རྒྱབ་གཟུགས། བསྟན་འཛིན་རང་གྲོལ།

文摘   2024-08-22 08:08   中国  


རྒྱབ་གཟུགས།

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༢ འཛིན་གྲྭ(༡༥)

 བསྟན་འཛིན་རང་གྲོལ། 



ང་རང་ཁོང་གིས་རྒྱབ་ནས་ནར་ལ་སོན།

    འཇིག་རྟེན་འདི་རུ་ཨ་མ་གཅིག་པུ་བཟང་ཞེས་པའི་གླུ་དབྱངས་སྙན་མོ་དེ་སྒྲ་འཛིན་གྱི་བཅུད་དུ་འགྱུར་ཐེངས་རེར། ངའི་ཡིད་ལམ་དུ་ལྷམ་མེར་དྲན་པ་ནི་རྨོ་བོ་ལགས་ཡིན།

   དྲན་པའི་ཡུལ་ནས་ཡལ་ཐབས་མེད་པའི་ཁོང་གིས། ང་རང་ཆུང་སྦར་མོའི་དུས་ལ་འཁྱགས་ལྟོགས་གཉིས་ཀྱིས་མནར་བའི་སེམས་ཁྲལ་གྱིས་སྒོ་ང་བཞིན་གཅེས་པར་བསྐྱངས་ལ། ནར་སོན་སྐབས་འཚོ་བའི་དཀའ་ཁག་ཡོད་ཚད་སེལ་བའི་གདམས་པ་བཙལ། དེ་ལྟར་ཆེ་ཆུང་གང་གི་གནས་སྐབས་ཀྱང་ང་དང་འབྲེལ་བའི་སེམས་ཁྲལ་དང་གཏན་ནས་བྲལ་མ་མྱོང་།

   རྨོ་བོ་ལགས་འཇིག་རྟེན་གྱི་ཆོས་ཉིད་ནི་སྡུག་བསྔལ་གྱི་རང་བཞིན་ཡིན་ཞེས་པ་ཅིས་མ་བདེན། ང་རང་ལོ་གསུམ་ལ་གསོན་སྐབས་སྤོ་བོ་ལགས་ཚེ་ལས་འདས། དུས་དེ་ནས་བཟུང་ཁྱིམ་ཚང་ནང་གི་འགན་འཁྲི་ཚང་མ་ཁྱེད་རང་གི་ཕྲག་ཐོག་ཏུ་ལྷུང་། བྲག་རྡོ་ཆེན་པོ་དེ་ལྟ་བུ་ཞིག་ལྷུང་སྐབས་ཁྱེད་རང་ཡིད་ཐང་ཆད་སོང་ངམ། མིན། འདི་ལྟ་བུ་ཞིག་གཏན་ནས་མིན། ཁྱེད་རང་དེ་ལས་ཀྱང་བློ་སྟོབས་ཆེར་བསྐྱེད་ཀྱིས། འཚོ་བའི་དཀའ་སྡུག་དང་འཐབ་རྩོད་དྲག་པོ་ཞིག་གནང་།

    ཀླད་མེད་ཀྱི་བྱིས་པ་ངས་གཉིད་ཀྱི་ཞིང་དུ་ཞི་ལྷོད་སྒོ་ནས་ཡུར་སྐབས་སུ་ཁྱེད་རང་སྔ་པོ་ནས་ལངས་ཏེ་ཁྱིམ་ཚང་གི་སྒོ་ར་ཁང་ཁྱིམ་ལ་བྱི་དོར་བྱེད་བཞིན་ཡོད། དེ་ནས་སྐེ་རགས་ཆེ་ཞིང་སྦོམ་པ་ཞིག་ཁྱེར་ནས་ང་རང་ཁྱེད་ཀྱི་སྒལ་རྒྱབ་ལ་ཁུར་སྐབས་ང་ནི་གཉའ་གནོན་དང་ཁུར་པོ་ཞིག་ཏུ་གྱུར་ཡང་ཁྱེད་ཀྱིས་འཁང་ར་བྱས་པ་རྩ་བ་ནས་ཐོས་མ་མྱོང་། འོན་ཏེ། ངས་ཁྱེད་རང་གི་སྒལ་པའི་སྟེང་ནས་ཉི་མའི་འཆར་ནུབ་མཐོང་མྱོང་ལ་དུས་བཞིའི་འགྱུར་བ་ཡང་མཐོང་མྱོང་། ཡིན་ཡང་། ཁྱེད་རང་གིས་མྱངས་མྱོང་བའི་སྡུག་བསྔལ་དང་དཀའ་ཁག་དག་ང་ལ་མཐོང་དུ་འཇུག་མ་མྱོང་།

