སེམས་ཀྱི་རྨ་ཁ།
མྱང་ཆུའི་ཟེགས་མ།
-༡-
གཡང་ཆགས་པའི་ཡུལ་སྐྱིད་པོ་མྱང་སྟོད་ཤེལ་དཀར་རྒྱལ་རྩེ་ནི་བདག་རང་གི་ལྟེ་ཁྲག་ལྷུང་ཞིང་འཚར་ས་སྐྱེས་སའི་ཕ་ཡུལ་འཁྲུལ་མེད་དེ་ཡིན། ང་རང་སློབ་ཐར་སོང་བའི་སྤྱི་ལོ་གོ་བདུན་ལོ་ནས་ད་བར་འདས་ཟིན་པའི་ལོ་ངོ་འདི་དག་ནང་། ཡུལ་འདིར་བདག་ལ་མཐོ་དབང་ཐང་ཅན་གྱི་དཔོན་རིགས་ཀྱི་གོ་ས་དང་། བར་རྒྱུ་འབྱོར་པས་ནོམས་པ་ཞིག་བདག་ལ་ག་ལ་དབང་། ནམ་ཡང་ཞིང་གྲོང་དགེ་རྒན་དཀྱུས་མ་ཞིག་གི་མིང་ཐོགས་ནས། ཧུར་བརྩོན་ཆེན་པོས་སློབ་གསོ་སློབ་ཁྲིད་ཀྱི་རང་འགན་ལ་འབད་ཅིང་། རིང་རྒྱུ་ཐུང་རྒྱུ་མེད་པའི་མི་ཚེ་འདིར་རྫོགས་རྟགས་ལེགས་པོ་ཞིག་བཀོད་ཐུབ་པའི་རེ་བ་བྱེད་བཞིན་ཡོད། འདས་ཟིན་པའི་དུས་ཚོད་དེའི་ནང་ངའི་ཡིད་དབུས་སུ་ཆེས་ངོམས་སུ་ཆོག་པ་ནི་མིག་འོག་ཏུ་འཚར་ལོང་བྱུང་ཞིང་། ནང་སའི་སློབ་འབྲིང་དུ་ཚུད་པའི་ཕ་ཡུལ་གྱི་བྱིས་པ་ཚོའི་འཚམ་འདྲིའི་ཁ་པར་རེ་རེ་དང་། ཡང་སྐབས་འགར་ཁོ་ཚོ་དང་གསོལ་ཇ་མངར་མོ་ཕར་བཀྱག་ཚུར་བཀྱག་བྱེད་པའི་མཉམ་འཛོམས་ཀྱི་རྣམ་པ་ནི་ཅི་འདྲའི་གཞན་ལ་ངོམ་ཆོག་པའི་རིན་བྲལ་གྱི་ནོར་བུ་ཞིག་ལྟར་ངའི་ཡོད་ཚད་དང་ཡོད་ཚད་དུ་གྱུར་ནས་ཡོད།
-༢-
འཇམ་དཔལ་དང་བཀྲ་ཤིས། ཕུར་མཚམས་དང་གཡང་སྐྱིད་ལྟ་བུའི་ནང་སའི་སློབ་འབྲིང་ལ་ཚུད་པའི་སློབ་མ་ཁོང་ཚོས། དྲིན་ཆེ་བའི་ཕ་མ་དང་དགེ་རྒན་ཚོའི་བཀའ་གསུང་ཅི་སྒྲུབ་ཞུས་ཏེ། ཅ་ཅོའི་སྨྲ་བ་ཉུང་ཞིང་སློབ་སྦྱོང་ལ་བརྩོན་པ་ཆེ་བས། སློབ་ཆུང་ལོ་ངོ་དྲུག་ནང་ཁོ་ཚོའི་སློབ་སྦྱོང་གི་སྦྱངས་འབྲས་ནི་གཞན་ལ་ངོམས་སུ་ཆོག བདེན་པ་ཡིན། ཁོང་ཚོ་ནི་ཕ་མ་དང་ང་ཚོ་དགེ་སློབ་ཚང་མས་བསྟོད་པའི་ཡུལ་ཁོ་ན་སྟེ། ང་ཚོ་ཚང་མའི་སེམས་ནང་གི་ལྷ་ཕྲུག་ཅིག་ལས་ལྷག་ཆེ། དེ་ལྟར་ནང་སའི་སློབ་འབྲིང་དུ་ཡིག་རྒྱུགས་འཕྲོད་པའི་གྲུབ་འབྲས་དེའི་རྗེས་སུ། ང་ཚོས་མི་ཚོགས་ཀྱིས་མཐའ་ནས་བསྐོར་བའི་རྫོང