ཟླ་རྒྱུགས་བོད་སྐད་ཡིག་རྒྱུགས་གཞི་ལས་འཕྲོས་པའི་དབྱེ་ཞིབ་གང་དྲན་མ།

文摘   2024-09-26 12:30   西藏  


ཟླ་རྒྱུགས་དང་པོའི་བོད་སྐད་ཡིག་རྒྱུགས་གཞི་ལས་འཕྲོས་པའི་དབྱེ་ཞིབ་གང་དྲན་མ།

ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་།   

དགེ་མིང་འཛིན་པ་ཚེ་རིང་རྡོ་རྗེ།





འཇམ་དཔལ་གཞོན་ནུ་ཉིད་དང་དབྱེར་མེད་པའི། །

དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ནས། །

ཟླ་རྒྱུགས་དང་པོའི་བོད་ཡིག་རྒྱུགས་ཤོག་གི། །

ལན་འདེབས་ཚུལ་ལས་ཚུར་སྣང་བྱས་ཡོང་བའི། །

གནས་དོན་དག་ལ་ལེགས་སྤེལ་ཉེས་འགོག་གིས། །

དབྱེ་ཞིབ་ཚུལ་དུ་སློབ་མའི་ཚོགས་རྣམས་ལ། །

གང་ཐུབ་གསལ་གྲོས་ཤིག་ནི་འདེབས་རོགས་ཞེས། །

གྲོགས་མཆོག་ཉིད་ཀྱིས་ནན་གྱིས་བསྐུལ་བའི་ངོར། །

བློ་དམན་བདག་གིས་གང་ཐུབ་ཅི་ཐུབ་ཀྱིས། །

གནད་རྣམས་གང་མཐོང་གང་རྟོགས་ཇི་བཞིན་དུ། །

སློབ་མའི་ཚོགས་ལ་ཅུང་ཟད་ཕན་སྙམ་ནས། །

སྦ་གསང་མེད་པར་བརྗོད་པའི་ཚུལ་བགྱི་སྟེ། །

དང་པོ་སྤྱི་ཡི་གནས་ཚུལ་དེ་དག་ལ། །

ངེས་པར་གཟབ་ནན་དགོས་པ་འདི་ལྟ་སྟེ། །

ཉིད་ཀྱི་མིང་དང་སློབ་ཨང་སྡོད་ཨང་བཅས། །

ཆ་འཕྲིན་དེ་དག་ལ་ནི་རེ་བ་བཞིན། །

འབྲི་སའི་གནས་དང་སྤྱད་བྱའི་སྨྱུ་གུ་སོགས། །

མ་ནོར་ཚུལ་བཞིན་འབྲི་དགོས་རྩ་བ་ཡིན། །

ལྷག་པར་འདིར་ནི་ནན་དུ་བརྗོད་པ་ལ། །

སྦྱང་ཚན་འབྲི་དང་ཟིན་བྲིས་བཏབ་ལ་སོགས། །

རྒྱུན་གཏན་སྨྱུག་ཁ་ཅུང་ཟད་སྦོམ་པ་ཡི། །

ལྕགས་སྨྱུག་སྤྱོད་པ་དེ་ནི་ངས་བལྟས་ཚེ། །

ད་ལྟའི་ཡ་ཁྱོར་ཡིག་གཟུགས་དེ་འདྲའི་རིགས། །

མ་ཐོན་པ་ལ་ནུས་པ་གང་ལེགས་ཐོན། །

འོན་ཀྱང་སྐབས་ཐོག་ཡིག་རྒྱུགས་དེ་རིགས་ལ། །

ཆུ་སྨྱུག་སྤྱད་ཚེ་རྫོབ་དང་མི་གསལ་དང་། །

སྣག་ཚ་གཞན་ལ་བསྐུ་བ་ལ་སོགས་པའི། །

སྐྱོན་རྣམས་བྱུང་བའི་ཉེན་ཁ་ཆུང་བར་མཐོང་། །

རིམ་པར་ལན་འདེབས་བྲེལ་བ་རིང་དོར་ནས། །

སྔོན་ལ་ཡིག་རྒྱུགས་སྤྱི་ལ་བག་ཆགས་ཤིག །

བཞག་ནས་དཀའ་སླའི་རིམ་པ་མ་འཛོལ་བར། །

ལན་འདེབས་དགོས་པ་ལས་ནི་མ་ཤེས་ལ། །

ཤི་འཐམས་རོ་འཐམས་བྱས་པས་དུས་ཚོད་བསྐྱལ། །

དེ་ཕྱིར་དུས་ཚོད་བཀོད་སྒྲིག་བྱེད་པ་གལ། །

དེ་ནས་དྲི་བར་དབྱེ་ཞིབ་ནན་དུ་བྱེད། །

ཡིན་མིན་ཡོད་མེད་གོ་ནོར་མེད་པ་རུ། །

ལན་རྣམས་བཙལ་དགོས་པ་ལས་གང་བྱུང་དུ། །

དཀའ་སྤྱད་ཡིན་ཁུལ་བྱས་ཚེ་ཤར་ཕྱོགས་སུ། །

འགྲོ་དགོས་ནུབ་ཏུ་ནན་གྱིས་བསྐྱོད་པ་བཞིན། །

དེ་རྗེས་ལན་འདེབས་རྩོལ་བ་དངོས་ཀྱི་སྐབས། །

ཐོག་མར་ཐིག་གི་འཛིན་སྟངས་གཟབ་དགོས་ཏེ། །

རྒྱ་ཡིག་ལ་ནི་སྨད་ཐིག་འཛིན་པ་དང་། །

བོད་ཡིག་ལ་ནི་མགོ་ཐིག་འཛིན་དགོས་པ། །

སྤྱི་ཡི་འགྲོ་ལུགས་ཡིན་རུང་རྒྱུགས་ཤོག་གི། །

ཐིག་གི་འདེབས་སྟངས་དེ་ལ་ལེགས་བལྟས་ནས། །

ཡི་གེ་སྙོམས་ཤིང་གྲལ་ནི་སྒྲིག་པའི་ཕྱིར། །

སྐབས་འགར་ཡི་གེའི་བར་དཀྱིལ་ཐིག་ལ་འཛིན། །

བརྗོད་ཀྱང་སྲོལ་ནི་མེད་པར་ཤེས་དགོས་སོ། །

ཡིག་གཟུགས་ཆེ་ཆུང་སྙོམས་ཤིང་གྲལ་སྒྲིག་པ། །

དགོས་ཚེ་ཡུན་རིང་སྦྱངས་པ་དགོས་པ་ལས། །

ཅུང་ཟད་སྦྱངས་པས་བཟང་སྐྱེད་ཡོང་བ་དཀའ། །

འོན་ཀྱང་མ་མཐར་ཆེ་ཆུང་མ་ཤོར་དང་། །

ལྷག་པར་དབྱངས་ཉིད་ཆེ་ཆུང་རན་པོ་དང་། །

ཚེག་ཐུང་རྒྱ་ཡིག་ཚེག་དང་མ་ནོར་ཞིག །

བྲི་བར་ཐུབ་ཚེ་མ་མཐའི་རུས་ཤིག་ཐོན། །

གཉིས་པ་ཉེ་བའི་འབྲིང་རྒྱུགས་རྒྱུགས་ཚད་ཀྱི། །

འདོན་ཕྱོགས་དེ་ལ་མནོ་བསམ་གཏོང་ཚུལ་གྱིས། །

ཡིད་གཟབ་དགོས་པའི་དོན་ཚན་དེ་དག་ནི། །

ནང་དོན་བདུན་གྱི་ཆ་ནས་གླེང་བྱ་སྟེ། །




 



