ལྷ་ས་གྲོང་ཁྱེར་མཐོ་འབྲིང་བཞི་པ། ལྷུན་གྲུབ།
ནང་དོན་གནད་བསྡུས། དཔྱད་རྩོམ་འདིར2024ལོའི་རྒྱལ་ཡོངས་ཀྱི་སྤྱིར་བཏང་མཐོ་འབྲིང་སློབ་གྲྭར་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་ལེན་བོད་སྐད་ཡིག་རྒྱུགས་གཞིའི་སྒྲིག་གཞི་དང་སྐར་མའི་བགོ་འགྲེམ། རྒྱུགས་གཞིའི་འགྱུར་ལྡོག་དང་དགེ་མཚན། མི་འདང་ཆ་བཅས་ལ་དཔྱད་པ་བཏང་འདུག
གཙོ་གནད་ཀྱི་ཚིག རྒྱུགས་གཞི། རྒྱུགས་ལེན་རྩ་འཛིན། ཚད་གཞི། སློབ་མ།
དང་པོ། གསལ་བཤད་དང་གཞི་བཅོལ་ས།
གསལ་བཤད། སྤྱི་ལོ2024ལོའི་མཐོ་རྒྱུགས་ཀྱི་མ་ཡིག་ངོ་མ་ལག་སོན་མ་བྱུང་བས། འདི་འཁོད་ཀྱི་རྒྱུགས་གཞི་དང་འབྲེལ་བའི་དྲི་བ་ཐམས་ཅད་ཀྱང“མཐོང་བ་མྱོང་གྲོལ”སྤྱི་སྟེགས་སུ་འཁོད་པའི〈༄༅། །2024ལོའི་རྒྱལ་ཡོངས་ཀྱི་སྤྱིར་བཏང་མཐོ་འབྲིང་སློབ་གྲྭར་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་ལེན་བོད་སྐད་ཡིག〉 ལ་གཞི་བཅོལ་བ་ཡིན།
གཞི་བཅོས་ས། གཅིག བོད་རང་སྐྱོང་ལྗོངས་མཐོ་རིམ་སློབ་གྲྭ་དཀྱུས་མར་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་ལེན་སྐད་ཡིག་བསླབ་ཚན་གྱི་རྒྱུགས་ལེན་རྩ་འཛིན་དང་གསལ་བཤད།
གཉིས། བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཀྱི་སློབ་གསོ་ཐིང་གིས་མཉམ་འབྲེལ་གྱིས་གཏན་ལ་ཕབ་པའི་མཐོ་རིམ་སློབ་འབྲིང་གི་སྐད་ཡིག་བསླབ་ཚན་ཚད་གཞི། (ཚོད་ལྟ)
གསུམ། 2024ལོའི་རྒྱལ་ཡོངས་ཀྱི་སྤྱིར་བཏང་མཐོ་འབྲིང་སློབ་གྲྭར་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་ལེན་བོད་སྐད་ཡིག་གི་རྒྱུགས་གཞི།
གཅིག རྒྱུགས་གཞིའི་སྒྲིག་གཞི་དང་སྐར་གྲངས་སྤྱི་བཤད་པ།
སྤྱི་ལོ2024ལོའི་རྒྱལ་ཡོངས་ཀྱི་སྤྱིར་བཏང་མཐོ་འབྲིང་སློབ་གྲྭར་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་ལེན་བོད་སྐད་ཡིག་རྒྱུགས་གཞི(གཤམ་ནས་མཐོ་རྒྱུགས་བརྗོད་རྒྱུ་ཡིན)ཧྲིལ་པོ་ངེས་སྦྱོང་གི་དྲི་གཞི་དང་འདེམ་སྦྱོང་གི་དྲི་གཞི་བཅས་ཆ་ཤས་ཆེ་བ་གཉིས་ལས་གྲུབ་ཡོད། ངེས་སྦྱོང་གི་རྒྱུགས་ལེན་དྲི་གཞིར་ལྟ་ཀློག་དང་མྱོང་དཔྱད། གོ་བརྡ་སྤྲོད་པ་དང་བརྗེ་རེས། རྩོམ་ཡིག་བཅས་ནང་དོན་ཆེ་བ་གསུམ་ཡོད་པ་དང་། འདེམ་སྦྱོང་གི་དྲི་གཞིར་སྐད་དང་ཡི་གེ་ཉེར་སྤྱོད་དང་། རྩོམ་རིག་བརྩམས་ཆོས་མྱོང་དཔྱད། རིག་གནས་བསྟན་བཅོས་དཔྱད་ཀློག་བཅས་ནང་དོན་རིགས་གསུམ་ཡོད་པ་ལས་རྒྱུགས་སྤྲོད་སློབ་མས་རིགས་གཅིག་ཁོ་ན་བདམས་ཏེ་ལན་འདེབས་དགོས་ཤིང་། ངེས་སྦྱོང་གི་དྲི་གཞིར་ཁྱོན་སྐར་གྲངས135ཡོད་པ་དེས་རྒྱུགས་ཤོག་ཧྲིལ་པོའི་སྐར་གྲངས་ཀྱི90% ཟིན་པ་དང་། འདེམ་སྦྱོང་དྲི་གཞིར་ཁྱོན་སྐར་གྲངས15ཡོད་པ་དེས་རྒྱུགས་ཤོག་ཧྲིལ་པོའི་སྐར་གྲངས་ཀྱི10%ཟིན་གྱི་ཡོད།
