༢༠༢༤ལོའི་མཐོ་རྒྱུཌ་བོད་སྐད་ཡིག་རྒྱུཌ་གཞིའི་ཁྱད་ཡོན་སྐོར་གླེང་བ།

文摘   2024-11-12 08:58   西藏  

༢༠༢༤ལོའི་བོད་སྐད་ཡིག་མཐོ་རྒྱུགས་ཀྱི་ཁོག་དབུག་དང་ཁྱད་ཡོན་སྐོར་གླེང་བ།

ལྷ་ས་སློབ་འབྲིང་། ཚེ་དབང་དངོས་གྲུབ་དང་པ་སངས་ཚེ་རིང་།

     

 ༢༠༢༤ལོའི་རྒྱལ་ཡོངས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་གྲྭར་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་ལེན་བོད་སྐད་ཡིག་གི་རྒྱུགས་གཞི་ནི་མཐོ་རྒྱུགས་གསར་པའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་ཁ་ཕྱོགས་ལ་དམིགས་པ་དང་། བསླབ་གཞི་ནང་དོན་རྩ་བར་བྱས་ཤིང་སློབ་མའི་དོན་དངོས་ཀྱི་གནས་ཚད་དང་མཐུན་པ། རྒྱུགས་གཞིའི་སྒྲིག་གཞི་ཚགས་དམ་ལ་དྲི་གཞིའི་དཀའ་སླ་ཚད་རན་པ།  བརྗོད་དོན་རྩོད་གཞི་མེད་ལ་རྗོད་བྱེད་ཁམས་གཙང་བ།  རྒྱུགས་ཞུགས་སློབ་མའི་རིན་ཐང་གི་ལྟ་བ་གསོ་སྐྱོང་དང་རང་མི་རིགས་ཀྱི་སྐད་ཡིག་ལ་བརྩི་མཐོང་དང་དགའ་ཞེན་གྱི་བསམ་པ་གསོ་སྐྱོང་ཐུབ་པའི་རྒྱུགས་གཞི་ཞིག་ཏུ་འདོད་ན་ཆོག 

དང་པོ། རྒྱུགས་ཀྱི་ཁོག་དབུབ།

  རྒྱུགས་གཞི་ཧྲིལ་པོ་ཆ་ཤས་གསུམ་ལས་གྲུབ་ཅིང་། ཆ་ཤས་དང་པོར་ངེས་སྦྱོང་བསླབ་གཞི་ལྔའི་ནང་དོན་བཏོན་ཡོད། ཆ་ཤས་དང་པོའི་ཁྱབ་ཁོངས་ཀྱི་དྲི་གཞིའི་རྣམ་པ་དང་ཁ་གྲངས་ནི། འདེམ་འཇུག་དྲི་གཞི༢༠དང་། སྟོང་འཇུག་དྲི་གཞི༥ ལྟ་ཀློག་དབྱེ་ཞིབ་དྲི་བ་ཆེ་བ༢བཅས་ཁག་གསུམ་ལས་གྲུབ་ཡོད་ཅིང་། རྒྱུགས་ཤོག་ཧྲིལ་པོའི༤༠%ཙམ་ཟིན་ཡོད། ཆ་ཤས་གཉིས་པར་འདེམ་སྦྱོང་བསླབ་གཞི་སྟེ། 《སྐད་དང་ཡི་གེ་ཉེར་སྤྱོད》《རྩོམ་རིག་བརྩམས་ཆོས་མྱོང་རོལ》《རིག་གནས་བསྟན་བཅོས་དཔྱད་ཀློག》བཅས་གསུམ་པོ་རེར་སྐར་གྲངས༡༥ཡོད་ཅིང་། རྒྱུགས་ཤོག་ཧྲིལ་པོའི༢༠%ཙམ་ཟིན་ཡོད། ཆ་ཤས་གསུམ་པ་ནི་རྩོམ་ཡིག་འབྲི་རྒྱུ་སྟེ། སྐར་གྲངས༦༠ཡོད་ཅིང་། རྒྱུགས་ཤོག་ཧྲིལ་པོའི༤༠%ཙམ་ཟིན་ཡོད་པ་བཅས་སོ། ། 


