བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན།
ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༡ འཛིན་གྲྭ(༡༢)
སྤེན་སྒྲོན།
བཤེས་གཉེན་ནི་སློབ་བུ་ཞིག་ལ་ཆ་མཚོན་ན་མ་རིག་པའི་རྨོངས་པའི་མུན་པ་སེལ་བར་བྱེད་མཁན་སྒྲོན་མེ་དང་འདྲ་ལ། རང་ཉིད་ཀྱི་མི་ཚེའི་མདུན་ལམ་ཁ་ཕྱོགས་གསལ་སྟོན་གནང་མཁན་གྱི་ལམ་སྣེ་བ་ཞིག་དང་གཉིས་སུ་མ་མཆིས། བཤེས་གཉེན་ནི་རང་ཉིད་ཀྱི་ཕ་མ་གཉིས་པ་ཡིན་ཞེས་བརྗོད་མཁན་ཡོད་ལ། དེ་བས། དགེ་བའི་བཤེས་གཉེན་ནི་དཔྱིད་ཀྱི་སྦྲང་ཆར་དང་འདྲ་ལ། ང་ཚོ་ནི་དཔྱིད་ཀྱི་སྦྲང་ཆར་གྱིས་གསོས་པའི་རྩྭ་ཡི་མྱུ་གུ་རེ་རེ་ཡིན ཁྱེད་ནི་དྲོད་འཇམ་གྱི་ཉི་མ་ཡིན་ལ་ང་ཚོ་ནི་ཉི་འོད་འོག་ཏུ་འཚར་ལོངས་བྱུང་བའི་མེ་ཏོག་ཞིག་ཀྱང་ཡིན།
ཁྱེད་ཀྱི་ཤེས་བྱ་མཐའ་མེད་ཡངས་པའི་མཁའ་དབྱིངས་ཀྱི་དབུས་སུ། ཐོས་ནོར་གྱི་འོད་སྣང་བྱིན་ནས་སློབ་བུའི་བློ་གྲོས་པད་མ་འབྱེད་པར་བྱས། ཀུན་ཏུ་འགྲིབ་པའི་ཀྱག་ཀྱོག་གི་ལམ་བུའི་སྟེང་སྣང་བ་མཐའ་ཡས་ཀྱི་རབ་རིབ་ཡིད་ཀྱི་མུན་པ་འཇོམས་པར་བྱེད། གཞན་ཕན་གྱི་ལྷག་བསམ་དཀར་པོའི་ཡིད་དང་ཞི་དུལ་བག་ཡོད་ཀྱི་སྤྱོད་བཟང་། ཞི་འཇམ་ཡ་རབས་ཀྱི་སྤྱོད་ཚུལ་དག་ལས་གྲངས་ལས་འདས་པའི་སློབ་མའི་ཡིད་ཀྱི་བརྟན་པ་འཕྲོག་ནས་ང་ཚོ་རང་དབང་མེད་པར་སྨག་རུམ་མུན་པའི་ཀློང་ནས་སྣང་བ་གྲོགས་སུ་བསྟེན་དུ་བཅུག གལ་སྲིད་ཁྱེད་མེད་ན་ང་ནི་སྔ་ས་ནས་མི་ཚེའི་ལམ་ཆེན་དུ་འགྱེལ་ནས་ཡར་ལངས་རྒྱུའི་བསམ་བློ་མི་གཏོང་ལ་ཡར་ལངས་བའི་ནུས་པ་དང་སྤོབས་པ་དེ་བས་ག་ལ་ཡོད་སྲིད།
སློབ་ཆུང་ལོ་དྲུག་དང་དམའ་འབྲིང་ལོ་གསུམ་གྱི་བཤུལ་ལམ་རིང་མོའི་སྟེང་ང་ལ་འཕྲད་པ་ནི་སློབ་སྦྱོང་ཐོག་གི་དཀའ་སྡུག་དང་ཕམ་ཁ་དེ་ཡིན། བཀའ་དྲིན་ཅན་གྱི་རྒན་ལགས་ཁྱེད་མེད་ན་ང་ནི་རང་གིས་རང་བསླུས་ནས་མི་ཚེའི་ཁ་ཕྱོགས་མ་རྙེད་པར་མཐོ་འབྲིང་འགྲིམ་པའི་གོ་སྐབས་འདི་ནི་སྔ་ས་ནས་ཤོར་ཟིན་ལ་ལང་ཚོའི་དོན་སྙིང་དེ་ཡང་མ་རྟོགས་པར་འཁྱམ་པོ་ཞིག་ཏུ་འགྱུར་ནས་ལང་ཚོ་རྡོག་རོལ་དུ་བཏང་ནས་བསྡད་པ་ལས་མ་འདས། ཁྱེད་ཀྱི་བྱམས་བརྩེས་བུ་མོ་ང་རྨོངས་གཉིད་ལས་བསད་དུ་བཅུག