གཉིས། ཤེས་བྱའི་ཁྱབ་ཁོངས་དང་སྐར་གྲངས་ཀྱི་བགོ་འགྲེམ་ཞིབ་ཕྲ།
2024ལོའི་མཐོ་རྒྱུགས་ཀྱི་རྒྱུགས་གཞི་ཧྲིལ་པོར་ཁྱོན་དྲི་གཞི46ཡོད་པ་ཡང་བརྡ་སྤྲོད་དང་སྙན་ངག རྩོམ་འབྲིའི་ཤེས་བྱ། བསླབ་བྱ་དང་ལེགས་བཤད། གཏམ་དཔེ་དང་དཔེ་ཆོས། ཚད་མའི་ཤེས་བྱ། མངོན་བརྗོད། བརྩམས་ཆོས་ངོས་འཛིན། སྐད་བརྡ་དང་རྒྱུན་ཤེས་སོགས་ཀྱིས་གྲུབ་ཡོད་པ་གང་ཞིག གོང་འཁོད་ཤེས་བྱ་དག་གི་སྐར་གྲངས་ཀྱི་བགོ་འགྲེམ་ཡང་གཅིག་པ་མ་ཡིན་པ་གཤམ་གསལ།
ཤེས་བྱའི་ཁྱབ་ཁོངས། | དྲི་གཞིའི་གྲངས། | སྐར་གྲངས། |
བརྡ་སྤྲོད་ཀྱི་སྐོར། | 13 | 25 |
སྙན་ངག་གི་སྐོར། | 4 | 8 |
རྩོམ་འབྲིའི་ཤེས་བྱ། | 7 | 14 |
ལེགས་བཤད་དང་བསླབ་བྱ་སོགས། | 3 | 4 |
ཚད་མ། | 4 | 7 |
གཏམ་དཔེ་དང་དཔེ་ཆོས། | 1 | 2 |
མངོན་བརྗོད་དང་ཐ་སྙད་འགྲེལ་བཤད། | 3 | 6 |
ལོ་རྒྱུས་དང་ཡིག་རྙིང་སོགས། | 3 | 6 |
སྐད་བརྡ་དང་རྒྱུན་ཤེས། | 5 | 10 |
བརྩམས་ཆོས་ངོས་འཛིན་དང་དབྱེ་ཞིབ། | 11 | 15 |
རྩོམ་ཡིག | 1 | 60 |
འདིའི་ནང་དུ་འདེམ་སྦྱོང་གི་ནང་དོན་ཡང་ཚུད་ཡོད། |
གཅིག དམིགས་བསལ་གྱི་འགྱུར་ལྡོག
མཐོ་རྒྱུགས་ཀྱི་རྒྱུགས་ལེན་རྩ་འཛིན་ལས། སྐད་ཡིག་མཐོ་རྒྱུགས་ཀྱིས་ངོས་འཛིན་དང་བློ་འཛིན། གོ་བ་ལེན་པ། དབྱེ་ཞིབ་དང་ཕྱོགས་བསྡུས། ཉེར་སྤྱོད། མྱོང་དཔྱད། འཚོལ་དཔྱད་བཅས་ཀྱི་ཡོན་ཚད་རིགས་དྲུག་ལ་རྒྱུགས་བཤེར་བྱེད་དགོས། ①ཞེས་གསུངས།
2024ལོའི་མཐོ་རྒྱུགས་འདི་ཉིད་ལོ་སྔོན་མའི་མཐོ་རྒྱུགས་དག་དང་བསྡུར་ན་འདེམ་འཇུག་གི་དྲི་གཞི་ཉེར་ལྔ་པོ་ཚང་མ་དཔྱད་གཞི་ལྟ་ཀློག་བརྒྱུད་དེ་ལན་འདེབས་རྒྱུ་ཡིན་ཞིང་། དེ་དག་ཀྱང་རྩ་འཛིན་ལས་བཏོན་པའི་ཡོན་ཚད་རིམ་པ་བཞིན་དུ་རྒྱུགས་གཞིའི་སྟེང་ནས་མངོན་འདུག་པ་ནི་རྒྱུགས་གཞིའི་འགྱུར་ལྡོག་ཐོག་མ་ལགས།
འགྱུར་ལྡོག་གཉིས་པ་ནི་སྤྱི་ལོ2023ལོར་སྟོང་ཆ་ཁ་སྐོང་དོར་བ་ནས2024ལོའི་མཐོ་རྒྱུགས་ནང་དུ་སྟོང་ཆ་ཁ་སྐོང་གི་དྲི་གཞི་ཡོད་པ།
འགྱུར་ལྡོག་གསུམ་པ་ནི་རྩོམ་ཡིག་གིས་ཟིན་པའི་སྐར་གྲངས་ལོ་སྔོན་མ་དག་དང་བསྡུར་ན་མངོན་གསལ་གྱིས་ཇེ་མཐོར་ཕྱིན་ཡོད་དེ། 2022ལོར་རྩོམ་ཡིག་གིས་སྐར་གྲངས50ཟིན་པ་དང་། 2023ལོར་སྐར་གྲངས55ཟིན་པ། 2024ལོར་རྩོམ་ཡིག་གིས་སྐར་གྲངས60ཟིན་ཡོད།
འགྱུར་ལྡོག་བཞི་པ་ནི། 2013ལོར་བསླབ་གཞི་གསར་པའི་བསྒྱུར་བཅོས་ཀྱི་མཐོ་རྒྱུགས་ཐོག་མ་འགོ་བཙུགས་པ་ནས་རྒྱུན་བསྐྱངས་པའི་དྲི་བར་ལན་འདེབས་རྒྱུ་དང་། འཚོལ་དཔྱད་རང་བཞིན་གྱི་སློབ་སྦྱོང་ཞེས་པའི་ཚན་པ་གཉིས2024ལོའི་མཐོ་རྒྱུགས་རྒྱུགས་གཞིར་དོར་ཡོད།
གཉིས། དགེ་མཚན།