རྨང་གཞིའི་ཤེས་བྱ་ཉིད་ལས་ཕྲད་སྐོར་ཏེ། །

དེ་ཡང་བང་ཁྲིའི་སྟེང་དུ་ཅ་དངོས་རྣམས། །

གསལ་ལེར་བཀྲམ་པ་བཞིན་དུ་དགོས་པ་ལས། །

སྣ་ཟིན་སྤུ་ཟིན་བྱས་ཚེ་དགོས་པའི་ཚེ། །

མ་མཐོང་མུན་པའི་ནང་དུ་སྦར་སྙོབ་ཀྱིས། །

ལག་ལ་གང་ཐེབས་བྱེད་པའི་ཚུལ་འདྲ་བས། །

ཐོག་མར་སུམ་ཅུ་པ་འམ་ལྗོན་དབང་གི། །

བརྗོད་བྱ་གཉིས་ནི་ཡིན་པར་ཤེས་དགོས་ཏེ། །

སྦྱར་བྱ་ཡི་གེའི་རྣམ་གཞག་དེ་ཉིད་དང་། །

སྦྱོར་ཚུལ་ཕྲད་ཕྲད་རྣམ་གཞག་གཉིས་ཡིན་ནོ། །

དང་པོ་སྦྱར་བྱ་ཡི་གེའི་རྣམ་གཞག་ལས། །

ཡི་གེ་ལ་ཡང་དེ་ཡི་གོ་དོན་དང་། །

དབྱེ་བ་གཉིས་ཏེ་དབྱངས་དང་གསལ་བྱེད་ངེས། །

དབྱངས་ལ་མཚོན་རྟགས་བཞི་དང་དབྱེ་བ་བཞི། །

མ་ནོར་ཚུལ་བཞིན་ཤེས་པ་གཙོ་བོ་ཡིན། །

གསལ་བྱེད་སུམ་ཅུར་དབྱེ་བ་འབྱེད་ཚུལ་ནི། །

འཇུག་པའི་ཡི་གེ་བཅུ་དང་རྐྱང་པ་ཡི། །

ཡི་གེ་ཉི་ཤུར་དབྱེ་བའི་སྲོལ་ཡོད་དོ། །

འཇུག་པའི་བཅུ་ལས་སྔོན་རྗེས་ཡང་གསུམ་པོ། །

ཕྱུང་བ་ཡིན་པས་རེ་རེའི་ཁྱད་པར་ཤེས། །

གཉིས་པ་སྦྱོར་ཚུལ་ཕྲད་ཀྱི་རྣམ་གཞག་ནི། །

ཐོག་མར་ཕྲད་ཀྱི་གོ་དོན་བྱེད་ནུས་ངེས། །

རིམ་པར་དབྱེ་བ་རང་དབང་གཞན་དབང་ཅན། །

རེ་རེ་བཞིན་དུ་དེ་ཡི་སྒྲ་སྦྱོར་དང་། །

དོན་གྱི་འཇུག་ཚུལ་དཔེ་དང་བཅས་པར་ངེས། །

དེ་ལྟར་གོ་རིམ་སྒྲིག་གཞི་ལྡན་པ་རུ། །

སྤྱི་ཡི་བསྐྱར་སྦྱོང་སྐབས་སུ་བཤད་ངེས་པས། །

ངང་གིས་སྦྱང་པས་ཆོག་གི་འཚབ་མི་དགོས། །

གོང་གི་སྒྲིག་གཞི་དེ་བཞིན་ཤེས་བྱའི་གནད། །

སྙན་ངག་ལ་སོགས་ལ་ཡང་དེ་ལྟར་སྦྱོངས། །






                        ༢

དོན་ཚན་ཆེ་བ་གཉིས་པ་དག་ཆ་དང་། །

མངོན་བརྗོད་ཚིག་འགྲེལ་སོགས་ཀྱི་དྲི་བ་ལ། །

གཙོ་བོ་བསླབ་ཚན་གཤམ་གྱི་མཆན་འགྲེལ་དང་། །

