དུ་མི་སུ་དང་སུ་འབྱོར་ཀྱང་རྣམ་འགྱུར་དེ་རང་ལས་གཞན་པ་ཞིག་བསྟན་མི་སྲིད། ལྷག་པར་དུ། ཁོང་གཉིས་ལ་ཕྲུ་གུ་བུ་ཞིག་ཡོད་པས་ནམ་རྒྱུན་ཁ་འཇམ་ཚིག་འཇམ་གྱི་ཐོག་ནས་སློབ་གསོ་བཀྱོན་གནང་གི་ཡོད། དུས་ཡུན་རིང་པོ་དེ་དག་གི་རིང་ཁོང་གིས་ང་ལ་ཡང་རང་གི་བུ་ཕྲུག་ལྟར་གནང་བ་ལས་ཁོང་གི་ཕྲུ་གུ་དང་ཁྱད་པར་སྤུ་ཙམ་ཡང་གནང་གི་མེད། ད་དུང་ཁོང་གིས་དུས་རྟག་ཏུ་ང་ལ་མི་དང་འབྲེལ་འདྲིས་བྱེད་སྟངས་དང་དེ་བཞིན་སློབ་སྦྱོང་བྱེད་སྟངས་སོགས་གང་ཅིར་ནན་ཏན་གྱིས་བཀའ་སློབ་ཡང་ཡང་གནང་གི་ཡོད། ཁོང་ནི་ངོ་མ་རང་ལས་རྒན་པར་བརྩི་བཀུར་དང་ཆུང་བ་ལ་བྱམས་སྐྱོང་གནང་མཁན་གྱི་བུད་མེད་ཕུལ་དུ་བྱུང་བ་ཞིག་ཡིན། མ་གཞི་ང་རང་ཕ་མ་དང་ས་ཐག་རྒྱང་ནས་གཞན་ཡུལ་དུ་སླེབས་ཡོད་ཀྱང་གཅེན་མོ་ལགས་ཀྱིས་རྟག་ཏུ་རང་གི་ནང་མི་དངོས་ཡིན་པའི་ཚོར་སྣང་ཞིག་རྟག་ཏུ་སྟེར་བཞིན་ཡོད་ལ་ངའི་སེམས་ནང་དགའ་བ་དང་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་དུས་རྟག་ཏུ་སྤྲོད་གནང་གི་འདུག གལ་སྲིད་བུད་མེད་སུ་ལ་ཡང་ཁོང་ལྟ་བུའི་གཤིས་སྤྱོད་ལྡན་ཡོད་ན་དངོས་གནས་དེ་འདྲའི་དགའ་དགོས་པ་ཞིག་མ་རེད་དམ། ཁོང་ནི་མིང་དོན་མཚུངས་པའི་བུད་མེད་བཟང་པོ་ཞིག་ཡིན་ལ་ང་རང་གི་མིག་དཔེ་བལྟ་སའི་མི་སྣ་བཟང་ཤོས་ཤིག་ཡིན།
གཅེན་མོ་ལགས། ཁྱེད་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱུ་མཚན་ནི་ཁྱེད་དང་འཕྲད་པ་དེ་ནི་ངའི་ལས་དབང་བཟང་པོ་ཞིག་ཡིན་ལ། ཁྱེད་ནི་མིང་དོན་མཚུངས་པའི་སྐྱེ་བོ་དམ་པ་ཞིག་རེད་འདུག ཁོ་མོས་ཀྱང་ཕྱིས་ཀྱི་འཚོ་བའི་ཁྲོད་ཁྱེད་ལྟ་བུའི་བུད་མེད་བཟང་པོ་ཞིག་ཏུ་འགྱུར་བ་བྱེད་ཀྱི་ཡིན།
ཟུར་ཁྲིད་དགེ་རྒན། བདེ་སྐྱིད་འཕྲིན་ལས།
འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།
མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།
༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།
《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག
གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།