ཉེ་ཆར་གཞུང་ལས་ཁང་དུ་ན་གཞོན་རྒན་ལགས་ཤིག་གིས“སྦྱོང་ཚན་བཟོ་བཅོས་བྱེད་པར་སློབ་ཕྱིའི་དུས་ཚོད་མང་པོ་དགོས་ཀྱི་འདུག ནོར་བ་མང་པོ་མཐོང་དུས་སེམས་པ་མི་སྐྱིད་པ་ཡོང་བ་མ་ཟད་དཀའ་ལས་ཁག་གིས”ཞེས་ཁོ་བོར་བརྗོད། རྒན་ལགས་མང་པོས་སྐད་ཆ་དེར་མོས་མཐུན་བྱེད་ངེས་རེད། བཟོ་རྒྱུར་ལུས་པའི་སྦྱོང་ཚན་འབྲི་དེབ་དང་ཚོད་རྒྱུགས་ཤོག་ལྷེ་གཅིག་ཐོག་གཅིག་བརྩེགས་དག་མཐོང་ཡོང་དུས། སྤྱིར་བཏང་རྒན་ལགས་རྣམ་པའི་སེམས་པ་ཟང་ཟིང་དུ་མི་འགྱུར་བ་ག་ལ་སྲིད། ལས་ཀ་འདི་ནི་ཆེས་བསྐྱར་ཟློས་ཅན་ཞིག་ཡིན་དུས། བྲོ་བ་དེ་ཙམ་མེད་པའི་ཟས་ཤིག་དང་འདྲ་ལ་གསར་གཏོད་ཀྱི་ཁྱད་ཆོས་དེ་ཙམ་མེད་པས། ཉོབ་སྣང་བྱུང་སྲིད་པ་དང་ལུས་སེམས་དུབ་པའི་ལས་ཤིག་རེད་ཅེས་བརྗོད་ཆོག དེ་ཡང་ངེས་པར་ཡིན་ཆོག་པ་ཞིག་ཏུ་བསམ། ཁོ་བོས་སྦྱོང་ཚན་བཀོད་སྒྲིག་མ་བྱས་སྔོན་གྱི་གྲ་སྒྲིག་ཇི་ལྟར་བྱེད་མིན་དང་། སྦྱོང་ཚན་བཀོད་སྒྲིག་བྱེད་སྟངས། སྦྱོང་ཚན་བཟོ་བཅོས་བྱེད་ཐབས་བཅས་ལ་དམིགས་ནས། ཚོད་ལྟ་དང་ཞིབ་དཔྱད་བྱས་པ་བརྒྱུད། གཤམ་གྱི་ཉམས་མྱོང་བཞི་དེ་ཁྱེད་དང་བགྲོ་གླེང་ཞུ་བ་ལས། ལེགས་བླང་སྐྱོན་བརྗོད་གང་འཚམ་གནང་རོགས།
དང་པོ། དཀའ་རྙོག་གི་རྩ་བ་ནི་ཤེས་བྱ་གསོག་འཇོག་གི་འབོར་ཚད་དང་ཤེས་བྱ་ཉེར་སྤྱོད་ཀྱི་ནུས་རྩལ་གཉིས་དོ་མཉམ་མི་བྱུང་བ་དེར་འདོད།
དེང་སྐབས་རང་རེའི་སློབ་གསོའི་ལམ་ལུགས་ནང་སློབ་ཐུན་གཙང་སེལ་དང་གཟའ་འཁོར་གཙང་སེལ། གཟའ་འཁོར་ཡིག་རྒྱུགས། གཟའ་འཁོར་བློ་འཛིན། ཐ་ན་ཉིན་གཉིས་རེའི་དཔོད་བྲིས་སོགས་ཤེས་བྱ་གསོག་འཇོག་གི་ཐབས་ཤེས་སྣ་ཚོགས་སྤྱད་དང་སྤྱོད་བཞིན་ཡོད། བྱ་བ་དེ་དག་ཤེས་བྱ་གསོག་འཇོག་ལ་དམིགས་པའི་གནང་སྟངས་ཙམ་དུ་མཐོང་མོད། འོན་ཀྱང་ང་ཚོས་སློབ་མའི་ཤེས་བྱ་ཉེར་སྤྱོད་ཀྱི་ནུས་རྩལ་སྦྱོང་བརྡར་དང་ནུས་རྩལ་གོང་མཐོར་གཏོང་བའི་ཐད་བསམ་བློ་མི་བཏང་བ་ཡིན་ན། སློབ་མས་གསོག་འཇོག་བྱས་པའི་ཤེས་བྱ་མང་པོ་དེ་དག་སློབ་སྦྱོང་གི་འཁུར་པོར་འགྱུར་བ་ལས་གཞན་འབྲས་བུ་ཅི་ཞིག་ཐོབ་ཡོད་དམ། འདིར་བསམ་ན་ངེས་པར་ཐོབ་མེད་པར་འདོད། དེའི་རྐྱེན་གྱིས་ང་ཚོས་ད་བར་སློབ་མའི་སྦྱོང་ཚན་བཟོ་བཅོས་བྱེད་སྐབས་ནོར་འཁྲུལ་མང་པོ་ཐོན་པའི་དཀའ་རྙོག་ལས་གྲོལ་མི་ཐུབ་པར་མུ་མཐུད་དེ་ལུས་བཞིན་ཡོད་པས། དཀའ་རྙོག་དེ་སེལ་བར་ཐོག་མར་སློབ་མའི་ཤེས་བྱ་གསོག་འཇོག་དང་ཤེས་བྱ་ཉེར་སྤྱོད་གཉིས་དོ་མཉམ་ཡོང་དགོས་པ་དེ་ཤིན་ཏུ་གལ་ཆེ་བར་མཐོང་། ཤེས་བྱ་ཉེར་སྤྱོད་ཀྱི་ནུས་རྩལ་དེས་ཤེས་བྱ་གསོག་འཇོག་གི་གོམ་སྟབས་རྗེས་མི་ཟིན་པས། གསོག་འཇོག་བྱས་པའི་ཤེས་བྱ་མང་པོ་དེ་དག་འཁུར་པོར་འགྱུར་བ་ལས། ཡང་སྙིང་ནུས་རྩལ་ཅི་ཞིག་ཐོབ་ཡོད། ང་ཚོས་རང་སེམས་རྣལ་དུ་ཕབ་ནས་གནད་དོན་དེར་ལྡོག་དྲི་ཞིག་གནོངས་དང་། དྲི་བ་དེར་འཚམ་པའི་ལན་ཞིག་ཁྱེད་ཀྱི་བློ་ངོར་ཁྲ་ལྷམ་མེར་གསལ་སྲིད།
གཉིས་པ། སློབ་མ་རྣམས་བསླབ་གཞིའི་ནང་དོན་དང་བསམ་བློའི་འཇིག་རྟེན་ནས་ལག་པ་འགུལ་བའི་བྱེད་སྒོའི་ནང་ཁྲིད་སྟོན་བྱེད་དགོས། སླར་ཡང་ལག་འགུལ་བྱེད་སྒོ་ལས་བྱུང་བའི་ཉམས་མྱོང་དེ་བསམ་བློར་འགྱུར་བར་བྱས་ནས། དེ་དག་རང་ཉིད་ཀྱི་སྐད་ཆས་སྒྲིག་འཛུགས་བྱས་ཏེ་བརྡ་སྤྲོད་དང་མཐུན་པར་འབྲི་ཐུབ་རྒྱུར་སྦྱོང་བརྡར་རབ་དང་རིམ་པ་བྱེད་དགོས།
