ཤེས་རབ་སྡོང་བུ་ལས་གདམས་ངག་ཚིཌ་གཉིས་མའི་བརྡ་དོན་བཀྲལ་བ་བཞུགས་སོ།།

文摘   2024-07-10 10:14   西藏  

༄༅། །ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ལས་གདམས་ངག་ཚིགས་གཉིས་མའི་བརྡ་དོན་བཀྲལ་བ་བཞུགས་སོ། །
མཁར་དགའ་བཀྲ་བྷོས།




༄༅། །སྐྲ་དཀར་གཉེར་མ་ལྷཌ་དུས་སུའང་། ། 

ཐོས་པ་བསགས་པར་བྱ་བ་སྟེ། །

གང་དུ་ཐོས་མང་འགྲོ་འགྱུར་བ། ། 

དེར་ནི་ཕུང་པོར་འགྲོ་མི་འགྱུར། །

ཞེས་པའི་བརྡ་དོན་བཀྲལ་བ་བེམ་ཤེས་ཐ་དད།

ལས་ཀྱི་ནུས་པ་བསམ་མི་ཁྱབ་པ་ལས། །

འགྲོ་བ་མི་ཉིད་སྐྱེས་པའི་དུས་ནས་བཟུང་། ། 

འཚར་ཞིང་ལོངས་ཏེ་སྐད་ཅིག་མི་སྡོད་པར། །  

རྒ་བའི་བྱེད་པ་མ་རྫོགས་བསྐྱོད་དེ་འགྲོ །

 

རང་ལུས་སྐྲ་ལོ་གནག་ཅིང་སྣུམ་པ་དག །  

སྐྱ་ཕྱེད་དང་ནི་རིམ་བཞིན་དཀར་འགྱུར་ཀྱང་། །

ཐོས་པ་བྱ་བ་འགྲོ་བ་མི་ཡི་ལས། ། 

གཙོ་བོར་བཞེད་དེ་རྟག་ཏུ་བྱེད་ལ་བསྐུལ། །  

 

ཐོས་པ་ཞེས་བྱ་བསླབ་པའི་ཐོག་མ་སྟེ། །  

གཞུང་ལུགས་གང་ལ་ཐོས་པའི་བྱ་བ་ནི། །  

སྤེལ་ཅིང་རབ་ཏུ་དོན་ལ་གནས་གྱུར་ན། ། 

ཐོས་པའི་ཕན་ཡོན་ཡོངས་ཤེས་ཐེ་ཚོམ་ཅི། །

 

དེ་ལྟར་ཐོས་པའི་ཕན་ཡོན་ལེགས་བསམས་ཤིང་། །

ཉིན་རེ་བཞིན་དུ་འབད་པས་ཞུགས་པ་ལ། །  

སླར་ཏེ་གོམས་པ་ཡོངས་སུ་འདྲིས་པ་ན། །  

ཐོས་མང་བྱེད་ལ་ཚེགས་མེད་བརྟུགས་ཞུགས་འཛིན། ། 

 

དེས་ན་ཐོས་པ་མང་པོ་བྱས་འགྱུར་ན། །

དེ་ཡི་འབྲས་བུ་ཆུད་ཟོས་མི་འགྲོ་ཞིང་། །  

ཆ་ཤས་རྡུལ་རྫས་བསགས་པའི་ཕུང་པོ་རུ། །  

འགྱུར་དུ་མི་ནུས་ཆོས་ཉིད་རང་གསལ་ལོ། ། 

ཞེས་འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱི་མན་ངག་གོ་ཚོད་ལྟར་རིས་སུ་བཀོད་པ་དགེའོ། །  

༄༅། །གཞུང་ལུགས་དག་ལ་བྱང་བྱས་ཀྱང་། ། 

ཉམས་སུ་ལེན་པར་མི་བྱེད་ན། །  

ལག་ན་སྒྲོན་མ་ཡོད་ཀྱང་ནི། །

ལོང་བས་ལམ་ནི་མཐོང་མི་འགྱུར། །  

ཞེས་པའི་བརྡ་དོན་བཀྲལ་བ་བྱང་ལེན་ཐ་དད།

ཐོས་སོགས་ཐབས་ཀྱིས་སློབ་གཉེར་ལམ་བུ་ལ། །  

བརྩོན་པ་ཆེན་པོས་དོན་གཉེར་རྩེ་གཅིག་པས། །  

རང་དགོས་ཤེས་བྱ་རིག་པའི་གཞུང་ལུགས་ལ། །  

གོམས་ཏེ་བྱང་བ་དམིགས་པར་འཛིན་འོས་སོ། ། 

 

རྩ་བ་དགེ་བའི་བཤེས་གཉེན་དམ་པ་རྣམས། ། 

བསམ་སྦྱོར་གཉིས་ཀས་ཚུལ་བཞིན་བསྟེན་བགྱིས་ཏེ། ། 

ཡང་དག་རིག་པའི་གནས་ཆེན་ཐམས་ཅད་ལ། །

ལེགས་པར་སྦྱངས་ཏེ་བྱང་གོམས་རྙེད་དགོས་གསུངས། ། 

 

ཡོན་ཏན་དག་ལ་བྱང་ཞིང་གོམས་ན་ཡང་། ། 

ཉམས་ལེན་གནས་སུ་འཁྱོལ་བ་མ་བྱས་ན། །

རང་རང་ལག་ན་སྒྲོན་མ་འཐོགས་ཡོད་ཀྱང་། །  

ལོང་བས་ལམ་བུ་མི་མཐོང་ཇི་བཞིན་ནོ། །  

 

དེས་ན་ཡོན་ཏན་སྦྱོང་བའི་སྐབས་དག་ཏུ། །  

ཐོག་མར་ཁྲིད་སྟོན་ནུས་པའི་བཤེས་གཉེན་དང་། །

ཚད་ལྡན་གཞུང་ལུགས་དག་ལ་བྱང་བའི་ཁར། །

ཉམས་ལེན་གནད་ཀྱི་དོན་པོར་ནན་གྱིས་གསུངས། །

 ཞེས་འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱི་མན་ངག་གོ་ཚོད་ལྟར་རིས་སུ་བཀོད་པ་དགེའོ། །   













འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།




སྤུས་ལེགས་དཔྱད་གཞི།

《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ


通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章