ངོས་འཛིན་འབྲི་སྦྱོང་གཉིས་ནི་གཙོ་བོར་འཛིན། །

རབ་ནི་བྱུང་ཚེ་རྣམ་ཀུན་དཔེ་ཀློག་གི། །

གོམས་གཤིས་བཟང་པོ་འཇགས་པ་བྱེད་ཐུབ་ཚེ། །

བརྡ་དང་ཐ་སྙད་ཙམ་གྱིས་མི་ཆོག་པར། །

ཤེས་བྱ་སྤྱི་ཡི་རྨང་གཞིར་ཡར་རྒྱས་ཡོང་། །






ཡིག་རྒྱུགས་ཆེ་ཆུང་གང་ལའང་ཐོན་ངེས་པའི། །

དཔེ་དང་དཔེ་ཅན་ངོས་འཛིན་དེ་ཉིད་ནི། །

རྨང་གཞི་བཟང་བའི་སློབ་མར་སྐྱོན་མེད་ཀྱང་། །

ཅུང་ཟད་ཞན་པ་དག་ལ་ཕན་སྙམ་ནས། །

དེ་དག་ངོས་འཛིན་ཐབས་ནི་བསྟན་བྱ་སྟེ། །

རྗོད་བྱེད་ཚིག་གི་ཕྲེང་བ་གང་ཞིག་ལས། །

གཙོ་གནད་གང་ཡིན་གང་ལ་ཟུར་ཟ་འམ། །

གང་ལ་བསྟོད་པ་བྱས་སོགས་མཐོང་བའི་ཚེ། །

དེ་ནི་དཔེ་ཅན་ཡིན་ནོ་དེ་ཉིད་ནི། །

སྟོན་ཕྱིར་སྦྱར་བ་གང་དེར་དཔེ་ཞེས་བྱ། །

དཔེ་ཅན་དཔེ་གཉིས་མཉམ་དུ་ལྡན་པ་ཡི། །

ཆོས་ལ་མཚུངས་ཆོས་ཞེས་སུ་བྱ་བ་ཡིན། །

བཞིན་འདྲ་ལྟར་མཚུངས་དག་ནི་མཚུངས་སྒྲ་རུ། །

ཡིན་པར་རྒྱུན་གཏན་ཉིད་ནས་བག་ཆགས་འཇོག །






བཞི་པ་རྩོམ་པ་པོ་དང་རྩོམ་སྟངས་དང་། །

གཞུང་ཚིག་ཁ་སྐོང་ཉེར་སྤྱོད་གྲུབ་ཆ་སོགས། །

འཁྲུལ་བ་མེད་པར་ལན་འདེབས་ཁ་གསལ་དང་། །

གནད་འཁེལ་ཡོང་བའི་ཐབས་ལ་འདི་ལྟ་སྟེ། །

རྒྱུན་ནས་རྒྱུན་དུ་སློབ་ཕྱིའི་དཔེ་ཀློག་ལ། །

གྲགས་ཅན་བརྩམས་ཆོས་མཁས་པའི་གསུང་རྩོམ་སོགས། །

མི་གཤིས་ཀུན་སྤྱོད་གསོ་ལ་ཕན་འགྱུར་བའི། །

དཔེ་དེབ་ཀློགས་དང་སྙིང་ཉེའི་སློབ་གཉེར་བ། །







ལྟ་ཀློག་དབྱེ་ཞིབ་དང་ནི་གདམ་གསེས་ལའང་། །

དཔྱད་གཞི་མང་དུ་ཐོན་པའི་སྲོལ་དེ་ནི། །

ཡིག་རྒྱུགས་ཆེ་ཆུང་གང་ལའང་གྲུབ་ཟིན་པས། །

རབ་རྣམས་སློབ་ཕྱིར་ལྟ་ཀློག་བྱེད་པ་ཡི། །

གོམས་གཤིས་བཟང་པོས་རྒྱ་བསྐྱེད་ཨེ་ཡོང་ལྟོས། །