ཁྱེད་ཀྱི་ངང་རྒྱུད་ཀྱིས་ང་ལ་མི་ཚེའི་རིན་ཐང་རྙེད་དུ་བཅུག ཁྱེད་ཀྱི་བཀའ་སློབ་དྭངས་མས་ང་ནི་ཕ་མའི་བུ་ཕྲུག་བཟང་པོ་ཞིག་ཏུ་འགྱུར་རུ་བཅུག བཤེས་གཉེན་དམ་པ་ཁྱེད་ཀྱི་བཀའ་དྲིན་གཞལ་དུ་མེད། ང་རང་ཡང་བཤེས་གཉེན་ཁྱེད་ཀྱིས་གསུངས་པའི་བཀའ་སློབ་བདུད་རྩི་འདི་རང་ཉིད་ཀྱི་རྒྱགས་ཆེར་འཁུར་ནས་མཐོ་འབྲིང་ནང་སློབ་ལ་བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་སློབ་གཉེར་ལ་འབུངས་བཞིན་ཡོད་པས་སྦྱངས་འབྲས་ཀྱང་མི་དམན་ཙམ་ཐོབ་བྱུང་། བདག་ལ་ད་གཟོད་གཞི་ནས་སློབ་གཉེར་གྱི་སྤྲོ་སྣང་དང་མི་ཚེ་ཡི་རིན་ཐང་ཡང་རྙེད་བྱུང་།
བཀའ་དྲིན་ཅན་གྱི་བཤེས་གཉེན་དམ་པ་ཁྱེད་ནི་ང་དང་ང་འདྲ་བའི་སློབ་བུ་བརྒྱ་སྟོང་གི་ལམ་སྟོན་སྒྲོན་མེ་དེ་ཡིན། ཁྱེད་ཀྱི་བཀའ་སློབ་ནི་དྭངས་གཙང་གི་ཆུ་མོ་དང་འདྲ་སྟེ་ང་ཚོའི་ལུས་ཀྱི་མི་གཙང་དྲི་མ་གཙང་མར་བཀྲུས། བཤེས་གཉེན་ལགས་ཁྱེད་ཀྱི་བཀའ་དྲིན་ནི་མཐའ་ཡས་རྒྱ་མཚོ་ལས་ཟབ་ལ་རི་རྒྱལ་ལྷུན་པོ་ལས་ཀྱང་མཐོ་བར་ཡོད།
ངས་མི་ཚེའི་བཤུལ་ལམ་ཁྲོད་ཕམ་ཁ་ནི་རྒྱལ་ཁའི་རྩ་བ་ཡིན་པའི་གནས་ལུགས་ཟབ་མོ་དེ་གདམས་ངག་ཏུ་བསྒོམ་ནས་ཀྱག་ཀྱོག་དང་གཡང་གཟར་གྱི་བགྲོད་དཀའ་བའི་མི་ཚེའི་འགྲོ་ལམ་ཐོག་སྐྱོ་སྣང་དང་སྤོབས་པ་མི་ཞུམ་པར་ཕུགས་བསམ་གྱི་ཆེད་དུ་མདུན་སྐྱོད་ཀྱི་གོམ་པ་ནམ་ཡང་སྤོ་མཚམས་འཇོག་མི་སྲིད།
ཟུར་ཁྲིད་དགེ་རྒན། ཚེ་རིང་དཔལ་སྐྱིད།
འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།
མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།
༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།
《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག
གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།