མཁར་ཤུལ་དུ་ལུས་པའི་རྣམ་ཤེས།
འཁྱམས་པོས།
ནམ་མཁའ་བརྟོལ་མྱོང་བའི་སེམས་ཀྱི་མཁར་རྫོང་།
ཉིན་སྲིབ་བར་ན་དུས་བཞིར་ཕྱྭ་གཡང་འཚོལ།
ཐག་རིང་འུར་འུར་གྱི་རླུང་ཆེན་ངོ་ནག
མི་ཡུལ་གྱི་གཤེད་མའི་ཁྲབ་རྨོག་ཐོགས།
ཤ་ཁྲག་ལོངས་སྤྱོད་དུ་རེ་བའི་སྲིན་པོ།
ཤ་བཟས་རུས་མུར་ལ་གོམས་དྲག་པས།
ཡོད་ཚད་ཁྲག་དམར་གྱི་མདུན་དུ་ཟིང་ཟིང་གི་འདུ།
ལུས་ཟུངས་ཀྱི་ཁྲག་དམར་སྔར་བཞིན་འཛད་ཀྱིན།
ཡིད་ཁ་ན་འཕྱོ་བའི་བརྗིད་མཛེས་ཀྱི་མཁར་ཆེན།
ཆག་གྲུམ་ཤོར་བའི་སྙིང་གི་ན་ཟུག་ཅིག
འཚོ་གནས་ཀྱི་ཁྲོད་དུ་སྔར་བཞིན་བཞུར་གྱིན།
ངོ་དཀར་ཞེ་ནག་གི་ལོ་ཟླའི་བསླུ་བྲིད་ཁྲོད།
ཁ་ཕོར་ལ་གསེར་ཤན་བསྒྲོན་མཁན་ཇེ་ཉུང་དུ་གྱུར།
ཇ་ཆང་གི་ཁྲོད་དུ་རྗེས་རབས་པའི་མ་འོངས་སྙོབས།
རྒད་པོའི་ཕངས་སེམས་ཀྱི་མཁར་རྫོང་མཐུག་པོ།
ངུ་མ་དགོད་ཀྱི་བྱིས་སེམས་ཀྱི་སྤང་ཐང་ན།
རྡུལ་འཚུབ་འཚུབ་ཀྱི་དར་མ་ཡི་འཚོ་བའི་རྦ་རླབས་གཡོ།
མཁར་ཤུལ་དུ་ལུས་པའི་རྣམ་ཤེས།
མི་རབས་དུ་མའི་ཚེ་སྲོག་ལ་དབྱངས་རྟ་གྱེར།
མཐོང་སྣང་སྒྲིབ་པའི་སྡུག་བསྔལ་གྱི་སྙིང་ཁ་དྲོད་མོ།
མིག་ཡིད་བར་ན་སྐྱོ་གདུང་གི་བྲོ་གར་འཁྲབ།
རླུང་ཆེན་གྱིས་རི་བོ་འཇོམས་བསམ་པའི་མུག་ཟ།
མི་རབས་ནས་མི་རབས་བར་དུ་མཆེད་ཀྱིན།
ཡོད་ཚད་ལྷིང་འཇགས་ལ་མོས་པའི་སེམས་ཀྱི་སྣེ་མོ།
ཇི་ལྟར་ལྷིང་ཡང་དེ་ལྟར་དྲག་ཏུ་ལྡིང་བའི་དངངས།
འཇགས་ཏུ་མེད་པའི་ཟང་ཟིང་གི་གཤིས་ཀ
དྲན་གདུང་གིས་འབྱུང་བཞིའི་ཁྲོད་ན་སྨྲེང་གླུ་འཐེན།
མཁར་ཤུལ་དུ་འཐིམས་པའི་རྣམ་ཤེས།
གྱང་རོར་ལུས་པའི་ས་རྡོའི་གསེང་ནས་ཡལ་འགྲོ།
ན་ཟུག་ཁྲོད་དུ་དུས་བཞིའི་བསིལ་རླུང་དང་འགྲོགས།
ཐག་རིང་ནས་ཐག་རིང་དུ་ཕེབས།
ནམ་མཁའ་རུ་བཀྲག་ཆེ་བའི་ཁ་སང་གི་མཁར་རྫོང་།
རྨི་ལམ་དུ་བསྲིངས་པའི་དྲན་སེམས་ཀྱི་ངོ་རིས་བསྐྱར་མ།
འཇའ་ལྟར་མཚར་བའི་ཞལ་རས་ཅིག
གངས་ལྟར་དཀར་བའི་ལྷག་བསམ་དྲོན་མོ་ཞིག
རྡོ་རྗེ་ལྟར་བརྟན་པའི་ལུས་ཁམས་ཤིག
གང་ལ་ཡང་སྐྲག་མ་མྱོང་བའི་ས་གསུམ་གྱི་གྱད་མི་ཞིག
དེ་ལྟར་མཛེས་མའི་བསླུ་བྲིད་ཀྱི་པང་ཁ་ན་རང་གཤིས་བོར།
རྣམ་ཤེས་ཁྲི་སྟོང་གི་བཞེངས་པའི་མཁར་རྫོང་།
འོད་ཁྱིམ་གོང་བུར་འཁྱིལ་བའི་སེམས་ཀྱི་གནས་མལ་དྲོ་པོ།
མི་སྡུག་མྱ་ངམ་ཐང་གི་ཐལ་རྡུལ་དེ་རྔུབ་ཀྱིན།
མཁར་ཤུལ་ལ་འཁོན་པའི་རྣམ་ཤེས་ཕྲ་མོ།
ལང་ལོང་དུ་ཕྱོགས་བཞིར་གཏོར་ཡང་།
ན་ཟུག་མྱོང་བཞིན་པའི་སྲ་འཐས་ཀྱི་རུས་ཞེན་དྭངས་མ།
ཞེན་ཆགས་ཀྱི་མཁའ་དབུགས་ནང་འཚོ་བའི་འབྲོང་རྒན།
ལུང་སྟོང་གི་སྟོད་སྨད་བར་དུ་ཁེར་རྐྱང་གི་གནམ་ས་མྱུལ།
འབྲོང་གི་རྭ་རྩེད་ལ་ཞེན་པའི་དགའ་སྣང་འདི་ནི།
ཞེ་ལ་ཐོགས་པའི་སྙིང་གི་ཁྲག་རྒྱུན་ལགས།
འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།
མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།
༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།
《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག
གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།