གནའ་དེང་ཟུང་འཇུག་གི་རང་སྒྲ།
དམ་ཅན།
དུས་ཀྱི་བློས་བླངས་དཀྱིལ་འཁོར་ནི་སྐྱེ་འགྲོས་བཞེངས་པའི་སྒྱུ་འཕྲུལ་གྱི་དངོས་པོ་དང་འདྲ་ལ། རྫུ་འཕྲུལ་གྱི་རྣམ་གཞག་འཁྱུག་ས་ནས་འགྲོ་བ་མིས་སྣང་སྲིད་འཇིག་རྟེན་ཟླུམ་པོའི་གར་ལ་རྩེན་ཞིང་། དུས་ཀྱི་ཆོས་ཉིད་འདི་གར་སེམས་ཀྱི་བང་རྩལ་ངོམ་པའི་རྟ་མཆོག་རྒྱུག་བཞིན་མཆིས། ནམ་ཟླ་ནི་མཛེས་རིས་རྣམ་པར་བཀྲ་བའི་མེ་ལོང་ནང་གི་ས་བཀྲ་ཞིག་རེད་ལ། འགྲོ་བའི་རྣམ་ཤེས་ཚོགས་དྲུག་གི་ལུང་གཤོང་ནང་ཤང་ཤང་དུ་རྒྱུག་པའི་གཙང་པོ་ཞིག་ཀྱང་རེད། བགྲང་བྱ་སྟོང་ཕྲག་བརྩེགས་མའི་ཆུ་ཀླུང་གི་བཞུར་རྒྱུན་ཁྲོད། རྟེན་འབྲེལ་གྱིས་འདུས་པའི་བྱ་དངོས་ཡོད་དོ་ཅོག རྨི་ལམ་གྱི་ན་བུན་བཞིན་སྔ་ཕྱིའི་བང་རིམ་གྱི་གར་ལས་ཡོད་ཚད་མངོན་སུམ་དབང་སྒོ་ནས་ཇི་སྲིད་གཏན་དུ་ཡལ། སྣ་ཚོགས་རྟེན་འབྲེལ་གྱི་འདུ་འགོད་རེ་རེ་ནས། རྫུ་འཕྲུལ་གྱི་འཇུག་པ་རྒྱས་པའི་རྣམ་ཤེས་ཀྱི་ཁང་བུར་རྒྱུག་པ་ལག་སྤྲོད་ལྟ་བུའི་མན་ངག་ཅིག་ལ་དབང་བ་བཞིན། སྔ་མ་སྔ་མས་རྣམ་ཤེས་ཀྱི་བང་མཛོད་དུ་བཅུག་པའི་མི་རབས་ཀྱི་རིག་གནས། ཕྱི་མ་ཕྱི་མའི་དབང་པོའི་སྒོ་དྲུང་ནས་ཡ་ཆུང་གི་སྙིང་ཁར་འཇོག་ཚེ། རིག་གནས་རྒྱུན་ཐག་མཐུད་པའི་ཟུངས་ཁྲག་དྲོན་མོ་ནི། མི་ལོ་བརྒྱ་ཕྲག་ཡུན་ལ་འཚར་བའི་སྡོང་རྒན་གྱི་རྩ་ལམ་དང་འདྲ་བར་འུ་ཅག་གི་ཟུངས་ཁྲག་ནང་ཁྱབ། དེ་ལྟའི་གནའ་དེང་སྦྲེལ་བྱེད་ཀྱི་རོལ་རྩེད་ལྟ་བུའི་རྒྱུ་ཚུལ་འདི། ང་ཚོའི་དུས་གསུམ་འཚོ་བའི་ཁང་ཁྱིམ་དྲོན་མོར་ཁྲ་ལམ་མེར་གནས་ཤིང་། ང་ཚོའི་འགྲོ་འདུག་གནས་མལ་ཀུན་ལ་ཟད་མེད་པའི་ཁ་ཏ་བསླབ་བྱའང་བྱེད་བཞིན་ཡོད།