འབྲིང་རྣམས་ཀྱིས་ཀྱང་བསླབ་གཞིའི་རང་ཀློག་དང་། །

ལྟ་ཀློག་བསླབ་ཚན་དག་ལའང་རྒྱུས་མངའ་དགོས། །

ཐ་མ་སློབ་ཕྱིའི་ལྟ་ཀློག་མ་བྱུང་ཡང་། །

བསླབ་གཞིར་འཁོད་པའི་བསླབ་ཚན་དེ་དག་གི།  །

གཙོ་དོན་དང་ནི་རྩོམ་སྟངས་མཚོན་བྱེད་སོགས། །

མ་ནོར་ཚུལ་བཞིན་རྟོགས་པ་རྩ་བ་ཡིན། །

དེ་མིན་ལྟ་ཀློག་དབྱེ་ཞིབ་དཔྱད་གཞི་ནི། །

མཐོང་མྱོང་མེད་པའི་ནང་དོན་རེད་འདུག་ཚེ། །

དངངས་སྐྲག་མི་དགོས་དགའ་བ་སྐྱེད་པས་ཆོག །

རྒྱུ་མཚན་ཐོན་པའི་དྲི་བ་དེ་དག་གི། །

དྲིས་ལན་ཕལ་ཆེར་དཔྱད་གཞིར་གསལ་བར་ངེས། །







དྲུག་པ་མིང་དུ་ཕྱོགས་བསྡུས་རང་བཞིན་ཞེས། །

བཏགས་པ་བཞིན་དུ་སློབ་མའི་ཕྱོགས་ཡོངས་ཀྱི། །

ཤེས་བྱའི་བྱང་ཚད་བརྟག་པའི་དོན་ཡིན་ཅིང་། །

ཁྱད་པར་ཉེ་དུས་ལོ་ཡི་འབྲིང་རྒྱུགས་ལ། །

དྲི་བ་དེ་ལ་སྐར་གྲངས་དགུ་སྤྲད་ལས། །

གལ་འགངས་ཆེ་ཆུང་བཤད་ནི་མི་དགོས་ཤེས། །

དེ་ཕྱིར་རྒྱུན་ནས་གཏམ་དཔེ་དཔེ་ཆོས་དང་། །

གབ་ཚིག་མགུར་དང་དམངས་གཞས་ལོ་རྒྱུས་དང་། །

སྤྱི་ཚོགས་སྟེང་གི་གལ་ཆེའི་གནས་ཚུལ་སོགས། །

གང་ལའང་དོ་སྣང་ཅུང་ཙམ་བྱ་དགོས་སོ། །

དྲི་བར་གོ་བ་ལོན་མིན་ཅི་འདྲ་ཡང་། །

ལན་མེད་དཀར་པོར་འཇོག་པ་ཐ་མའི་ཐ། །

མ་མཐར་བརྗོད་པའམ་ཚིག་རྐང་རེ་ཟུང་ཞིག །

བྲིས་ཚེ་དེ་ཚོད་སྟོང་མིན་སྐར་ཞིག་ཐོབ། །





བདུན་པ་རྩོམ་ནི་སྐད་ཡིག་རིག་ཚན་གྱི། །

སྲོག་གི་སྙིང་པོ་ཡིན་ཞེས་བརྗོད་རུང་བས། །

དེ་ཡིས་རྒྱུགས་ཤོག་ཧྲིལ་པོའི་སྐར་གྲངས་ཕྱེད། །

ཟིན་ཚུལ་ཉིད་ལས་རྩོམ་གྱི་གནས་བབས་ཤེས། །

དེ་ཕྱིར་རྨང་གཞི་བཟང་དང་མི་བཟང་གི། །

ཁྱད་པར་མེད་པར་རྩོམ་ཡིག་དེ་ལ་སྒྲིམས། །

རྒྱུན་ནས་བལ་པོའི་སེའུ་ཉིད་མ་ཟོས་ཀྱང་། །

ཁ་དོག་ཉིད་ལས་བྲོ་བ་ཤེས་ཞེས་ལྟར། །