རྩ་འཛིན་ལས། “ལྟ་ཀློག་ནི་ཆ་འཕྲིན་འཚོལ་བསྡུ་དང་ཐག་གཅོད་པ་དང་། འཇིག་རྟེན་ལ་ངོས་འཛིན་བྱེད་པ། བསམ་གཞིག་གི་ནུས་པ་འཕེལ་རྒྱས་སུ་གཏོང་བ། མཛེས་དཔྱོད་ཀྱི་མྱོང་བ་ཐོབ་པ་བྱེད་པ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན”②ཞེས་གསུངས་པ་དང་། ཚིག་འགྲོས་ལ་གཞིགས་ནས་ཚིག་གི་ནང་དོན་ལ་ཞིབ་ཏུ་དཔྱོད་པ་དང་། བསླབས་ཟིན་པའི་སྐད་ཡིག་གི་ཤེས་བྱ་སྤྱད་ནས། ཚིག་སྦྱོར་རྙོག་འཛིང་ཆེ་ཞིང་། ནང་དོན་ཕུན་སུམ་ཚོགས་པའི་བརྗོད་པ་ལ་གོ་བ་ལོན་རོགས་བྱས་ཏེ། ཚིག་བརྗོད་ཉམས་ཅན་གྱི་མཚོན་སྟོབས་ཉམས་སུ་མྱོང་དགོས།③ཞེས་གསུངས་ཡོད། 2024ལོའི་མཐོ་རྒྱུགས་ཀྱི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ནི་འདེམ་འཇུག་གི་དྲི་གཞི་དག་དཔྱད་གཞི་ལྟ་ཀློག་བརྒྱུད་ནས་དྲི་བར་ལན་འདེབས་དགོས་པ་གང་ཞིག བཏོན་པའི་དྲི་གཞི་གཅིག་གིས་རྒྱུགས་ཞུགས་པ་གང་དེས་ཤེས་བྱའི་གནད་མང་པོར་དུས་གཅིག་ཏུ་བརྟག་པའི་ནུས་པ་སྔོག་འདོན་དང་། སློབ་མ་གང་དེའི་ཤེས་བྱའི་རྒྱུས་མངའ་ཟབ་ཚད། བསམ་གཞིགས་ཀྱི་ནུས་རྩལ། དེ་བཞིན་སློབ་མས་དྲི་གཞི་ལྟེ་བར་བྱས་ནས་གྲུབ་པའི་བྱེད་སྒོའི་ཁོར་ཡུག(情境)གསར་བསྐྲུན་ཐུབ་ཡོད་པར་སེམས།
དཔེར་ན། ༼ དཔྱད་གཞི་བསྡུས༽འདེམ་འཇུག་དྲི་གཞི་བརྒྱད་པར། “བྱ་ཚིག“བསྒྲིབས”དང་འབྲེལ་བའི་བརྗོད་ཚུལ་ཡང་དག་པའི་སྡེ་ནི།
A.དུས་འདས་པ། བྱ་བྱེད་ཐ་དད་པ། སྐྱེས་བུ་འབྲིང་།
B.དུས་མ་འོངས་པ། བྱ་བྱེད་ཐ་མི་དད་པ། སྐྱེས་བུ་རབ།
C.དུས་འདས་པ། བྱ་བྱེད་ཐ་མི་དད་པ། སྐྱེས་བུ་འབྲིང་།
D.དུས་ད་ལྟ་བ། བྱ་བྱེད་ཐ་དད་པ། སྐྱེས་བུ་ཐ་མ། ④
ཞེས་པ་ལྟ་བུར་མཚོན་ན། རྒྱུགས་འདོན་པས་དཔྱད་གཞི་ཞིག་རྒྱུགས་ཞུགས་སློབ་མར་ལྟ་ཀློག་བྱེད་དུ་བཅུག་པ་གང་ཞིག དཔྱད་གཞི་དེ་ལས་ཐོན་པའི་བྱ་ཚིག་གཅིག་གིས་རྒྱུགས་ཞུགས་པ་རྣམས་དྲི་གཞི་གང་དེ་ལྟེ་བར་བྱས་པའི་བྱེད་སྒོའི་ཁོར་ཡུག(情境)གསར་བསྐྲུན་བྱས་ཡོད་དེ། དྲི་བ་འདོན་ས་ནི་བྱ་ཚིག་བསྒྲིབས་གཅིག་པུ་ཡིན་མོད། དྲི་གཞི་འདི་ལ་རྒྱུགས་ཞུགས་པས་བྱ་ཚིག་གང་དེའི་དུས་གསུམ་འབྲི་ཚུལ་རྟོགས་དགོས་པ་དང་བྱ་ཚིག་གང་དེ་བྱ་བྱེད་ཐ་དད་མིན་ཤེས་དགོས་པ་མ་ཟད། རྗེས་འཇུག་སྒྲ་ཡི་འཇུག་ཚུལ་བརྒྱད་ལས་གང་གི་ཁོངས་སུ་གཏོགས་པ་ཡང་ཤེས་དགོས་པས། དྲི་གཞི་འདི་ལྟ་བུ་གཅིག་ནས། “སྔོན་རྗེས་རྟགས་ཀྱི་བྱེད་པ་བཞིའི་འཇུག་ཚུལ་ཤེས་པ་དང་ཡང་དག་པར་སྦྱོར་ཐུབ་པ”⑤ཞེས་པའི་རྩ་འཛིན་དང་ཡོངས་སུ་མཐུན་ལ། བསླབ་གཞི་གསར་པའི་བསྒྱུར་བཅོས་ཀྱི་དགོངས་པའི་དྲི་གཞི་ལྟེ་བར་བྱས་པའི་བྱེད་སྒོའི་ཁོར་ཡུག(情境)ཀྱང་ལེགས་པར་བསྐྲུན་ཐུབ་པ་གང་དེས། སློབ་མའི་བསམ་གཞིག་གི་ནུས་རྩལ་དང་། ཤེས་བྱའི་རྒྱུས་མངའི་ཟབ་ཚད། སློབ་མའི་གཏན་ཚིགས་རིགས་ལམ་གྱི་ཁ་གསལ་ལོས་སོགས་ཀྱང་དུས་གཅིག་ཏུ་བརྟག་ཐུབ་པའི་དགེ་མཚན་མངའོ། །