་རིའི་ཐང་ཆེན་དུ་ཁོ་ཚོའི་གཟུགས་ལས་རིང་བའི་དཀར་གཙང་ཁ་བཏགས་གིས་བརྒྱན་ཅིང་། དགའ་འབོད་ཀྱི་མཆོད་ཆང་ཕར་བཀྱག་ཚུར་བཀྱག་བྱས་ཏེ་ཕ་ཡུལ་གྱི་ཡུལ་གྲུ་འདི་ལས་ཕ་མཐའ་ཡས་པའི་ཐག་རིང་གི་ཡུལ་དུ་ཤེས་རིག་གི་བདུད་རྩི་ལེན་པར་མངགས་ཏེ། འབྱུང་འགྱུར་ཕ་ཡུལ་འཕེལ་རྒྱས་ལ་མཁོ་བའི་ཕུལ་བྱུང་གི་མི་སྣ་ཞིག་ཆགས་རྒྱུར་ཡིད་ཆེས་བཅོལ་ནས་ཡོད། དེས་མ་ཚད་ཡུལ་མི་ཚོས་ཁོ་ཚོ་ནི་རང་ཕྲུག་ཚོར་མིག་ལྟོས་ཀྱི་མི་སྣར་ནམ་ནམ་ཞར་ཞར་དུ་གླེང་བཞིན་ཡོད་ལ། སློབ་གྲྭའི་ནང་ང་ཚོ་དགེ་རྒན་ཚོས་ཁོ་ཚོ་ནི་སློབ་མ་ཚོར་སྐུལ་ལྕག་བྱེད་པའི་ཞིམ་ཟས་ཤིག་ལྟར་ཁ་ཞོར་སྣ་ཞོར་དུ་ངོམ་བཞིན་ཡོད། ད་དུང་བརྙན་འཕྲིན་དང་འཁྱུག་དབྱིངས་སྟེགས་བུ་བརྒྱུད་ནས་ཁོ་ཚོའི་སྦྱངས་འབྲས་གང་སར་བསྒྲགས་ཤིང་། དབུ་ཁྲིད་རིམ་བྱུང་ཚོའི་དབུ་འཕང་གཞན་ལས་མཐོ་རུ་བཏང་སྟེ་ཚང་མའི་བཞིན་ལས་འཛུམ་ཞལ་ལྷུག་པར་གྲོལ་བ་ནི་ཅི་འདྲའི་བསྔགས་འོས་པའི་དོན་ཞིག་མ་ཡིན་ནམ།
འོན་ཏེ། བུ་ཆུང་དང་བསམ་གྲུབ། མཚམས་གཅོད་དང་ཕུར་རྒོད་ལྟ་བུའི་སློབ་མའི་ཚོགས་ནི་དགོས་པའི་སློབ་སྦྱོང་ལ་བརྩོན་སེམས་ཞན་ཁར། རང་ཉིད་རང་གཅུན་མི་ཐུབ་པའི་བྱིས་པའི་རང་གཤིས་དེར། སྤྱོད་ཡོན་ཞན་པའི་ཞྭ་མོ་མཛེས་པོ་ཞིག་གིས་བརྒྱན་ཏེ་ནམ་ཡང་སློབ་མ་ཁྱུ་ཚོགས་དེའི་བང་རིམ་གྱི་མཇུག་བསྐྱངས་ནས་ལམ་ཟུར་གྱི་རྩྭ་ཕྲན་ཞིག་ལྟར་སུ་ཞིག་གིས་ཀྱང་གླེང་བར་མི་འདོད་པར་གནས་ཡོད། ད་དུང་སྐྱིད་ལུས་དང་རྒོད་སྐྱེས་ཀྱི་དམངས་གླུ་ཁྱར་ཁྱོར་དེ་ངོམ་ཆོག་པའི་གཅེས་ནོར་ཞིག་ལྟར། གཅུན་མི་ཐུབ་པའི་བྱིས་བློའི་རང་གཤིས་དེ་དང་བསྟུན་ནས་ལེན་དུས། སློབ་སྦྱོང་ལ་བརྩོན་པ་ཆེ་བའི་སློབ་མ་ཚོའི་བརྩོན་སེམས་ཀྱི་རྟ་ཕོ་འདྲོག་པའི་བྱེད་པོར་མངོན་ཏེ། ཡང་དག་མི་ཚེའི་སློབ་གསོ་མྱོང་བར་དགེ་རྒན་གྱི་གཞུང་ལས་ཁང་དུ་མ་བོས་རྟག་འབྱོར་གྱི་མགྲོན་བཞིན་གྱུར་ནས་ཡོད། ད་དུང་སློབ་མ་པ་རྒོད་དང་ཕུར་དོན་གཉིས་པོས་ང་ཤོར་ཁོ་ཤོར་གྱི་མི་རྒོད་དང་སྤྲེའུའི་རི་མོས་ས་སྨྱུག་སྒམ་ཆུང་སྟོང་པར་བཏང་བའི་དོན་དེ། ལས་རེས་པས་མཐོང་རྗེས་གཟའ་འཁོར་གཅིག་གི་འཛིན་གྲྭ་ཧྲིལ་པོའི་སྐར་མ་ཀླད་ཀོར་དུ་བཏང་ཁར། སློབ་གྲྭའི་གཉེར་པས་ང་ཚོ་དགེ་སློབ་ཚང་མར་སྤྱི་རྫས་གང་འདོད་དུ་སྤྱད་པའི་བཀའ་སྐྱོན་ཚད་མེད་གནང་དུས། ཁོ་གཉིས་ནི་མི་རྒོད་དང་སྤྲེའུའི་བཞིན་ལས་སྡུག་ཅིང་འཚུབ་པ་ང་ཚོ་སློབ་ཁྲིད་པའི་མིག་ཟུང་དུ་མངོན་ཡོང་། དེ་ལྟར་ཁོ་ཚོ་ནི་སུ་ཞིག་གིས་མཐོང་མི་འདོད་པའི་རྐང་འོག་གི་རྩྭ་ཕྲན་ཞིག་ལྟར་ཡོད་དུས། སང་ལོའི་དཔྱིད་རླུང་དེས་ཁོ་ཚོར་བསམ་ཡུལ་ལས་འདས་པའི་མངོན་མེད་ཀྱི་སྟོབས་ཤུགས་ཤིག་སྦྱིན་ནས་ས་གཞི་བརྟོལ་བའི་ལྡེམ་ཤུགས་ཤིག་རྒྱས་ཏེ། ང་ཚོ་སུ་ཞིག་ལ་ཕན་པའི་རེ་འདོད་གྱི་འབྲས་བུ་ཏིལ་ཙམ་དྲན་མ་མྱོང་། ནམ་ཡང་དྲན་པའི་ངོས་ལས་བརྗེད་ཐབས་མེད་པའི་ངའི་འཚོ་བའི་ཁོར་ཡུག་གང་དེར། ང་ཚོ་ཚང་མར་མཁོ་བ་ནི་ཡིག་རྒྱུགས་རེ་རེའི་རྗེས་ཀྱི་སྐར་གྲངས་དེ་ཡིན་ལ། སྐར་གྲངས་དེས་བྱིས་པ་ཚོ་ཕུགས་བསམ་ལ་ཕྱོགས་པའི་ལམ་བུ་བསྟན་ཞིང་། མ་འོངས་འཚོ་བའི་རྒྱགས་ཕྱེའི་ས་བོན་ཁོ་ནར་གྱུར་བའི་གཏན་སྲོལ་དེ། ང་ཚོའི་ཕ་ཡུལ་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ནས་ཡོད་དུས། ང་ཚོ་དགེ་རྒན་ཚོས་ཀྱང་བླང་དོར་འབྱེད་པའི་མེ་ལོང་ཞིག་ལྟར་གྱི་གཏན་སྲོལ་དེ་སྙིང་ཁོངས་རུས་པའི་གཏིང་དུ་བཅངས་ནས། ལམ་བུ་དེའི་སྟེང་དུ་ཉིན་མཚན་དབྱེར་མེད་འབད་འབུངས་བྱེད་བཞིན་ཡོད།
-༣-
ལོ་གསར་རྗེས་ཀྱི་ཞོགས་པ་དེར། ལྷབ་ལྷུབ་ཏུ་གཡོ་བའི་ཁང་སྟེང་གི་དར་ལྕོག་དག ང་རང་གི་མིག་འོག་ཏུ་འཚར་བའི་བྱིས་པ་ཚོས་ཕུགས་བསམ་གྱི་ལམ་དུ་བགྲོད་པ་ལྟར། ཞོགས་པའི་རླུང་བསིལ་ཁྲོད་དུ་ཅི་འགར་གཡོ་བཞིན་འདུག