གཉིས་པ། རྒྱུགས་ཀྱི་འགྱུར་བ་བཞི། 

གཅིག དྲི་བའི་རྣམ་པ་འགྱུར་བ། 

  ལོ་སྔ་མའི་བོད་སྐད་ཡིག་གི་མཐོ་རྒྱུགས་དང་བསྡུར་ན། 2024ལོའི་མཐོ་རྒྱུགས་ནང་དྲི་བ་དྲིས་ལན་མེད་པ་དང་། སྟོང་ཆ་ཁ་སྐོང་ཡོད་པ། འཚོལ་དཔྱད་རང་བཞིན་གྱི་དྲི་གཞི་ལོགས་སུ་བཏོན་མེད་པ་བཅས་གསུམ་མོ། ། 

གཉིས། འདེམ་འཇུག་དྲི་གཞི་དཔྱད་གཞི་ཅན་དུ་འགྱུར་བ།

  ལོ་སྔ་མའི་བོད་སྐད་ཡིག་གི་མཐོ་རྒྱུགས་དང་བསྡུར་ན།  2024ལོའི་མཐོ་རྒྱུགས་ཀྱི་འདེམ་འཇུག་དྲི་གཞི་རྣམས་དྲི་བ་རྐྱང་པའི་རྣམ་པ་ལས་ལྡོག་སྟེ། དཔྱད་གཞི་ལྟ་ཀློག་དང་དེ་ལས་དྲིས་ལན་འཚོལ་དགོས་པའི་རྣམ་པར་འགྱུར་ཡོད་པ་དང་། དྲི་བའི་ཁྱབ་ཁོངས་ཤས་ཆེ་བ་ངེས་སྦྱོང་བསླབ་གཞི་ལྔའི་ནང་དོན་ཁར། བསླབ་ཕྱིའི་དཔྱད་གཞིས་ཟུར་བརྒྱན་པ་ཞིག་རེད་འདུག 

གསུམ། འདེམ་སྦྱོང་དཔྱད་གཞི་མེད་པར་འགྱུར་བ། 

  ལོ་སྔ་མའི་བོད་སྐད་ཡིག་གི་མཐོ་རྒྱུགས་དང་བསྡུར་ན། 2024ལོའི་མཐོ་རྒྱུགས་ནང་རྒྱུགས་གཞིའི་ཆ་ཤས་གཉིས་པ་སྟེ། འདེམ་སྦྱོང་དྲི་གཞིར་དཔྱད་གཞི་མེད་པར་ཐད་ཀར་འདེམ་འཇུག་དྲི་གཞིར་འགྱུར་འདུག 

བཞི། སྐར་གྲངས་ཀྱི་ཟིན་ཚད་འགྱུར་བ།

   ལོ་སྔ་མའི་བོད་སྐད་ཡིག་གི་མཐོ་རྒྱུགས་དང་བསྡུར་ན། ད་ལོའི་མཐོ་རྒྱུགས་ནང་ལྟ་ཀློག་དབྱེ་ཞིབ་ཀྱི་སྐར་གྲངས་ཟིན་ཚད་དང་རྩོམ་ཡིག་ཆ་ཤས་ཀྱི་སྐར་གྲངས་ཟིན་ཚད་གཉིས་འཕར་བ་དང་། སྟོང་འཇུག་དྲི་གཞིའི་སྐར་གྲངས་ཟིན་ཚད་ཆག་པ་བཅས་ཀྱི་འགྱུར་བ་བྱུང་འདུག 

གསུམ་པ། རྒྱུགས་ཀྱི་ཁྱད་ཡོན་བཞི། 

  རྒྱུགས་གཞི་ཞིག་གི་ཁྱད་ཡོན་ལ་དབྱེ་ཞིབ་ཕྱོགས་སྡོམ་བྱེད་པ་ནི། རྒྱུགས་འདོན་གྱི་ཐབས་ལམ་ལ་སློབ་སྦྱོང་ཞུ་བའི་བརྒྱུད་རིམ་ཞིག་དང་། མ་འོངས་པའི་སློབ་གསོ་སློབ་ཁྲིད་ཀྱི་ཡང་དག་པའི་ཁ་ཕྱོགས་བཙལ་འཚོལ་བྱེད་པའི་བརྒྱུད་རིམ་ཞིག་ཀྱང་ཡིན་གཤིས། གཤམ་དུ་ཁོ་བོས་རྒྱུགས་ཀྱི་ཁྱད་ཡོན་ཅུང་ཟད་གླེང་བ་ལ་ཁག་བཞི་སྟེ། 