བཀའ་དྲིན་བསམ་གྱིས་མི་ཁྱབ་པའི་དུས་ཚོད་ཀྱི་གཙང་ཆབ་རིང་མོས། ཟླུམ་གཟུགས་འཇིག་རྟེན་གོ་ལའི་ཏོག་ཏུ་འཆང་བའི་ཁ་བ་རི་པའི་ཤེས་དཔལ་དར་རྒུད་ཀྱི་དཔང་པོར་བྱོན་པ་སྟེ། ཆེས་གནའ་བོ་ཞིག་གི་ལོ་ཟླའི་ཉག་མར་མཐའ་ཡས་སྲིད་པའི་མཚོ་རྣམས་ཉུང་ངུར་སོང་ཞིང་སྲ་ཞིང་འཐས་པའི་ས་ནག་འབུར་དུ་ཐོན། གནམ་གཤིས་ཚ་གྲང་སྙོམས་པས་ནགས་ཀྱི་ཚལ་ཡང་རང་དགར་སྐྱེས། དེ་དུས་མི་ནི་མེད་ཅིང་རི་དྭགས་གཅན་གཟན་དག་ཀྱང་བག་ཕེབས་པར་ངེས། སླར་ཡང་ལོ་ཟླའི་གླེགས་བམ་མཐུག་པོ་ཇི་སྙེད་དལ་གྱིས་བཞུད་རྗེས། གནམ་གྱི་ཀ་བར་ཆས་པར་འདོད་པའི་མདོ་དབུས་མཐོ་སྒང་དང་ས་སེར་མཐོ་སྒང་སོགས་ནི་ཕན་ཚུན་འགྲན་ཡར་བྱོན་ལྟར་ཤེད་ཀྱིས་གྱེན་དུ་ལངས། དེ་བས་ཧི་མ་ལ་ཡའི་རི་ཚོགས་དག་ནི་སྲབ་མེད་རྟ་རྒོད་ཇི་བཞིན་མཐོ་སྒང་ནས་ཨ་སྔོན་ཡངས་པོའི་མགྲོན་དུ་ཆས་འདོད་འདུན་པར་འགོག་ཐབས་ཅི་ལ་མཆིས། མཐོ་སྒང་ས་གཞིའི་ཀ་ཆེན་ལྟ་བུའི་རི་བོ་ཇོ་མོ་གླང་མས་ཚད་དང་ཚོད་ཀྱི་དགོངས་པ་མེད་པར་མཚོ་རྩིས་སྨི་ནི་སྟོང་ཕྲག་བརྒྱད་ཡན་ཨ་ན་ཨུ་ཚུགས་ཀྱིས་འགྲེངས། སྲིད་པའི་རི་ཚོགས་ཇི་སྙེད་ཀྱིས་ཕན་ཚུན་འགྲན་པའི་ཚུལ་གྱིས་ཡར་ཡར་ཆས་པའི་ཚེ། དགུང་ཨ་སྔོན་ཡངས་པོ་འདི་ཡང་། འདི་ལྟའི་མཐོ་སྒང་གི་སྟག་སེང་ཁྱུང་འབྲུག་ལྟ་བུའི་མུ་ཁྱུད་དག་གིས་གནམ་གྱི་ཞིང་ཁམས་དབྲལ་བར་དོགས་ནས། གོ་ལའི་གནམ་གཤིས་གང་ནི་བཏང་འཛིན་བྱེད་པའི་བློ་ཁ་འཁྲུངས་པ་འདི་ལྟར། ར་ཅོ་ཇི་བཞིན་སྒྲེང་གིན་པའི་རི་ཚོགས་དག་གིས་མུ་ནས་མཁའ་ལ་རེག་ན། སུམ་རྩེན་ཞིང་ཁམས་འབྱུང་བཞིའི་འཁྲུག་པའི་རྐྱེན་ལས་མ་འདས་སྙམ་བཞིན། དེ་མར་འབྱུང་བའི་འདེད་དཔོན་མ་ལུས་ཉེ་བར་མངགས་ཏེ་མཐོ་སྒང་རི་ཚོགས་ནོན་པར་བྱེད་པོར་ཆས། དེ་ནས་རབ་དཀར་གངས་དང་འཁྱག་པས་རི་ཚོགས་ཀུན་ལ་མཁའ་གནོན་དགོས་པའི་བཀའ་བཀོད་ཇི་བཞིན། མཐོ་སྒང་རི་ཚོགས་དག་ནི་དེ་ནས་རབ་དཀར་ཁ་བའི་དབུ་ཞྭས་བཅིངས་ནས་དུས་གསུམ་ཡར་ལ་འཕགས་པའི་བགྱི་བ་ལྷོད་པར་སོང་།
འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།