རྩོམ་གྱི་བརྗོད་བྱའི་སྙིང་པོ་མ་མཐོང་སྔོན། །

དེ་ཡི་སྒྲིག་གཞི་དང་ནི་ཡིག་འབྲུ་དང་། །

ཡིག་གཟུགས་ལ་སོགས་ཕྱི་ཡི་ཚུལ་མཐོང་བས། །

ཐོག་མའི་བག་ཆགས་བཟང་པོ་འཇོག་པའི་ཕྱིར། །

གཟབ་བྱའི་གནད་ནི་དེ་དག་ཡིན་གྱུར་ཏེ། །

དེ་ཡང་ཐིག་གི་འཛིན་སྟངས་ཡིག་གཟུགས་ཐད། །

དོ་སྣང་དགོས་པའི་གནད་ནི་བཤད་ཟིན་ཏོ། །

གཉིས་པ་རྩོམ་གྱི་སྒྲིག་གཞི་དེ་ལ་ནི། །

རང་གྲུབ་དུམ་བུ་བཞི་ནས་དྲུག་བར་དུ། །

ཡིན་དགོས་མང་ངམ་ཉུང་ན་སྐྱོན་དུ་སྙམ། །

དེ་བས་རྩོམ་གྱི་ཡིག་འབྲུའི་ཚད་གཞི་ནི། །

རེ་བ་ལྟར་བཞིན་དགོས་ལས་ཉུང་བ་འམ། །

ཧ་ཅང་ཉུང་རང་དྲགས་ཚེ་སྐར་གྲངས་དེ། །

ཕྱེད་ཙམ་ལས་ནི་མི་ཐོབ་གཏན་འཁེལ་ཡིན། །

དེ་བས་ཡིག་འབྲུའི་གྲངས་ནི་ལོན་པའི་ཕྱིར། །

ཐོག་མར་སེམས་ཀྱི་སྒོ་མོ་རྒྱ་ཆེར་ཕྱེ། །

དཔེར་ན་ཡུལ་ལྗོངས་འབྲི་ཚེ་ལྟ་ས་དང་། །

དབང་པོ་ལྔ་ཡི་མྱོང་བ་ལ་སོགས་པ། །

མི་འདྲ་ཡིན་པས་རེ་རེར་འབྲི་བ་ལས། །

སྡོམ་ཚིག་ལྟ་བུ་བཀོད་ནས་མིག་ལམ་དུ། །

མཐོང་རྒྱུ་རྒྱུགས་རའི་ཁྱོན་ལས་མེད་གྱུར་ཚེ། །

སྨྱུག་རྐུབ་རྫོགས་རྫོགས་བཟས་ཀྱང་དྲན་རྒྱུ་མེད། །

གསུམ་པ་རྩོམ་ནང་འདུག་དང་ཡོད་མེད་སོགས། །

ཕྱོགས་སྡོམ་བྱེད་པ་ལྟ་བུའི་ཚིག་དག་ནི། །

ཉུང་བར་བྱས་ནས་ཡིན་ཚུལ་མེད་ཚུལ་སོགས། །

ཇི་འདྲ་ཡིན་མིན་རེ་རེ་བཞིན་དུ་བྲིས། །

བཞི་པ་ངེས་པར་སྤོང་དགོས་པ་ཡི་གནད། །

ཐིག་ཕྲེང་གཅིག་ནི་སྟོང་པར་འཇོག་པ་དང་། །

ཡི་གེར་ཆེ་ཆུང་ཤོར་དང་ཡིག་གཟུགས་ཀྱང་། །

ར་མ་ལུག་ལྟར་སྣ་ཚོགས་སྤྱོད་པ་དོར། །

དེ་ལྟར་ཕྱི་ཚུལ་འདྲ་ཆགས་དེ་འདྲར་གཟབ་བྱས་ནས། །

ཚིག་སྦྱོར་སྙན་ཞིང་ཡིད་དབང་འཕྲོག་པ་ཞིག །

བྱུང་ཚེ་ལྷ་རབ་ཡིན་ཀྱང་མ་བྱུང་ཚེ། །