གཅིག  བསམ་གཞིག་གི་རིན་ཐང་ལྡན་པ། 

  མཁྲེགས་སྐྱོར་མཁྲེགས་འཛིན་གྱི་དྲི་བའི་རྒྱ་ལས་གྲོལ་ཏེ། སློབ་མར་བསམ་གཞིག་གི་བར་སྟོང་བསྐྲུན་རྒྱུ་དང་། བསམ་གཞིག་ལས་བྱུང་བའི་དྲིས་ལན་རེ་རེས་སློབ་མའི་ཕྱོགས་ཡོངས་ཀྱི་གནས་ཚད་ལ་བརྟག་དཔྱད་ཐུབ་པ་བྱ་རྒྱུ་ནི་རྒྱུགས་གཞི་འདོན་ཕྱོགས་ཀྱི་རེ་འདུན་ཡིན་པས། 2024ལོའི་བོད་སྐད་ཡིག་གི་མཐོ་རྒྱུགས་ནང་བསམ་གཞིགས་ཀྱི་རིན་ཐང་ལྡན་པའི་དྲི་གཞི་མང་པོ་བཏོན་ཡོད་པ་དེ་རྒྱུགས་ཀྱི་ཁྱད་ཡོན་དང་པོ་དེ་ཡིན་ཏེ། དཔེར་ན། འདེམ་འཇུག་དྲི་གཞི༡༥ གོང་གི་དཔྱད་གཞིའི་ནང“བྱིའུ་ཁྲ་ཡིས་བཟུང་བའམ། རི་བོང་གླག་གིས་ཁྱེར་བ་བཞིན”ཞེས་པའི་དཔེའི་དོན་དང་འཚམ་པ་ནི། A.སྣང་ས་རང་ལུས་རང་དབང་དང་བྲལ་བ་མཚོན། B.བློན་པོ་བསོད་ནམས་དཔལ་བསྐྱེད་གཡོ་སྒྱུ་ཆེ་བ་མཚོན། C.བྱིའུ་ཡིས་སྣང་ས་དང་རི་བོང་གིས་དཔོན་སྒྲ་ཆེན་མཚོན། D.དཔོན་སྒྲ་ཆེན་དང་བློན་པོ་བསོད་ནམས་དཔལ་བསྐྱིད་གཉིས་ཀ་སྣང་སའི་ཕྱོགས་སུ་རྒྱུགས་ཕྱིན་པའི་རྣམ་པ་མཚོན། ཞེས་པ་ལྟ་བུའི་དྲི་བ་བཏོན་ཡོད་ཅིང་། དྲི་གཞི་དེ་དག་ནི་སློབ་མས་བློ་འཛིན་ཙམ་ལ་བརྟེན་ནས་ཐག་ཆོད་ཐུབ་པའི་དྲི་བ་ཞིག་མ་ཡིན་པར། ངེས་པར་དཔྱད་གཞིར་ལྟ་ཀློག་དང་བསམ་གཞིག་ནན་པོ་བྱེད་དགོས་པས་སོ། ། 

གཉིས། རྨར་གཞིར་ཚད་འཇལ་ཐུབ་པ།

  བོད་སྐད་ཡིག་གི་རྒྱུགས་གཞི་ཞིག་ལ་མཚོན་ན་རིག་ཚན་གྱི་རྨང་གཞིར་གྱུར་པའི་སློབ་མའི་འབྲི་ཀློག་འཆད་ཉན་གྱི་ནུས་པར་ཚད་ལེན་ཐུབ་པ་བྱ་རྒྱུ་རྨང་གཞི་ཡིན་གཤིས། 2024ལོའི་མཐོ་རྒྱུགས་ཀྱི་དྲི་གཞིར་མཚོན་ན། རྨང་གཞིའི་ཤེས་བྱའི་སྐར་གྲངས་ཟིན་ཚད་མཐོ་བ་དང་། དྲི་གཞི་དེ་དག་ཀྱང་མཐོང་ཚད་ཤེས་པ་དང་། ཤེས་ཚད་འགྲིག་ཤག་ཤག་དྲི་གཞི་སྟབས་བདེའང་མིན་པར།  དྲི་གཞིའི་ནང་དོན་ཤེས་བྱ་ཟུར་མང་བ་དང་འཆར་སྒོ་ཡངས་པ་སོགས་ནི་རྒྱུགས་ཀྱི་ཁྱད་ཡོན་གཉིས་པ་ཡིན་ཏེ། དཔེར་ན། འདེམ་འཇུག་དྲི་གཞི༨པར།  གོང་གི་བྱ་ཚིག“བསྒྲིབས”དང་འབྲེལ་བའི་བརྗོད་ཚུལ་ཡང་དག་པའི་སྡེ་ནི། A.དུས་འདས་པ། བྱ་བྱེད་ཐ་དད་པ། སྐྱེས་བུ་འབྲིང་། B.དུས་མ་འོངས་པ། བྱ་བྱེད་ཐ་མི་དད་པ། སྐྱེས་བུ་རབ།  C.དུས་འདས་པ། བྱ་བྱེད་ཐ་མི་དད་པ། སྐྱེས་བུ་འབྲིང་། D.དུས་ད་ལྟ་བ། བྱ་བྱེད་ཐ་དད་པ། སྐྱེས་བུ་ཐ་མ། ཞེས་བཏོན་ཡོད་པས། དྲི་གཞི་དེ་རིགས་ཐག་གཅོད་བྱེད་པར་མ་མཐར་ཡང་ཤེས་བྱའི་གནད་གསུམ་ཙམ་ཁོངས་དུ་ཆུད་དགོས་པ་གང་ཞིག་བློ་གྲོས་ཞིབ་མོས་བརྟག་དགོས་པས་འཆར་སྒོ་ཡངས་པས། ཕྱོགས་ཡོངས་ནས་སློབ་མའི་སྐད་ཡིག་རིག་ཚན་གྱི་རྨང་གཞིར་ཚད་ལེན་ཐུབ་པ་མ་ཟད། སློབ་མའི་རྣམ་དཔྱོད་ཀྱི་རྩལ་ཁ་ངོམས་ཐུབ་པའོ། ། 

གསུམ། ཚད་ལེན་གྱི་གནད་འགག་གསལ་བ།

  རྒྱུགས་གཞིའི་དྲི་གཞི་ཁག་གི་ཚད་ལེན་གྱི་གནད་འགག་གསལ་པོ་ཡོང་རྒྱུ་ནི་གཙོ་གནད་ཡིན་གཤིས། 2024ལོའི་མཐོ་རྒྱུགས་ཀྱི་དྲི་གཞིར་མཚོན་ན། ཆ་ཤས་སོ་སོའི་དྲི་གཞི་དམིགས་ཡུལ་གསལ་བ་དང་། དྲི་བ་རེ་རེའི་ཚད་ལེན་གནད་འགག་གསལ་བ་ནི་རྒྱུགས་ཀྱི་ཁྱད་ཡོན་གསུམ་པ་སྟེ། རྒྱུགས་གཞིའི་དྲི་བ་དེ་དག་རབ་རིབ་མག་མོག་དང་ཉ་ཉུང་མཉམ་བསྲེས་ཀྱི་སྐྱོན་ལས་ལྡོག་སྟེ། འདེམ་འཇུག་དྲི་གཞིས་སློབ་མའི་ཕྱོགས་ཡོངས་ཀྱི་སྐད་ཡིག་རྨང་གཞིར་ཚད་ལེན་ཐུབ་པ་དང་། སྟོང་འཇུག་དྲི་གཞིས་སློབ་མའི་སྐད་ཡིག་རིག་ཚན་གྱི་ཁྱད་ཆོས་དང་མཐུན་པའི་བློ་འཛིན་ཤེས་བྱར་ཚད་ལེན་ཐུབ་པ། ལྟ་ཀློག་དབྱེ་ཞིབ་ཀྱི་དྲི་གཞིས་ཕྲད་རྣམ་དབྱེའི་འཇུག་ཚུལ་ཙམ་མ་ཡིན་ལ། དྲི་བརྒྱ་ལན་གཅིག་ལྟ་བའང་མ་ཡིན་པར།  སློབ་མའི་ལྟ་ཀློག་གི་ནུས་པ་དང་བསམ་གཞིག་གི་ནུས་པ་སོགས་ཚད་ལེན་ཐུབ་པས་སོ། ། 

