སྤྱོད་ཡོན་གཉིས་ལྡན་གྱི་སློབ་བུ། ཟླ་བ་རྒྱལ་མཚན།

文摘   2024-08-24 10:41   西藏  


སྤྱོད་ཡོན་གཉིས་ལྡན་གྱི་སློབ་བུ།

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༢ འཛིན་གྲྭ(༡༡)  

ཟླ་བ་རྒྱལ་མཚན།

དུས་རབས་ཉེར་གཅིག་དུས་ཀྱི་ཁུག་སོ་ན། །

མི་གཤིས་སྐྱོན་གྱིས་སྦགས་པའི་སློབ་བུའི་ཚོགས། །

གཅིག་རྗེས་གཉིས་མཐུད་ཆར་རྗེས་ཤྭ་མོ་བཞིན།  །

གཅིག་གི་ཁ་སྟབས་གཅིག་ལས་བཙན་པའི་ཚུལ། །

འཛམ་བུའི་གླིང་དུ་རླུང་ལྟར་གྲགས་པ་འདིས། །

རང་སེམས་དུང་བས་གཙེས་པའི་མྱོང་བ་ཙམ། །

ན་མཉམ་རང་འདྲར་ཕན་པའི་ལྷག་བསམ་གྱིས། །

ཡིག་ཚོགས་བསྐྱུངས་ཏེ་མདོར་བསྡུས་ཙམ་ཞིག་སྨྲ། །

   དེ་ཡང་།བཤེས་པའི་སྤྲིང་ཡིག ལས། མི་ནི་ཨ་མྲའི་འབྲས་བཞིན་མ་སྨིན་ལ། །སྨིན་པ་དང་འདྲ་སྨིན་ལ་མ་སྨིན་འདྲ། །མ་སྨིན་མ་སྨིན་པར་སྣང་སྨིན་ལ་ནི། །སྨིན་པར་སྣང་ཞེས་བགྱི་བ་འདྲར་རྟོགས་མཛོད། ། ཅེས་པ་ལྟར་མུ་མཐའ་མེད་པའི་གོ་ལ་ཟླུམ་པོ་འདིའི་སྟེང་འཚོ་ཞིང་གནས་པའི་སྐྱེ་འགྲོའི་ཚོགས་ཀུན་ལ་ལྷན་སྐྱེས་སུ་གྲུབ་པའི་རང་གཤིས་དང་། རང་རང་འཚར་ལོངས་ཀྱི་ཁོར་ཡུག་དང་རིག་གནས། སློབ་གསོ་སོགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་གྲུབ་པའི་ཐུན་མིན་གྱི་རང་གཤིས་རེ་གྲུབ་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། འོན་ཀྱང་། ཉེ་འཆར་དྲ་ཐོག་གི་འཕྲིན་ལམ་བརྒྱུད་ནས་ཧུའུ་པེ་ཞིང་ཆེན་ཧན་ཏན་ས་ཆར་དམའ་འབྲིང་སློབ་མ་གསུམ་པོས་རང་དང་ཉིན་མཚན་དབྱེར་མེད་གཟུགས་དང་གྲིབ་མ་བཞིན་འཚོ་བཞིན་པའི་རང་གི་སློབ་གྲོགས་གཅིག་ལྔ་པའི་ལམ་དུ་བརྫངས་ནས་མི་གཤིས་དང་འགལ་བའི་གདུག་རྩུབ་ཀླ་ཀློའི་བྱ་སྤྱོད་ཐ་ཤལ་དག་འཛམ་གླིང་གི་ཡུལ་ཕྱོགས་གང་སར་རླུང་ལྟར་གྲགས་པ་དེས་བདག་གི་བློ་ངོར་གཤོང་དཀའ་བའི་སྣང་བ་ཞིག་དང་། གདུག་རྩུབ་ཀྱི་སྤྲིན་ནག་ཅིག་གིས་ཡིད་སེམས་མུན་པས་བསྒྲིབས་པར་བྱས། རྒྱུ་མཚན་ནི་ཁྲིམས་ལོ་མ་ལོན་པའི་ཁོང་གསུམ་པོའི་མི་གསོད་ཀྱི་བྱ་སྤྱོད་ཙམ་མ་ཡིན་པར་ཁོ་ཚོས་ལས་ངན་བརྩམས་པའི་ཐོག་མཐའ་བར་གསུམ་གྱི་གྲ་སྒྲིག་གི་བྱ་བ་དང་གཡོ་སྒྱུ་ཁྲམ་གསུམ་གྱི་དྲི་མས་སྦགས་པའི་བྱ་སྤྱོད་དག་ཡིན་ཞིང་། འདི་ལྟ་བུའི་བྱ་ངན་ཞིག་འཛམ་གླིང་གི་ས་ཕྱོགས་ཀུན་ལ་ཁྱབ་པའི་རྒྱུ་རྐྱེན་ཡང་དེ་ལས་མ་འདས་སྙམ། རྟག་ཏུ་གཞན་དོན་མི་སེམས་པ། །དེ་ཡི་སྤྱོད་པ་ཕྱུགས་དང་མཚུངས། །ཞེས་གསུངས་པ་ལྟར་གཞན་གྱི་བདེ་སྡུག་ལ་མི་བསམ་པར་འགྲོ་བ་མིའི་རང་གཤིས་དང་བྲལ་བའི་མི་གསོད་ལག་དམར་གྱི་བྱ་ངན་འདི་ལྟ་བུ་ཞིག་ལོ་མང་སློབ་གསོ་མྱོང་བའི་སློབ་འབྲིང་གི་སློབ་མ་དག་གི་སྤྱོད་ཚུལ་དུ་གྱུར་པ་ནི་ཆེས་ཡིད་ཕམ་དགོས་པ་ཞིག་རེད་ལ། ང་ཚོ་སློབ་བུའི་ཚོགས་ཀྱིས་བསམ་གཞིག་དང་དོགས་ཟོན་བྱ་དགོས་པའི་གནས་དམ་པ་ཞིག་ཏུ་འཁུམས་སོ། །