མ་མཐར་ཚིག་སྦྱོར་བོད་མིའི་སྐད་འགྲོས་དང་། །

མཐུན་པར་དགོས་ལས་ཐོག་མར་རྒྱ་སྐད་ནས། །

བསམ་ནས་བྲིས་ཤིང་རིམ་པར་བོད་སྐད་དུ། །

བསྒྱུར་བའི་སྒྱུར་རྩོམ་འདྲ་དེར་དྲི་ངན་བྲོ། །

ལག་པ་མ་འགུལ་གོང་ལ་སྐད་འགྲོས་སོམས། །

མཇུག་ཏུ་དཔྱད་གཞིའི་རེ་བ་ཇི་བཞིན་དུ། །

ཁ་བྱང་བྲིས་སམ་ཁ་སྐོང་དགོས་པ་ལས། །

སྟོང་པར་འཇོག་དང་ལོག་པ་ཅན་བྲིས་ཚེ། །

སྐར་མ་མཐོན་པོ་མི་ལོན་གཏན་འཁེལ་ཡིན། །

དེ་ནས་བརྗོད་སྙིང་གང་ཡིན་གཏན་ཕབ་ཅིང་། །

དེ་ཡང་ལེགས་ཤོས་བྱུང་ཚེ་མི་གཞན་གྱི། །

བསམ་ཚུལ་དེ་དང་མི་འདྲ་དགོས་པ་ལས། །

རྩོམ་འགོ་བཀླགས་པས་ཧྲིལ་པོ་གོ་བྱེད་དམ། །

ཀློག་པ་ཙམ་གྱིས་མཐོང་མྱོང་འདུག་སྙམ་པའི། །

ཚོར་བ་སྟེར་ཚེ་ཕམ་ཁ་བྱུང་བ་ཡིན། །

དེ་མིན་རྩོམ་འགོ་འཛུགས་སྟངས་མཇུག་བསྡུ་སྟངས། །

དངོས་ཀྱི་གཞུང་དོན་འབྲི་སྟངས་ལ་སོགས་ནི། །

རྣམ་ཀུན་ཉིད་ནས་སྦྱོང་བརྡར་དགོས་པ་ལས། །

འདི་རུ་ཚིག་གསུམ་བཤད་པས་ག་ལ་ཕན། །

དེ་ཕྱིར་རྒན་གྱི་གོམ་འགྲོས་སློབ་ཁྲིད་བཞིན། །

སྦྱོང་བརྡར་ལན་མང་བྱེད་པ་མན་ངག་ཡིན། །



འདི་ལྟར་དབྱེ་ཞིབ་ལབ་བརྡོལ་དེ་ཉིད་ལ། །

མ་ཚང་འཁྲུལ་དང་ནོར་འཛོལ་འགལ་བ་སོགས། །

སྐྱོན་གྱི་ཚོགས་ནི་མང་དག་མཆིས་ངེས་པས། །

དཔྱོད་ལྡན་རྣམས་ལ་བཟོད་གསོལ་དགོངས་དག་ཞུ། །

འོན་ཀྱང་སྲིན་འབུ་མེ་འཁྱེར་འོད་སྣང་དེས། །

གང་གང་འཕྲོ་སའི་གནས་དེ་ཅུང་གསལ་ནས། །

དེ་དེར་ཕན་པ་ཅུང་ཟད་བྱུང་ལ་རེ། །







འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།





མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ



通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章