ཡིན་ཏེ། སློབ་མར་རང་ཉིད་ཀྱིས་དངོས་སུ་མྱོང་བ་དང་དངོས་སུ་མཐོང་ཐོས་བྱུང་བའི་བྱ་དངོས་གླེང་བརྗོད་དང་ཟིན་བྲིས་བརྒྱབ་པ། དེའི་སྐོར་གྱི་རྩོམ་ཡིག་སོགས་འབྲི་རུ་བཅུག་དགོས། གལ་སྲིད་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་དང་རྩོམ་འབྲིའི་མིང་ཚིག་སོགས་འབྲེལ་བ་བྱེད་མི་ཐུབ་ན། སློབ་མས་ཚིག་གིས་དོན་བརྗོད་མི་ཐུབ་པ་དང་འབྲེལ་མེད་དོན་གཞན་གྱི་མིང་ཚིག་སྤུངས་ནས་སྐད་ཆ་གཏན་ཚིགས་མེད་པ་ཁོ་ན་བརྗོད་ནས་སྙིང་པོ་མེད་པའི་བྱ་བ་ཞིག་ཏུ་འགྱུར་རྒྱུ་ལས་གཞན་ཅི་ཡང་མེད། དེས་ན་སློབ་མའི་མཐོང་ཐོས་མྱོང་གསུམ་གྱི་ལག་ལེན་གྱི་བྱེད་སྒོ་དངོས་ལས་བྱུང་བའི་བྱ་དངོས་འབྲི་རུ་བཅུག་པ་དང་། ཅིས་ནས་སྐྱང་ཕྱོགས་བསྡོམས་བྱེད་དུ་བཅུག་དགོས། བྱེད་ཐབས་འདིས་སློབ་མའི་སྐད་ཆ་སྒྲིག་འཛུགས་ཀྱི་ནུས་རྩལ་དང་ཤེས་བྱ་ཉེར་སྤྱོད་ཀྱི་ནུས་རྩལ་གོང་མཐོར་གཏོང་ཐུབ་པས། ང་ཚོར་སྦྱོང་ཚན་བཟོ་བཅོས་ཀྱི་དཀའ་རྙོག་སེལ་ཐུབ་རྒྱུར་ཕན་པ་མི་དམན་པ་ཐོན་ཐུབ། ཁྱེད་ནས་གོམ་པ་རིམ་བགྲོད་ཀྱིས་ཚོད་ལྟ་གང་མང་མང་གནང་དང་། དེའི་དགེ་མཚན་ཅི་འདྲ་ཡིན་པ་གསལ་ལེར་མཁྱེན་ཐུབ། གུས་པས་འདིར་ཉོག་བཤད་མང་པོ་བྱེད་མི་དགོས་ཏེ་ལག་ལེན་དངོས་ནས་ར་སྤྲོད་བྱེད་ཐུབ་བོ། །
གསུམ་པ། སློབ་ཚན་ཧྲིལ་པོར་དགེ་རྒན་གྱིས་འཆད་འཁྲིད་རྐྱང་རྐྱང་མི་གནང་བར། ཆེད་དམིགས་ཀྱིས་དུས་ཚོད་བཀོད་སྒྲིག་བྱས་ནས། སློབ་མས་རྒྱུན་པར་ནོར་སླ་བའི་ཕྲད་ཀྱི་སྦྱོར་བ་དང་། མིང་ཚིག་གི་དག་ཆ། རྒྱན་གྱི་སྦྱོར་ཚུལ་སོགས་འབྲི་སྦྱོང་བྱས་ནས་བློར་ངེས་ཐུབ་རྒྱུར་ཤུགས་སྣོན་དང་དེ་དག་ཉེར་སྤྱོད་ཐུབ་རྒྱུར་སྦྱོང་བརྡར་གནང་དགོས།