2024ལོའི་མཐོ་རྒྱུགས་ཀྱི་འགྱུར་ལྡོག་གཞན་ཞིག་ནི2023ལོའི་མཐོ་རྒྱུགས་ལ་དོར་བའི་སྟོང་ཆ་ཁ་སྐོང་གསར་དུ་བསྣན་ཡོད་པ་དེ་ཡིན། བཏོན་པའི་དྲི་གཞི་དག་ཡིན་རྒྱུ་ནི་ཡར་སྔོན་ལོ་དག་གི་ནང་དུ་ཐོན་པའི་ལེགས་བཤད་ཁ་སྐོང་དང་རྩ་ཚིག་ཁ་སྐོང་། རྣམ་གྲངས་འདྲེན་པ་བཅས་ཡིན་མོད། འོན་ཀྱང2024ལོའི་མཐོ་རྒྱུགས་ཀྱི་སྟོང་ཆ་ཁ་སྐོང་གི་དྲི་གཞི་ནི་ལོ་སྔོན་མ་དག་གི་མཐོ་རྒྱུགས་ནང་ཐོན་པའི་གསོན་ཤུགས་མེད་པའི་གླུ་བརྒྱ་ངག་གཅིག་གི་ངང་ཚུལ་དུ་གྱུར་བའི་ཐད་ཀར་རྣམ་གྲངས་འདྲེན་པ་དང་བློ་འཛིན་བརྟག་བཤེར་བྱེད་པའི་བཀག་རྒྱ་ལས་ཡོངས་སུ་གྲོལ་ཏེ། དགེ་སློབ་ཕན་ཚུན་བཀའ་མོལ་གནང་གིན་པའི་ཚིག་སྦྱོར་དུམ་བུ་གཅིག་བཀོད་སྒྲིག་བྱས་པ་དེས། གཙོ་བོར་རྒྱུགས་ཞུགས་པ་གང་དེའི་སྐད་ཡིག་གི་སྐད་ཚོར(语感)གསོ་སྐྱོང་ལ་ཕན་པ་དང་། བསླབ་གཞི་གསར་པའི་སྐད་ཆའི་ཁོར་ཡུག(情景教学)གསར་བསྐྲུན་བྱས་ཡོད་ལ། གཞན་ཡང་དཔྱད་གཞིའི་ནང་གི་སྐད་ཆ། ཨ་མ་ལགས་ཀྱི༵(ཀྱིས)བདག་ལ་མི་ལུས་སྦྱིན། ལྟ་བུ་དང་རྒན་ལགས་ཀྱིས་གནང་བའི་གཞུང་ལུགས་ཁག་དོན་དངོས་ལག་ལེན་ཐོག་ཉམས་ལེན་མ་བྱས་ན་སྙིང་པོ་གང་ཡང་མེད། ཅེས་པའི་བསླབ་བྱ། ཐོས་པ་དང་ཤེས་རབ། ཀ་ཁའི་དབྱངས་རྟ་སྙན་མོ་ཞིག་གངས་རི་དང་རྩྭ་ཐང་གི་ཕང་བར་འཐིམས། ལྟ་བུའི་བརྗོད་དུམ་དག་གིས་སློབ་མ་རྣམས་ཀྱིས་དྲི་བར་ལན་འདེབས་ཐུབ་པ་ཙམ་མ་ཡིན་པར་ལྟ་ཀློག་བྱེད་པའི་བརྒྱུད་རིམ་ཁྲོད་དུ་རང་ཤུགས་ཀྱིས་སློབ་མའི་དྲིན་ཚོར་གྱི་འདུ་ཤེས་གསོ་སྐྱོང་དང་། རྒྱུ་དེ་ལས་འབྲས་བུ་གང་དེ་ངེས་པར་དུ་འབྱུང་ངེས་པའི་རྒྱུ་འབྲས་ཀྱི་ཆོས་ཉིད། སྐད་ཡིག་ལ་དུང་བའི་སེམས་པ། གཞུང་ལུགས་ཁག་དོན་དངོས་ལག་ལེན་ཐོག་ཉམས་ལེན་མ་བྱས་ན་སྙིང་པོ་གང་ཡང་མེད། ཅེས་པ་ལྟ་བུ་རང་རེའི་རྒྱལ་ཁབ་ཀྱི་བསམ་བློའི་ལམ་ཕྱོགས་ཀྱི་དགོངས་པ་དྲིལ་བསྒྲགས་ཐུབ་པ་སོགས་མདོར་ན་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ཀུན་སྤྱོད་ཀྱིས་གཞི་རྟེན་བྱས་ཏེ་མི་སྐྱོང་བའི་སློབ་གསོའི་རྩ་བའི་ལས་འགན་གྱི་དགོངས་པ་དང་ཡོངས་སུ་མཐུན་ཡོད།
རྩོམ་ཡིག་ནི་སྐད་ཡིག་བསླབ་ཚན་ཚད་གཞི་ལས་གསུངས་པའི་ལྟེ་བའི་བྱང་ཚད་དམ་བསླབ་ཚན་གྱི་དམིགས་ཚད་དེ། གསོག་འཇོག་དང་ལེགས་སྒྲིལ། མྱོང་བ་དང་མྱོང་དཔྱད། བསམ་གཞིག་དང་ཤེས་རྟོགས། ཉེར་སྤྱོད་དང་རྒྱ་བསྐྱེད། རྙེད་རྟོགས་དང་གསར་གཏོད་བཅས་ཕྱོགས་ཡོངས་ནས་བརྟག་བཤེར་ཐུབ་པའི་ཐིག་ཤིང་ལྟ་བུར་སེམས། 2024ལོའི་མཐོ་རྒྱུགས་ཀྱི་ལེགས་ཆ་གཞན་ཞིག་ནི་རྩོམ་ཡིག་ལ་སྤྲད་པའི་སྐར་གྲངས་ནི་ལོ་རེ་བཞིན་སྐས་རིམ་བཞིན་འཕར་བའི་རྣམ་པ་འདི་ཡིན། རྩོམ་ཡིག་ཅིག་ལས་མངོན་པ་ནི་བརྡ་སྤྲོད་དང་མིང་ཚིག་བརྗོད་པ། སྐད་ཚོར། གཏན་ཚིགས། མི་གཞི་དང་མི་གཤིས། གསར་གཏོད་དང་ལག་ལེན། བསམ་བློའི་འཁྱེར་སོ། རིན་ཐང་ལྟ་བ་སོགས་ཡིན་ལ། མཐོ་འབྲིང་དགེ་རྒན་རྣམ་པས་རྒྱུགས་ཞུགས་པ་གང་དེའི་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྟོག ངལ་རྩོལ་སོགས་ཕྱོགས་ཡོངས་ལ་བརྟག་བཤེར་བྱེད་པའི་གོ་སྐབས་ལེགས་ཤོས་དང་མཇུག་ཤོས་ལྟ་བུར་སེམས་ལ་དགེ་རྒན་གང་དེས་མི་ཅི་འདྲ་ཞིག་གསོ་སྐྱོང་བྱེད་པ། ཇི་ལྟར་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་སློབ་གསོའི་ཐོག་མའི་གནད་དོན་འདི་ཉིད་ལེགས་སྒྲུབ་ཐུབ་ཡོད་མིན་བརྟག་བཤེར་བྱེད་པའི་རྡོ་ཀ་ཤུ་ཀ་དེ་ཡང་ཡིན་ཕྱིར། རྒྱུགས་འདོན་པས་རྩོམ་ཡིག་གི་སྐར་གྲངས་ཀྱིས་རྒྱུགས་ཤོག་ཧྲིལ་པོའི་སྐར་གྲངས་ཀྱི་གསུམ་ཆ་གཅིག་ལྷག་སྤྲད་པ་ནི་བསླབ་གཞི་བསྒྱུར་བཅོས་གསར་པ་དང་མཐོ་རྒྱུགས་རྩ་འཛིན་གྱི་དགོངས་པ་དང་ཡང་མཐུན་པ་ཞིག་ཡིན་ན། ཡིག་རྒྱུགས་འཆོས་མཁན་གྱི་དགེ་རྒན་རྣམ་པས་ཀྱང་རྩོམ་ཡིག་གི་ལྟར་སྣང་ཕྱི་ཡི་མཛེས་མཛེས་ཙམ་པར་དབུ་མི་གཡེངས་པར་ནང་གི་གློ་སྙིང་མཆིན་སོགས་ལ་ཡང་བརྟག་དཔྱད་ལེགས་པར་གནང་རྒྱུའི་རེ་བ་ཆུང་ངུ་ཞིག་ཀྱང་དབུལ་བ་ལགས།
སྐད་ཡིག་བསླབ་ཚན་ཚད་གཞི་ལས། “ལྟ་ཀློག་དང་མྱོང་དཔྱད་བྱས་ནས། བོད་ཀྱི་སྐད་ཡིག་ལ་དགའ་ཞིང་ཞེན་པའི་བསམ་བློ་ཇེ་ཟབ་ཏུ་གཏོང་བ་དང་། བོད་ཀྱི་རིག་གནས་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། ཕུན་སུམ་ཆོགས་ཤིང་ལོ་རྒྱུས་ཀྱི་རྒྱུན་རིང་བ་ཞིག་ཡིན་པར་ཉམས་ཞིབ་བྱེད་དགོས་པ་མ་ཟད། མི་རིགས་ཀྱི་སྤོབས་པ་དང་རང་བཀུར་རང་གཅེས་ཀྱི་འདུ་ཤེས་ཆེ་རུ་བསྐྱེད་པ་དང་། ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ལ་བག་ཆགས་འཇོག་དགོས་ལ། ཡ་རབས་ཀྱི་སྤྱོད་པར་སློབ་སྦྱོང་བྱས་ཏེ། ཀུན་སྤྱོད་ཇེ་ལེགས་སུ་གཏོང་དགོས”⑥གསུངས་པ་དང་། ཡང་དེ་ལས། “གང་ཐུབ་ཀྱིས་བརྩམས་ཆོས་སུ་སིམ་པའི་མི་རིགས་ཀྱི་སེམས་ཁམས་དང་དུས་རབས་ཀྱི་སྙིང་སྟོབས་ལ་འཚོལ་དཔྱད་བྱས་ཏེ། མིའི་རིགས་ཀྱི་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ཀྱི་འཚོ་བ་དང་ཚོར་འདུའི་འཇིག་རྟེན་ལ་རྒྱུས་ལོན་བྱེད་དགོས”⑦གསུངས། ༢༠༢༤ལོའི་མཐོ་རྒྱུགས་ཀྱི་འདེམ་འཇུག་དྲི་གཞིའི་དཔྱད་གཞི་གསུམ་པ་དང་ལྔ་པ་གཉིས་ལས་དཔྱད་གཞི་གསུམ་པར་འོ་མ་བཞོ་བའི་བཞོ་གླུ་ཞིག་དང་། དཔྱད་གཞི་ལྔ་པར་ཞིང་པའི་དཀའ་སྤྱད་སྙིང་སྟོབས་མཚོན་པའི་སྙན་ངག་རྒྱན་གྱི་དཔེར་བརྗོད་བཏོན་ཡོད། སྤྱིར་ན་དཔྱད་གཞི་གསུམ་པར་རྒྱུགས་འདོན་པས་འབྲོག་ཁུལ་གྱི་འོ་མ་འཇོ་བའི་བཞོ་གླུ་ཞིག་བཀོད་སྒྲིག་བྱེད་པ་ནི། དོན་དུ་ཀྲུང་ཧྭ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བང་མཛོད་ནང་གི་འོད་འཚེར་བའི་བོད་ཀྱི་དམངས་ཁྲོད་ཀྱི་གླུ་གཞས་ཤིག་བཀོད་སྒྲིག་གནང་བ་དེས། མི་རིགས་ཀྱི་སྤོབས་པ་དང་རང་བཀུར་རང་གཅེས་ཀྱི་འདུ་ཤེས་བསྐྱེད་བསྲིང་དང་། ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ལ་བག་ཆགས་འཇོག་པའི་བསམ་བློ་བསྐྱེད་བསྲིང་བྱེད་པའི་དགོས་དབང་ཡོད་པ་མ་ཡིན་ནམ། ཡང་དཔྱད་གཞི་ལྔ་པར་ལྟོས་ན། ཡིན་རྒྱུ་ནི་ངེས་པ་ཕུལ་བྱུང་གི་མཚན་གཞིའི་དཔེར་བརྗོད་ཅིག་ཡིན་ཞིང་། དཔེར་བརྗོད་ལས་ཞིང་པ་རྣམས་ཀྱི་དཀའ་སྤྱད་ཁུར་དུ་བཟོད་པའི་སྙིང་སྟོབས་བརྗོད་པ་བརྒྱུད་དེ། རྒྱུགས་ཞུགས་སློབ་མས་ཀྱང་སྤྱི་ཚོགས་འཚོ་བ་དང་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་དུ་དཀའ་སྤྱད་ཁྱད་བསད་དགོས་པའི་བསླབ་བྱ་གནང་བ་གང་ཞིག དཔྱད་གཞིའི་འདེམ་འཇུག21ནང་གི་གདམ་བྱ་ཁག་ལས་ཞིང་པ་ཚོའི་དཀའ་སྤྱད་ལས་བྱུང་བའི་འབྲུ་རིགས་ལ་གྲོན་ཆུང་གནང་དགོས་པའི་བསླབ་བྱ་གནང་བ་སོགས་ནི་ཚད་གཞི་ལས་གསུངས་པའི་ཡ་རབས་ཀྱི་སྤྱོད་པར་སློབ་སྦྱོང་བྱས་ཏེ། ཀུན་སྤྱོད་ཇེ་ལེགས་སུ་གཏོང་དགོས་པའི་རེ་བ་དང་ཡོངས་སུ་མཐུན་ཡོད། མདོར་ན། དཔྱད་གཞི་གཉིས་པོའི་ནང་དོན་ནི་ཞིང་འབྲོག་གཉིས་དང་འབྲེལ་བ་དེ་ཡང་རྒྱུགས་ཞུགས་པ་སྤྱི་ལ་མཚོན་ན། རང་ཉིད་འཚོ་གནས་ཀྱི་ཁོར་ཡུག་དང་འབྲེལ་བ་ཡིན་ཕྱིར། བསླབ་གཞི་གསར་པའི་བསྒྱུར་བཅོས་ཀྱི་དགོངས་པ་དང་མཐུན་ཡོད། ཡང་གོང་གི་དཔྱད་གཞི་གཉིས་པོའི་ནང་གི་དྲི་གཞི་ཁག་གི་ནང་དོན་ནི་བརྡ་སྤྲོད་ཀྱི་ཤེས་བྱའི་གནད་དང་ཐ་སྙད་འགྲེལ་པ། སྙན་ངག་གི་རྒྱན། ཞིབ་འབྲི། སྐད་བརྡ་སོགས་ཡོན་ཚད་ཀྱི་རིགས་དྲུག་ལས་བརྒལ་མེད་པ་གང་དེས་རྒྱུགས་ལེན་རྩ་ཚིག་དང་ཡང་ཡོངས་སུ་མཐུན་ལ། དྲི་གཞི21ལྟ་བུས་རྒྱལ་ཁབ་ཀྱི་སྲིད་ཇུས་དྲིལ་བསྒྲགས་དང་ཡ་རབས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་་ལ་ཁ་ཕྱོགས་ཐུབ་པ་དང་། དྲི་གཞི20ལྟ་བུས་འཚོ་བའི་རྒྱུན་ཤེས་ཤེས་རྟོགས་ཀྱི་མཐུན་རྐྱེན་བསྐྲུན་པ་སོགས་མདོར་ན་རིག་གནས་ཀྱི་གདེང་ཚོད་ཤུགས་ཆེར་གོང་མཐོར་གཏོང་ཐུབ་ཡོད།
ཉེ་བའི་ལོ་གསུམ་པོ་ནི་རྒྱུགས་གཞིའི་སྒྲིག་གཞིར་འགྱུར་ལྡོག་མང་པའི་ལོ་འགའ་ཡིན་པ་ང་ཚོས་གཤམ་གྱི་རེའུ་མིག་ལས་གཟིགས་ཐུབ།
སྒྲིག་གཞི། | 2022ལོ། | 2023ལོ། | 2024ལོ། | |||||||
དྲི་གཞི་གྲངས། | སྐར་གྲངས། | དྲི་གཞི་གྲངས། | སྐར་གྲངས། | དྲི་གཞི་གྲངས། | སྐར་གྲངས། | |||||
འདེམ་འཇུག་དྲི་གཞི། | 25 | 50 | 25 | 50 | 25 | 50 | ||||
སྟོང་ཆ་ཁ་སྐོང་། | 5 | 5 | 5 | 5 | ||||||
དྲི་བར་ལན་འདེབས་དགོས། | 4 | 5 | 3 | 8 | ||||||
ལྟ་ཀློག་དབྱེ་ཞིབ། | 8 | 16 | 8 | 16 | 8 | 20 | ||||
འཚོལ་དཔྱད་རང་བཞིན་སློབ་སྦྱོང་། | 1 | 5 | 1 | 6 | ||||||
འདེམ་སྦྱོང་། | སྐར15 | |||||||||
རྩོམ་ཡིག | 1 | 50 | 1 | 55 | 1 | 60 | ||||