བཞི། ཀུན་སྤྱོད་གསོ་སྐྱོང་ལ་དམིགས་པ། 

  རྒྱུགས་ཞུགས་སློབ་མར་མཚོན་ན། ཡིག་རྒྱུགས་ནི་ཤེས་བྱའི་ཆུ་ཚད་ཚད་འཇལ་ཙམ་མ་ཡིན་པར། ཀུན་སྤྱོད་སློབ་གསོ་མྱོང་བའི་གོ་སྐབས་གལ་ཆེན་ཞིག་ཡིན་གཤིས། ད་ལོའི་མཐོ་རྒྱུགས་ཀྱི་དྲི་གཞིར་མཚོན་ན། ཡིག་རྒྱུགས་ཀྱི་དོན་དུ་དྲི་གཞི་འདོན་པ་དང་། དྲི་གཞིའི་དོན་དུ་དྲིས་ལན་བཏོན་པ་ཙམ་མ་ཡིན་པར། རྒྱུགས་གཞིའི་ཧྲིལ་པོར་སློབ་མའི་ཕྱོགས་ཡོངས་ཀྱི་མི་གཞི་ཀུན་སྤྱོད་ཚད་ལེན་དང་ཀུན་སྤྱོད་གསོ་སྐྱོང་ལ་དམིགས་པ་ནི་རྒྱུགས་ཀྱི་ཁྱད་ཡོན་བཞི་པ་ཡིན། དཔེར་ན། འདེམ་འཇུག་དྲི་གཞིའི་དཔྱད་གཞི་དྲུག་པ་དང་། ལྟ་ཀློག་དབྱེ་ཞིབ་ཀྱི་དཔྱད་གཞི་དང་པོ། དེ་བཞིན་རྩོམ་ཡིག་ཆ་ཤས་ཀྱི་དཔྱད་གཞིའི་སོགས་ལ་བལྟས་ན། སློབ་མར་ཡང་དག་པའི་མི་ཚེའི་ལྟ་བ་དང་། རིན་ཐང་གི་ལྟ་བའི་འདུ་ཤེས་གསོ་སྐྱོང་བྱ་རྒྱུར་དམིགས་ཡོད་པས་སོ། ། 

བཞི་པ། བླང་བྱའི་ཁ་ཕྱོགས་བཞི། 

   སློབ་ཁྲིད་ཀྱི་འཐབ་ས་དང་པོའི་དགེ་རྒན་རྣམ་པས་རྒྱུགས་གཞིར་དབྱེ་ཞིབ་བྱེད་པ་ནི།  རང་གི་ཆེད་ལས་ཀྱི་ནུས་རྩལ་མཐོར་འདེགས་གཏོང་བའི་སློབ་སྦྱོང་གི་བརྒྱུད་རིམ་ཞིག་ཡིན་ཏེ། དེ་ལས་ང་ཚོས་སྐད་ཡིག་སློབ་ཁྲིད་ཀྱི་ཁ་ཕྱོགས་བཙལ་འཚོལ་དང་། སྐྱོན་ཡོན་བླང་དོར་ཐུབ་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། ཁོ་བོས་གོང་གསལ་རྒྱུགས་ཀྱི་འགྱུར་བ་དང་། རྒྱུགས་ཀྱི་ཁྱད་ཡོན་གཉིས་ལས་འཕྲོས་ཏེ་བླང་བྱའི་ཁ་ཕྱོགས་བཞི་གླེང་བར་བྱའོ། ། 