དུས་མཚུངས་ངས་ཆུང་ཆུང་མིག་ལ་མཛེས་པའི་དྲན་གསོའི་ས་བོན་གཏོར་ཞིང་། གྲོང་ཚོའི་ཉེ་འཁོར་གྱི་སྲང་ལམ་བསྐོར་ཏེ། ཕ་ཡུལ་གྱི་རྣམ་པ་གསར་པའི་འབྲུ་གུ་འཐུ་བར་སོང་། དེ་དུས་ངས་ཆུ་འབུར་མིག་གིས་ཡུལ་མི་ཚོའི་བྱ་སྤྱོད་གཏམ་གསུམ་དང་། ཉེ་འཁོར་གྱི་རྣམ་པ་གང་ཞིག་ལ་ཡིད་འཇོག་བྱེད་དུས། རེ་བས་ཁེངས་པའི་ངའི་ཡིད་དབུས་སུ་ནམ་ཡང་བསུབ་ཐབས་མེད་པའི་རྨ་ཁ་ཞིག་ཕུག་ཡོང་།
བསམ་གྲུབ་མོག་མོག་ཁང་། ངས་ལམ་ཟུར་དེ་ལས་འབྲུ་ཚའི་གཟུགས་ལས་བརྒྱན་པའི་སྒོ་བྱང་དེ་མཐོང་ཞིང་། རླངས་པ་སྐྱ་ཐུལ་ཐུལ་དུ་འཕྱུར་བའི་སྒེའུ་ཁུང་དེའི་མདུན་ན་རྒན་དར་གཞོན་གསུམ་གྱི་མི་བུ་མང་པོ་གྲལ་དུ་འཁོད་ནས་འདུག
ང་རང་ཁོ་ཚོའི་གྲལ་མཇུག་ནས་རིམ་གྱིས་སྒེའུ་ཁུང་གི་འཁྲིས་སུ་སླེབས་དུས། ཤ་དར་ཁྲག་དར་གྱི་གཞོན་ནུ་ཞིག་མིག་ལམ་དུ་མངོན་ཡོང་། ངས་སྒོར་བཅུའི་མོག་མོག་ཚོང་རོགས་ཞེས་བཤད་མ་ཐག ཨ་ཙི། རྒན་ལགས་རེད་འདུག ཕྱག་ཕེབས་གནང་བྱུང་ཟེར། ཁོས་ཁ་རས་ཕུད་ཅིང་ལག་ཟུང་འཕྱིས་ཙམ་བྱས་ཏེ་སྒེའུ་ཁུང་ལས་ང་ལ་ལག་པ་བསྲིངས་ཡོང་། ང་ནི་རྒན་ལགས་ཁྱེད་རང་གི་སློབ་མ་བསམ་གྲུབ་ཡིན་ལགས། གློ་བུར་དུ་ངའི་ཡིད་ངོར་སློབ་ཆུང་དུས་ཀྱི་ཁོའི་མི་སྡུག་པའི་བྱད་བཞིན་དང་། རྩུབ་ཅིང་རྒོད་པའི་རང་གཤིས་དེ་ལྷང་ངེར་དྲན་དུ་བཅུག ཡར་ཕེབས་དང་རྒན་ལགས། མ་མཇལ་ཡུན་རིང་། ཞེས་སྐད་ཆ་དག་ཡ་རབས་ཚིག་ལ་སྒྲིལ་ནས་ང་ནང་དུ་བསུས་ཤིང་ཇ་སྲུབ་མ་དཀར་ཡོལ་འབྲུག་རིས་བརྒྱན་པ་གཅིག་བཀྱགས་ཡོང་། དེ་ལྟར་གཏམ་ཕར་བཤད་ཚུར་བཤད་བྱེད་པའི་ཁྲོད། ཁོས་སྤོབས་པ་ཆེན་པོས་འདས་དང་ད་ལྟའི་དཀའ་སྡུག་གི་ལམ་ཕྲན་ཁྲོད་ནས་རྙེད་པའི་ཁོའི་བདེ་སྐྱིད་ཀྱི་འཛུམ་ཆུང་བསྟན་ཡོང་ལ། འབྱུང་འགྱུར་ལམ་བུ་དེ་དེ་བས་ལེགས་པར་ཡོང་བའི་འཆར་འགོད་ཀྱི་སྐྱ་རིས་ཤིག་ང་ལ་ཡིད་ཆེས་ཆེན་པོས་ནན་གྱིས་བཤད་ཡོང་། དེས་མ་ཟད། གྲོང་ཚོའི་ལྷོ་ཕྱོགས་ཀྱི་ཁང་པ་གཅིག་ཐོག་མ་དེར་ཁང་མིག་བཅུ་ཙམ་ཡོད་ཅིང་། དེར་ང་ཚོའི་སློབ་གྲོགས་མཚམས་གཅོད་ཀྱིས་འཐག་ར་བཙུགས་ནས་བུད་མེད་གཞོན་ནུ་ཚོའི་སྔོན་ཐོན་སྣེ་ཁྲིད་པའི་མཚན་སྙན་བླངས་ཏེ་འབྱོར་འབྲིང་ལམ་ཆེན་ཐོག་ཕ་ཡུལ་གྱི་བུད་མེད་ཚོར་མིག་ལྟོས་ཀྱི་མི་སྣར་གྱུར་ཡོད་ཟེར། ད་དུང་སློབ་མ་སྐྱིད་ལུས་ཀྱིས་གྲོང་ཁྱེར་དུ་བོད་ཟས་གཙོ་བོར་བྱས་པའི་ནང་མ་སྤྲོ་སྐྱིད་ཁང་ཞིག་བཙུགས་ནས་ཚོང་ལས་གཉེར་ཚུལ་དང་། སྐབས་དེ་དུས་ཁོ་ཚོ་དང་འདྲ་བའི་སློབ་མ་མང་དག་ཅིག་ནང་སའི་སློབ་འབྲིང་དུ་ཡིག་རྒྱུགས་འཕྲོད་མེད་ཀྱང་། དཀའ་སྤྱད་ལྡབ་འགྱུར་བྱེད་པའི་སྙིང་སྟོབས་ཆེར་བསྐྱེད་དང་། ཡང་དག་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག རང་རང་གི་ལག་ཟུང་ལ་བརྟེན་ནས་ཕྱུག་འགྱུར་གྱི་མི་སྣ་དང་། རྒྱལ་ཁབ་ཀྱི་ལས་བྱེད་དུ་གྱུར་བའང་མང་པོ་ཡོད་ཅེས་ང་ཚོ་དགེ་རྒན་སུ་ཞིག་གིས་དེ་སྔོན་དྲན་མ་མྱོང་ཞིང་། རེ་བ་ཏིལ་ཙམ་བཅངས་མི་འདོད་པའི་སློབ་མ་དེ་དག ད་ལྟ་རྐང་པ་བརྟན་དུ་བཙུགས་ནས་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་རྐང་འཛིན་མི་སྣར་གྱུར་ཏེ། མི་ཚེའི་རིན་ཐང་མངོན་པའི་གནས་ཚུལ་མཐོང་ཐེངས་རེར། ངའི་ཡིད་དབུས་སུ་ནམ་ཡང་དྲན་མ་མྱོང་བའི་ཆུང་དུས་ཁོ་ཚོའི་མངོན་མེད་ཀྱི་ས་རྒྱུ་དེར། ལུགས་མཐུན་གྱི་བདག་སྐྱོང་དང་སོ་ནམ་མ་བྱས་པའི་གནོང་འགྱོད་ཀྱི་ཚ་རླབས་ཤིག་རུས་གཏིང་ནས་གཅིག་ལངས་གཅིག་འཇགས་སུ་བྱེད།
-༤-
དེ་རིང་ངས་ཁ་སང་གི་འདས་དོན་ལ་ནན་གྱིས་བསམ་གཞིག་ཅིག་བྱེད་དུས། བྱིས་པ་ནི་བརྡར་མ་མྱོང་བའི་གཡང་ཊི་རེ་རེར་མཐོང་ཞིང་། གལ་ཏེ་ང་ཚོས་གཡང་ཊི་ལ་རྡོ་ཡི་འདུ་ཤེས་བཟུང་ནས་བརྡར་ན་ཕལ་ཆེར་གཡང་ཊིའི་རིན་ཐང་མེད་པར་འགྱུར་ངེས་ལགས། དེ་བས་ང་ཚོས་སའི་གོ་ལའི་སྟེང་གི་ལྗོན་ཤིང་རིགས་ལ་བལྟས་པས་ཀྱང་རྟོགས་ཐུབ་སྟེ། ལ་ལར་འབྲས་བུ་ཐོགས་ཤིང་ཁ་ཤས་ལ་འབྲས་བུ་མི་སྨིན། འབྲས་བུ་ཐོགས་པའི་སྡོང་པོའི་ཁྲོད