འོ་ན་འདི་ལྟའི་སྒྲིག་གཞིར་འགྱུར་ལྡོག་མང་བའི་ལོ་ངོ་གསུམ་པོའི་ནང་དུ་དྲི་བར་ལན་འདེབས་པའི་སྒྲིག་གཞི་དོར་བ་གང་དེས་སྐད་ཡིག་བསླབ་ཚན་གྱི་ཚད་གཞི་དང་རྒྱུགས་ལེན་རྩ་འཛིན། བསླབ་གཞི་གསར་པའི་བསྒྱུར་བཅོས་དགོངས་པ་དང་མ་མཐུན་པ་གང་ཞིག རྒྱུགས་ཞུགས་པའི་ད་ལྟའི་དགོས་མཁོ་སྐོང་མ་ཐུབ་པ་ཡིན་ནམ་བརྗོད་ན། དེ་ཡང་མ་ཡིན་ཏེ། ལོ་རེ་བཞིན་རྩོམ་ཡིག་ལ་སྐར་གྲངས་ཇེ་མང་དུ་འགྲོ་བཞིན་པ་དང་། ལྟ་ཀློག་དབྱེ་ཞིབ་ཀྱི་སྐར་གྲངས་ཇེ་མཐོར་འགྲོ་བཞིན་པའི་གོང་གི་རེའུ་མིག་གི་གྲངས་གཞི་འདི་དང་། ལྷག་པར་དུ2024ལོའི་སྟོང་ཆ་ཁ་སྐོང་གི་དྲི་གཞིའི་ལྟ་ཀློག་གི་ཡིག་འབྲུའི་གྲངས་འབོར་ཇེ་མང་དུ་ཕྱིན་པ་འདིས་དྲི་བར་ལན་འདེབས་པའི་སྒྲིག་གཞི་འདི་ཉིད་དོར་བའི་རྒྱུ་རྐྱེན་ལ་ལན་གསལ་པོར་བཏབ་ཡོད་སྙམ། དེ་ཡང་ཡིན་ཏེ། བསླབ་གཞིའི་གསར་པའི་བསྒྱུར་བཅོས་ཀྱི་དགོངས་དོན་ནི་སློབ་མ་རྩ་བར་བཟུང་ནས་སློབ་མའི་བསམ་གཞིག་གི་ནུས་རྩལ་དང་དབྱེ་ཞིབ་ཀྱི་ནུས་པ། མཛེས་ཚོར་ནུས་པ་སོགས་སྔོག་འདོན་བྱས་ཏེ་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་བྱ་རྒྱུ་ཡིན་པས། དྲི་བར་ལན་འདེབས་རྒྱུའི་སྐར་གྲངས་དག་ལྟ་ཀློག་དབྱེ་ཞིབ་དང་རྩོམ་ཡིག་སོགས་ལ་བསྣན་པ་དེ་དག་ནི་བསླབ་གཞི་གསར་པའི་བསྒྱུར་བཅོས་དགོངས་པ་དང་རྒྱུགས་ལེན་རྩ་འཛིན་གྱི་དགོངས་པ་དང་ཡང་མཐུན་ཡོད།
གཞན་ཡང་། དྲི་གཞི5. 6. 13. 14. 17. 23. 33. ལ་སོགས་པས་རྒྱུགས་ཞུགས་པའི་སྐད་ཚོར་དང་སྐད་ཡིག་ཉེར་སྤྱོད། སྐད་ཆའི་གཏན་ཚིགས་དང་སྐད་ཆའི་བེད་སྤྱོད་སོགས་མཐོར་འདེགས་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ཡོད་པ་ནི་2024ལོའི་མཐོ་རྒྱུགས་ཀྱི་ལེགས་ཆ་གཞན་ཞིག་ཡིན་པར་སེམས།
2024ལོའི་མཐོ་རྒྱུགས་ཀྱི་འདེམ་འཇུག་དྲི་གཞི་བརྒྱད་པར། བྱ་ཚིག“བསྒྲིབས”འདི་རྗེས་འཇུག་སྒྲ་ཡི་འཇུག་ཚུལ་བརྒྱད་ལས་གང་ཡིན་མིན་དབྱེ་བ་འབྱེད་དུ་བཅུག་ཡོད་པ་དང་། ཡང་འདེམ་འཇུག་དྲི་གཞི19པར། “རྣམས་དང་། ཞིང་། སོམ”བཅས་གསུམ་པོ་རྗེས་འཇུག་སྒྲ་ཡི་འཇུག་ཚུལ་བརྒྱད་ལས་གང་ཡིན་མིན་འབྱེད་པའི་དྲི་གཞི་གཅིག་ཀྱང་ཐོན་ཡོད། དྲི་གཞི་རིགས་གཅིག་པ་ཞིག་རྒྱུགས་གཞི་གཅིག་གི་སྟེང་དུ་ཟློས་ནས་བཏོན་པ་གང་དེར་རྒྱུགས་འདོན་པའི་ངོས་ནས་བརྗོད་ན་དགོས་པ་གལ་པོ་ཆེ་ཡོད་དུ་སྲིད་མོད། འོན་ཏང་སྐད་ཡིག་གི་རྒྱུགས་ལེན་རྩ་འཛིན་ལས་བཤད་པའི་ཤེས་བྱའི་ཁྱབ་ཁོངས་ལ་ལྟོས་ན་ཐེངས་འདིའི་ཡིག་རྒྱུགས་ནང་མ་ཐོན་པའི་དྲི་གཞིའི་རིགས་ཀྱང་གཞན་དག་ཡོད་ཕྱིར། བསྐྱར་ཟློས་མི་དགོས་པར་སེམས།