   དེར་བརྟེན། ང་ཚོ་སློབ་མའི་ཚོགས་ཀྱིས་སློབ་གཉེར་བྱེད་པའི་བརྒྱུད་རིམ་ཁྲོད་རང་དགོས་ཤེས་བྱའི་གནས་ལ་ཟས་བརྗེད་གཉིད་བཅག་གིས་སྦྱང་པ་རྣལ་མ་རེ་བྱ་རྒྱུ་ནི་རང་གི་ཕུགས་བསམ་མངོན་འགྱུར་ཡོང་བའི་ས་བོན་དང་འདྲ་ལ། ཉིན་མཚན་དབྱེར་མེད་བུ་ཕྲུག་གི་དོན་དུ་དཀའ་བ་ཁྱད་བསད་གནང་མཁན་གྱི་དྲིན་ཆེན་ཕ་མ་གཉིས་པོའི་རེ་བའང་ཡིན་མོད། དེ་བས་ཀྱང་། ཕྱིས་འབྱུང་འགྲོ་བ་མི་རིགས་ཀྱི་སྤྱི་ཚོགས་ཁྲོད་རང་ཁ་རང་གསོ་དང་དཔུང་པ་མཉམ་གཤིབ་ཀྱིས་འཚོ་བའི་མི་བུ་ཞིག་གི་ངོས་ནས་བརྗོད་ན། ཐོས་པ་དོན་དུ་གཉེར་ནས་བླང་དོར་གྱི་བློ་མིག་འབྱེད་པ་དང་ལྷན་དུ་བཤེས་གཉེན་དམ་པའི་གསུང་གི་བདུད་རྩི་དག་རང་སེམས་སྐྱོན་གྱི་དྲི་མ་བཀྲུ་བའི་འདག་རྫས་ལྟ་བུ་ཞིག་ཏུ་བརྩིས་ནས་རང་སེམས་གཙང་མར་བཀྲུ་བར་རྩོམ་པ་ནི་ཤིན་ཏུ་ནས་གལ་ཆེའོ། །

   དུས་རབས་ཉེར་གཅིག་གི་གཞོན་ནུ་ཚོ། ང་ཚོ་ནི་མེས་རྒྱལ་གྱི་མེ་ཏོག་ཡིན་ལ། མ་འོངས་པའི་རེ་བའང་ཡིན་པས་ང་ཚོའི་སེམས་སུ་དྲོད་འཁོལ་ལྡན་ཞིང་། མིག་ནང་འོད་སྣང་གིས་ཕྱུག་པའི་སྤྱོད་ཡོན་གཉིས་ལྡན་གྱི་མི་བུ་ཞིག་བྱེད་པར་དེ་རིང་ནས་འགོ་བརྩམ་དགོས། དེ་བས་ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་སྲོག་ཤིང་ལ་སློབ་སྦྱོང་ནན་ཏན་བྱས་ཏེ་ཞི་བདེ་མཉམ་གནས་ཀྱི་སྤྱི་ཚོགས་ལ་ཁ་ཕྱོགས་པའི་ཡ་རབས་ཚུལ་ལྡན་གྱི་སློབ་བུ་ཞིག་ཆགས་པར་དེ་རིང་ནས་འབད་དགོས་སོ། ། 

ཟུར་ཁྲིད་དགེ་རྒན།  བསྟན་འཛིན་ཆོས་གྲགས། 









འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།



མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ



通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章