་ལས་ཀྱང་ལ་ལར་སྨིན་པ་ནི་ཀུ་ཤུ་དང་ཁ་ཤས་ལ་ཐོགས་པ་ནི་སི་ཏོག་ཁམ་བུའོ། །འབྲས་བུ་ཐོགས་པའི་ལྗོན་ཤིང་རིགས་ཀྱིས་ང་ཚོར་སིལ་ཏོག་མཁོ་སྤྲོད་བྱེད་ཐུབ་ཅིང་། འབྲས་བུ་མི་ཐོགས་པའི་སྡོང་པོའི་རིགས་ནི་ཤིང་ཁང་ལས་བྱེད་ཀྱི་རྒྱུ་ཆར་འགྱུར་ངེས། གནད་འགག་ནི་ང་ཚོས་བྱེད་ཐབས་གང་འདྲ་ཞིག་སྤྱད་དེ་ཁོ་ཚོའི་རང་སྟེང་གི་རིན་ཐང་དེ་གསོ་སྐྱོང་དང་ལག་ལེན་བྱེད་ཐུབ་མིན་ལ་རག་ལུས་པ་ཙམ་མོ། །
འོ་ན་སློབ་གསོ་གཉེར་བའི་མཐར་གཏུགས་ཀྱི་དམིགས་ཡུལ་གང་ཡིན་ཞེས་དྲི་ན། བྱས་པ་དྲིན་ཚོར་ཅན་གྱི་མི་ཞིག་གསོ་དགོས། ཡ་རབས་ཀུན་སྤྱོད་ལྡན་པའི་མི་ཞིག་གསོ་དགོས། དཀའ་སྡུག་བཟོད་བསྲན་ཐུབ་པའི་མི་ཞིག་གསོ་རྒྱུ་ནི་སློབ་གསོ་གཉེར་བའི་དམིགས་ཡུལ་ངོ་མ་དེ་ཡིན་པར་ངེས་སོ། །
དེས་ན། སློབ་གསོ་དོན་གཉེར་ཅན་གྱི་སྐྱེ་མཆོག་ཚོ། ཕྱུགས་རིགས་རྒྱགས་གསོ་བྱེད་པ་ལྟ་བུའི་ཡིག་རྒྱུགས་ཁོ་ནར་གཙིགས་སུ་འཛིན་ནས་གཅིག་གི་དོན་དུ་སུམ་ཅུ་བློས་གཏོང་བའི་སློབ་ཁྲིད་ཀྱི་ཐབས་ལམ་སྐྱོ་པོ་དེ་མེད་པར་བྱས་ཏེ། ཆུང་དུས་ནས་ཞིང་ས་ལྟ་བུའི་ཁོ་ཚོའི་ཁམས་དང་མོས་པར་འཚམ་པའི་གཅིག་མཚུངས་ཀྱི་རྨོ་འདེབས་གནང་ཐུབ་ན། མ་འོངས་བྱིས་པ་ཚོའི་མདུན་ལམ་ཡངས་ཤིང་ཆེ་ལ། ང་ཚོ་དགེ་རྒན་ཚོའི་བྱས་འབྲས་ལ་འོད་ཟེར་འཕྲོ་ངེས། དེས་མ་ཟད། ང་ཚོ་ཚང་མའི་རིང་མིན་ཐུང་མིན་གྱི་མི་ཚེ་འདིར། གནོང་འགྱོད་མེད་པའི་དཔྱིད་རླུང་བསིལ་བུ་ཞིག་གི་བསུ་མས་ཚེ་མཇུག་ལ་སྤྲོ་དགའི་ཚོར་སྣང་ཞིག་སྟེར་བར་ངེས་སོ ། །
འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།
མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།
༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།
《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག
གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།