སྐད་ཡིག་བསླབ་ཚན་གྱི་ཚད་གཞི་ལས། “དུས་དང་རྣམ་པ་ཀུན་ཏུ་མ་རྟོགས་པའི་འཇིག་རྟེན་ལ་སྤྲོ་སྣང་ཆེན་པོ་བཅངས་ཏེ། ཐ་དད་འཚོལ་ཞིབ་དང་གསར་པ་བརྩོན་ལེན་བྱེད་ཕོད་ཅིང་། སློབ་སྦྱོང་གི་ཁྱབ་ཁོངས་གསར་པ་ལ་ཕྱིན་ནས་བྱེད་ཐབས་གསར་པ་སྦྱོང་བ་དང་། བསམ་གཞིག་བྱེད་སྟངས་གསར་པ་དང་མཚོན་ཐབས་གསར་པ་འཚོལ་བར་བརྩོན་སྙེག་བྱེད་དགོས”⑧ཞེས་པའི་དགོངས་པ་ལ་ཞིབ་པར་བསམ་པ་དང་ཆབས་ཅིག་རང་ཉིད་ཀྱི་བསམ་ཚུལ་བརྗོད་ན། འཚོལ་དཔྱད་རང་བཞིན་གྱི་སློབ་སྦྱོང་ནི་བསླབ་གཞི་གསར་པ་ལས་གསུངས་པའི་སློབ་མའི་སྒེར་གཤིས(个性发展)འཕེལ་རྒྱས་ཀྱི་སྒོ་མོ་གཏན་པའི་སྣང་བ་ཞིག་ཀྱང་འབྱུང་གིན་འདུག མཐོ་འབྲིང་བསླབ་གཞིའི་ནང་དུ་བཀོད་སྒྲིག་བྱས་པའི་འཚོལ་དཔྱད་རང་བཞིན་གྱི་སློབ་སྦྱོང་ཞེས་པའི་སྡེ་ཚན་ནང་དུ་བཀོད་སྒྲིག་བྱས་པའི་ནང་དོན་ལ་གཞིགས་ན། དོན་ངོ་མར་སློབ་མའི་བསམ་གཞིགས་དང་གསར་གཏོད། སྒེར་གཤིས་འཕེལ་རྒྱས། རིག་གནས་རྒྱུད་འཛིན་དང་དར་སྤེལ། སྐད་ཡིག་གི་རྨང་གཞི་གསོ་སྐྱོང་སོགས་གང་སྤྱིར་སྨན་པའི་ནང་དོན་འབའ་ཞིག་ཏུ་ངེས་ན་རྒྱུགས་གཞིའི་སྒྲིག་གཞིའི་ནང་དུ་འཚོལ་དཔྱད་རང་བཞིན་གྱི་སློབ་སྦྱོང་ཡོད་ན་ལེགས་པར་སེམས།
མདོར་ན། ཕྱོགས་ཡོངས་ནས་མཐོ་རྒྱུགས་ལ་དབྱེ་ཞིབ་བྱེད་པ་ནི་གང་ཟག་གཅིག་གི་རང་བློ་སྦྲང་གཤོག་ཙམ་གྱིས་བསྒྲུབས་ཐུབ་པའི་བྱ་བ་གཏན་ནས་མ་ཡིན་ཕྱིར། མ་འཇོན་མཛོ་ཁལ་གླང་འགེལ་བྱེད་ཁུལ་ནི་དྲན་དབང་བཞད་གད་ཀྱི་རྒྱུ་རུ་སོང་ཡོད་ན། ད་ཐེངས་ཀྱི་དབྱེ་ཞིབ་འདི་ལ་ཡང་འགལ་བ་དང་ནོར་བ་དང་། འཁྲུག་པའི་ཆ་ཡང་ཤིན་ཏུ་མང་ངེས་ན་རང་ཉིད་ཀྱིས་སླར་ཡང་སྐད་ཡིག་བསླབ་ཚན་ཚད་གཞི་དང་རྒྱུགས་ལེན་གྱི་རྩ་འཛིན། དེ་བཞིན་མཐོ་རྒྱུགས་ཀྱི་རྒྱུགས་གཞི་སོགས་ལ་ནན་ཏན་གྱི་སློབ་སྦྱོང་ཞུ་རྒྱུ་ཡིན་ལ། དགེ་བའི་བཤེས་གཉེན་རྣམ་པས་ཀྱང་བཀའ་སློབ་ཀྱི་སྦྲང་ཆར་ཟིལ་མ་དབབ་རྒྱུའི་རེ་བ་ཡང་མཐའ་གཅིག་ཏུ་ཞུ་རྒྱུ་ལགས།
① ⑤བོད་རང་སྐྱོང་ལྗོངས་མཐོ་རིམ་སློབ་གྲྭ་དཀྱུས་མར་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་ལེན་སྐད་ཡིག་བསླབ་ཚན་གྱི་རྒྱུགས་ལེན་རྩ་འཛིན་དང་གསལ་བཤད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོའི་དཔར་གཞི་དང་པོ། ཤ1 ཤ26
②③⑥⑦ ⑧བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཀྱི་སློབ་གསོ་ཐིང་གིས་མཉམ་འབྲེལ་གྱིས་གཏན་ལ་ཕབ་པའི་མཐོ་རིམ་སློབ་འབྲིང་གི་སྐད་ཡིག་བསླབ་ཚན་ཚད་གཞི།(ཚོད་ལྟ)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2010ལོའི་ཟླ་བ་ལྔ་པའི་དཔར་གཞི་དང་པོ། ཤ32 ཤ14 ཤ11 ཤ15 ཤ13
④མཐོང་བ་མྱོང་གྲོལ་སྤྱི་སྟེགས་ལས་དྲངས། ༢༠༢༤ལོའི་ཟླ་བ་བདུན་པའི་ཚེས9སྤེལ།
འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།
མཐོ་འབྲིང་བོད་ཡིག་དཔྱད་གཞི།
༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།
《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག
གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།