ཁ་དཔེར། བྱིས་པ་དག་ཡིག་ཁ་ནས་སྐྱོར། །མ་དག་ཡི་གེ་ལག་ཁས་བྲིས། །ཞེས་གསུངས་པ་ལྟར། དཔེར་ན། སློབ་མ་མང་པོས་བྱེད་འབྲེལ་གྱི་ཕྲད་སྦྱོར་རྟག་ཏུ་ནོར་བ། རྒྱན་སྡུད་སོགས་སྔ་མའི་དོན་དང་མཐུན་པར་སྦྱར་མི་ཤེས་པ། བྱ་བྱེད་ལས་གསུམ་གྱི་གནད་འགག་ལ་ངོས་འཛིན་གསལ་པོ་མེད་པ། བྱ་བྱེད་ཐ་དད་མིན་དང་བདག་གཞན་སོགས་ཀྱི་ཤེས་བྱའི་ངོ་བོ་མི་རྟོགས་པ། ལྷག་པར་དུ་བྱ་ཚིག་གི་རྣམ་གཞག་ལ་རབ་ཏུ་རྨོངས་པ། སྙན་ངག་གི་རྒྱན་སོགས་བློར་ཡོད་ཀྱང་ཉེར་སྤྱོད་མི་ཤེས་པ་སོགས། མིག་མཐོང་ལག་འཛིན་གྱི་གནད་དོན་དུ་མ་གཅིག་མཇུག་གཉིས་མཐུད་ངང་ཐོན་དང་ཐོན་བཞིན་ཡོད་པས། སྦྱོང་ཚན་བཟོ་བཅོས་ཀྱི་དཀའ་རྙོག་སེལ་དགོས་ན། སློབ་ཚན་སྐབས་ཆེད་དམིགས་ཀྱིས་སྦྱོང་བརྡར་ངེས་པར་དུ་གནང་དགོས། མ་གཞི་ནས་སློབ་ཚན་ཧྲིལ་པོ་དགེ་རྒན་གྱིས་ཁ་ལྦུ་བ་སོབ་སོབ་ཁ་ནའི་དབང་དུ་སོང་བའི་འཆད་འཁྲིད་རྐྱང་རྐྱང་གནང་བའི་སློབ་ཁྲིད་ཐབས་ལམ་དེ་རིགས་ངེད་ཅག་གི་སྔར་གྱི་སློབ་གསོའི་ལམ་ལུགས་ནང་མཐོང་རྒྱུ་མེད་ལ། དེ་བས་དེང་རབས་སློབ་གསོའི་གར་སྟེགས་ནས་རྒྱང་འབུད་བཏང་ཟིན་པ་རེད།
བཞི་པ། སློབ་མས་སྦྱོང་ཚན་ལེགས་གཙང་ཞིག་འབྲི་ཐུབ་རྒྱུར། དགེ་རྒན་གྱིས་སྦྱོང་ཚན་བཀོད་སྒྲིག་མ་བྱས་སྔོན་ལ་གྲངས་ཚད་དང་སྤུས་ཚད། དཀའ་སླ་སོགས་བཀོད་སྒྲིག་ཇི་ལྟར་བྱེད་མིན་གྱི་གྲ་སྒྲིག་ཞིབ་ཚགས་པོ་གནང་དགོས།
ངེས་པར་ཡིན་ཏེ། བྱེད་ཐབས་འདི་ནི་སྦྱོང་ཚན་གྱི་ནོར་འཁྲུལ་ཉུང་དུ་གཏོང་བ་དང་ནོར་འཁྲུལ་བཀག་འགོག་ཐུབ་རྒྱུར་ནུས་པ་ཐོན་ཐུབ་པས། དེ་ནི་སྦྱོང་ཚན་བཟོ་བཅོས་ཀྱི་དཀའ་རྙོག་སེལ་ཐབས་ཡག་ཤོས་ཀྱི་གྲས་ཤིག་ཡིན། གཞན་ཡང་། དགེ་རྒན་ཉམས་མྱོང་ཅན་ལ་བཀའ་འདྲི་ཞུས་ནས་སྦྱོང་ཚན་བཟོ་བཅོས་ཀྱི་དཀའ་རྙོག་སེལ་ཐབས་སློབ་སྦྱོང་ཞུ་དགོས་གལ་ཆེ། དེ་ནི་ན་གཞོན་རྒན་ལགས་རྣམ་པས་ངེས་པར་དུ་གནང་དགོས་པའི་བྱ་བ་བཟང་པོ་ཞིག་རེད། དེ་མིན་སློབ་གྲྭའི་གཞུང་ཕྱོགས་ནས་སྦྱོང་ཚན་གྱི་འཁུར་པོ་ཡང་དུ་གཏོང་རྒྱུར་གཙིགས་ཆེན་གནང་དགོས་ལ། སྦྱོང་ཚན་གྱི་གྲངས་ཚད་དང་སྤུས་ཚད་སོགས་དོ་མཉམ་ཡོང་རྒྱུ་གཙོ་བོར་འཛིན་པའི་གནང་ཕྱོགས་ཐད། དོན་སྙིང་ཡོད་པའི་སློབ་དཔྱོད་བྱེད་སྒོ་སྤེལ་རྒྱུར་མཛུབ་སྟོན་དང་། སྐུལ་ལྕགས། འཆར་འགོད་སོགས་གནང་དགོས། གང་ལྟར་ང་ཚོས་ཤེས་བྱ་གསོག་འཇོག་གི་གྲངས་འབོར་ཁོ་ན་གཙིགས་སུ་འཛིན་ནས་ཤེས་བྱ་ཉེར་སྤྱོད་ཀྱི་ནུས་རྩལ་གོང་མཐོར་གཏོང་མི་ཐུབ་ཚེ། སྦྱོང་ཚན་བཟོ་བཅོས་ཀྱི་དཀའ་རྙོག་ལས་གྲོལ་དཀའ་བ་ཞིག་རེད།
སྙིང་ནས་བརྩེ་བའི་ལས་རོགས་ལགས། ད་ཐེངས་འདིར་ཁོ་བོས་ཁྱེད་དང་སྦྱོང་ཚན་བཟོ་བཅོས་ཀྱི་དཀའ་རྙོག་སེལ་ཐབས་སྐོར་ལ་བགྲོ་གླེང་སྟབས་བདེ་ཞིག་ཞུས་ཡོད་པས། ངའི་མྱོང་གཏམ་དེ་དག་གིས་ཁྱེད་ཀྱི་ལས་ཀའི་ངལ་དུབ་སེལ་བའི་གྲོགས་སུ་འགྱུར་བའི་ཡིད་ཆེས་ཡོས་ལ་དེ་ལྟར་དུ་འགྱུར་བར་སྨོན་འདུན་ཞུ། ང་ཚོས་དུས་ཚོད་ཐུང་ཐུང་ཞིག་བེད་སྤྱད་ནས་ལས་ཆོད་ཆེན་པོ་ཞིག་ཐོབ་འདོད་ན། དཀའ་རྙོག་སེལ་ཐབས་བཞི་འདིར་ཚོད་ལྟ་གང་མང་མང་དང་གང་དྲག་དྲག་གནོངས་དང་། ཁྱེད་ཀྱི་ཞལ་ནས་མཛུམ་མདངས་ཤིག་མངོན་ཐུབ་རྒྱུར་ང་རང་ཡིད་ཆེས་ཡོད། ད་ཐེངས་ཁྱེད་དང་ཉམས་མྱོང་བརྗེ་རེས་ཞུ་བྱ་དེ་ཙམ་ལགས། ས་ཕྱོགས་གང་སར་རྨང་གཞིའི་སློབ་གསོར་བཞུགས་པའི་དགེ་རྒན་གྱི་ཕྱག་ལས་གནང་མཁན་ཁྱེད་ལ། ཐུགས་རྗེ་ཆེ་ཞུའོ། །
འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།
མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།
༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།
《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག
གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།