   ལོ་ན་ཆུང་དུས་ཀྱི་ཁྱེད་རང་ནི་དཀར་གཙང་གི་བཞིན་རས་སྟེང་དམར་མདངས་རྒྱས་པའི་མཁུར་ཚོས་ཡོད་ལ། བྱ་རྒྱལ་རྒོད་པོའི་གཤོག་ཟུང་འདྲ་བའི་རྨིག་མའི་འོག་ཏུ་དྭངས་གཙང་གི་སྤྱན་ཟུང་གཉིས་ཡོད། འོན་ཀྱང་། འཚོ་བའི་དཀའ་སྡུག་གི་ཁྲོད་ཁྱེད་རང་གི་མཛེས་མའི་རྣམ་པ་དེ་དུས་ནམ་ཡང་མཚམས་སྤྲིན་བཞིན་དུ་ཡལ། གནག་ཅིང་སྣུམ་པའི་སྐྲ་ལོ་ནག་པོ་དེ་ཡང་སྐད་ཅིག་སྐད་ཅིག་ལ་དུང་ལྟར་དཀར་བ་ཞིག་ཏུ་གྱུར། མི་མང་པོ་ཞིག་གིས་དེ་དག་མཐོང་ཚེ་ཁྱེད་རང་ནི་རྒས་ཁོག་ཅིག་གི་གཟུགས་བརྙན་དུ་མཐོང་སྲིད་ཀྱང་། ངའི་བློ་ངོར་དུས་ནམ་ཡང་འཆར་བ་ནི་མཛེས་སྡུག་གི་ལང་ཚོས་ཕྱུག་པའི་སྐབས་ཀྱི་ཁྱེད་རང་ཡིན།

   རྒ་བའི་སྡུག་བསྔལ་གྱིས་ཡོངས་སུ་གཙེས་པའི་སྐབས་སུ་ལས་གང་ལ་ཡང་འཇུག་མ་ཐུབ་ཀྱང་། ཁྱེད་རང་གི་བློ་ངོར་བསམ་རྒྱུ་དང་དྲན་རྒྱུ་ནི་ང་གཅིག་པུ་ལས་མེད། དེང་སྐབས་ང་རང་སློབ་གྲྭར་འགྲོ་དགོས་རྐྱེན་ཁྱེད་རང་དང་གཤིབ་པའི་དུས་ཚོད་ཉུང་བས། ཁྱེད་ལ་ལྷོད་གཡེང་ཤོར་བ་དང་ཁ་ཡ་མི་བྱེད་པའི་སྣང་བ་སྟེར་སྲིད། འོན་ཀྱང་། རྨོ་བོ་ལགས། ཆུང་དུས་ཁྱེད་ཀྱི་སྒལ་པ་ནི་ངའི་ཁང་ཁྱིམ་ཞིག་ཏུ་གྱུར་ཡོད་པས་ང་རང་ནར་སོན་རྗེས་ངའི་ཕྲག་པ་འདི་ཁྱེད་རང་ངལ་གསོ་བྱེད་ས་ཞིག་ཏུ་འགྱུར་རྒྱུ་ལས་ཁ་ཡ་མི་བྱེད་པར་འཇོག་ག་ལ་སྲིད། ཁྱེད་ཀྱིས་ང་རང་རྒྱབ་ཏུ་འཁུར་ནས་ལ་ལུང་མང་པོ་རྒྱབ་ཡོད་ལ་དུས་བཞིའི་ཚ་གྲང་ཚང་མ་མྱོང་དུ་བཅུག་ཡོད་པ་བརྗེད་དུ་མེད་པས། ང་ནི་ནམ་ཡང་ཁྱེད་རང་དང་མཉམ་དུ་ལག་གདང་སྦྲེལ་ནས་ཁྲོམ་དུ་བསྐོར་རར་འགྲོ་རྒྱུར་དགའ་བའི་བུ་མོ་ཆུང་ཆུང་དེ་ཡིན།

    རྨོ་བོ་ལགས། ཁྱེད་རང་བདག་གི་རྨོ་བོ་ཡིན་ལ་དེ་བས་ཀྱང་ཨ་མ་ཞིག་ཀྱང་ཡིན། ཁྱེད་རང་གི་སྐུ་གཟུགས་དེ་ཉིན་རེ་ལས་མ་འདས་པར་ཇེ་ཞན་ཇེ་ཞན་དུ་འགྲོ་སྲིད་ལ་དུང་ལྟར་དཀར་བའི་སྐྲ་ལོ་དེ་ཡང་ཇེ་མང་ཇེ་མང་དུ་འགྲོ་སྲིད་པ་ཁོ་མོས་ཤེས་ཀྱང་། རང་གཤེད་ཚ་བའི་བུ་མོ་ངས་། ད་དུང་ཡང་ཁྱེད་དུས་ནམ་ཡང་ང་དང་མཉམ་དུ་གནས་རྒྱུར་རེ་སྒུག་བྱེད་བཞིན་ཡོད།


ཟུར་ཁྲིད་དགེ་རྒན།  འཆི་མེད་དབང་མོ།  









འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།


མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ



通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章