གཅིག བསླབ་གཞིས་གཞི་བྱས་སྐད་ཡིག་གི་རྨང་གཞིའི་ཤེས་བྱར་ཤུགས་སྣོན་རྒྱག་དགོས་པ། 

  སྐད་ཡིག་རིག་ཚན་གྱི་རྨང་གཞིའི་ཤེས་བྱ་གསོག་འཇོག་བྱ་རྒྱུ་ནི། རིག་ཚན་དེ་ལ་འཇུག་པའི་སྒོ་དང་ལྟ་བའི་མིག་ལྟ་བུ་ཡིན། མཐོ་འབྲིང་བོད་སྐད་ཡིག་གི་སློབ་ཁྲིད་བརྒྱུད་རིམ་ཁྲོད་དུ《དཀའ་གནད་གསལ་བའི་མེ་ལོང》གི་རྩ་ཚིག་དང་། རྒྱུགས་ཆེ་བའི་གཏམ་དཔེ་ལེགས་བཤད། དེ་བཞིན། སྙན་གཞུང་དང་བསྡུས་གྲྭའི་གཞུང་དོན་སོགས་བློར་འཛིན་པ་ནི་བོད་སྐད་ཡིག་གི་ཁྱད་ཆོས་དང་དགོས་པ་ཡིན་གཤིས་སློབ་མར་ངེས་པར་དུ་བློར་འཛིན་སྐུལ་རྒྱུ་དང་།  སློབ་ཚན་ཁག་གི་མིང་བརྡ་ཐ་སྙད་གསོག་འཇོག་དང་། རྒྱུན་ཤེས་གསོག་འཇོག  དེ་བཞིན་ཡིག་གེའི་གཟུགས་རིས་ཀྱི་སྦྱོང་བརྡར་སོགས་ལ་ཤུགས་སྣོན་གྱིས་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་ཆགས་ཐུབ་རྒྱུར་འབད་དགོས་སོ། ། 

གཉིས། སློབ་མའི་བསམ་གཞིགས་ཀྱི་ནུས་པ་གསོ་ཐབས་ལ་འབད་དགོས་པ།

  རྒྱུན་གཏན་སློབ་ཁང་སློབ་ཁྲིད་དམ་སྦྱོང་ཚན་བཀོད་སྒྲིག་གང་ཞིག་ཡིན་རུང་། གསལ་འགྲེལ་དབྱེ་ཞིབ་མེད་པར་རྟགས་ཙམ་བརྒྱབ་སྟེ་མཁྲེགས་སྐྱོར་མཁྲེགས་འཛིན་གྱི་ལྐུགས་རྟགས་དང་།  གཙོ་ཕལ་དབྱེ་བ་མེད་པར་མཐོང་ཚད་བློར་འཛིན་དགོས་པའི་ཨུ་ཚུགས་སོགས། མདོར་ན། དྲི་གཞི་དྲིས་ལན་ཚང་མ་གླུ་བརྒྱ་གདངས་གཅིག་དང་། དྲི་བརྒྱ་ལན་གཅིག་གི་སྐྱོ་ངལ་ལས་ལྡོག་སྟེ།  སློབ་མར་སླ་བ་ནས་དཀའ་བ་དང་། མངོན་སུམ་ནས་ལྐོག་འགྱུར། ཟུར་ནས་ངོས་ཀྱི་བརྒྱུད་རིམ་དང་བཅས་ཤེས་བྱའི་གནས་ལུགས་བདེན་པ་ཞིག་འཚོལ་རོགས་དང་ཁྲིད་སྟོན་བྱེད་དགོས་ལ། སློབ་མར་འཕྲུལ་ཆས་ཀྱི་མི་ལྟ་བུའི་འདུ་ཤེས་མི་འཛིན་པར། ལྟ་བའི་མིག་དང་སྨྲ་བའི་ཁ། སེམས་པའི་བློ་དང་ལྡན་པའི་རྣམ་དཔྱོད་ཁྱད་པར་བ་ཞིག་ཡིན་པའི་འདུ་ཤེས་ཀྱིས། བསམ་གཞིག་བྱ་རྒྱུར་ཁྲིད་སྟོན་དང་བསམ་གཞིག་བྱེད་དབང་ཡོད་པ་སྟེ། མདོར་ན། སློབ་མ་རང་ལ་རང་གི་ལྟ་བ་ཡོད་ཆོག་པའི་སྤོབས་པ་དང་ལྟ་བ་གླེང་འདོད་པའི་གདེང་ཚོད་གསོ་ཐབས་ལ་འབད་དགོས་སོ། ། 

གསུམ། ཕྱོགས་བསྡུས་ཤེས་བྱའི་དྲི་བར་སྦྱོང་བརྡར་བྱེད་དགོས་པ། 

   མཐོ་རྒྱུགས་ཀྱི་དྲི་གཞི་ནི་སློབ་མའི་ཕྱོགས་རྐྱང་པའི་ནུས་པ་ཚད་ལེན་ཙམ་མ་ཡིན་པར། ཕྱོགས་ཡོངས་ཀྱི་ནུས་པར་བརྟག་དཔྱད་བྱ་རྒྱུ་ཡིན་གཤིས། ང་ཚོས་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཤེས་བྱའི་གནད་རྐྱང་པ་ཙམ་ལ་སྦྱོང་བའི་གཡག་ཞར་གྱིས་རྩྭ་ཟ་བ་ལྟ་བུའི་སློབ་ཁྲིད་དང་།  ཤེས་བྱའི་དཀའ་གནད་མ་གྲོལ་བར་སླ་བ་བཤད་དྲགས་པ་སྟེ་རྒད་མོས་ཟས་ཟ་བ་ལྟ་བུའི་སློབ་ཁྲིད། ཡང་ན། གཙོ་ཕལ་གྱི་སྤུ་རིས་མ་ཕྱེད་པར་མུན་ནག་མདའ་འཕེན་ལྟ་བུའི་སློབ་ཁྲིད་ཀྱི་སྐྱོན་ལས་ལྡོག་སྟེ།  བརྡ་སྤྲོད་དང་སྙན་གཞུང་། རྩོམ་རིག་གི་ཤེས་བྱ་སོགས་ཕྱོགས་བསྡུས་རང་བཞིན་གྱི་དྲི་བར་སྦྱོང་བརྡར་བྱས་ཐོག་སློབ་མའི་རྒྱུགས་སྤྲོད་ཀྱི་ནུས་པ་གསོ་ཐབས་ལ་འབད་དགོས་སོ། ། 

བཞི། སློབ་མར་འཚོ་བ་དངོས་ལ་ཟབ་འཇུག་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས་པ། 

  སློབ་ཁྲིད་ཀྱི་སྦྱོར་དངོས་རྗེས་གསུམ་གྱི་དམིགས་པ་མཐར་གཏུགས་ན། སློབ་མ་གང་ཞིག་རིག་གནས་ཆུ་ཚད་ལྡན་ལ་མི་གཞི་ཀུན་སྤྱོད་ལེགས་པ། མཐོང་བའི་ལྟ་རྒྱ་ཡོད་ལ་འཚོ་བའི་མྱོང་བ་ཡོད་པ་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་གཤིས།  སློབ་ཁང་སློབ་ཁྲིད་ཙམ་དང་བསླབ་གཞི་ཙམ་ལ་བརྟེན་པས་དམིགས་ཡུལ་མངོན་དུ་མ་གྱུར་ཕྱིར། སློབ་མས་སློབ་གསེང་གི་དུས་ཚོད་ནང་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལ་ཟབ་འཇུག་བྱ་རྒྱུར་ཁྲིད་སྟོན་དང་། དྲྭ་རྒྱ་སོགས་སོགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་འབྱུང་འགྱུར་གྱི་འཕེལ་ཕྱོགས་ལ་བསམ་གཞིག་བྱ་རྒྱུར་ཁྲིད་སྟོན་ཐུབ་པ།  གཞན་ཡང་། སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་རང་གི་རིན་ཐང་འདོན་ཐུབ་རྒྱུའི་གདེང་ཚོད་དང་སྤོབས་པ་གསོ་ཐབས་ལ་འབད་དགོས་སོ། ། 

   མཇུག་གི་དོན་ལ། འཇིག་རྟེན་གྱི་བྱ་བ་ཀུན་ལ་བཀྲ་ཤིས་མ་དང་སྣ་ནག་མ་གཉིས་མཉམ་དུ་གནས་པ་བཞིན་དུ། སྐབས་དོན་གླེང་གཞིར་གྱུར་པའི་རྒྱུགས་གཞིར་ཡང་སྐྱོན་ཡོན་གཉིས་ལྷན་ཅིག་ཏུ་གནས་ཡོད་ནའང་། འདིར་ཁོ་བོས་རྒྱུགས་ཀྱི་ཁྱད་ཡོན་གཙོ་ཐིག་ཏུ་བཟུང་ནས་མ་འོངས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་ཁ་ཕྱོགས་བཙལ་འཚོལ་ལ་འབད་ཁུལ་བྱས་ཀྱང་། ཆུ་རྒྱུག་སར་ཤུར་མ་ཐོན་པ་དང་མེ་འབར་སར་ས་མ་འཚིག་པའི་ངོ་གནོང་ཞིག་ངང་གིས་སྐྱེས་མོད། ལས་རོགས་དགེ་རྒན་རྣམ་པའི་སྤྱན་སྔར་བསྟར་བ་ལ་བཀའ་སློབ་བཀའ་མཆིད་གང་མང་ཡོང་བའི་རེ་བ་དང་བཅས་རྫོགས་སོ། ། 
















འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།




མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ

通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章