ཕ་ཡུལ།
ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༣ འཛིན་གྲྭ(༢)
བསྟན་འཛིན་རིག་མཆོག
ཕ་ཡུལ། ང་ཡི་རྨི་ལམ་འཁོར་སའི་ཡུལ་ལུང་པ་གང་འདྲ་ཞིག་ཏུ་སོང་ཀྱང་ང་ཡི་སེམས་ནང་ཕ་ཡུལ་ལས་སྐྱིད་པ་མེད་བསམ། ང་ཡི་ཕ་ཡུལ་ནི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་དུ་གནས། ང་རང་ཕ་ཡུལ་ལ་ལོག་ཚེ་སེམས་ཀྱང་གུ་ཡངས་སུ་སོང་སྟེ། ངས་ཕ་ཡུལ་གྱི་ཡུལ་ལྗོངས་སེམས་ནང་རྡོ་ལ་རི་མོ་བརྐོས་པ་ནང་བཞིན་ངེས་ཡོད།
ང་ཡི་ཕ་ཡུལ་ནམ་མཁའ་ལས་རྒྱ་ཆེ་བའི་རྩྭ་ཐང་སྟེང་གནས་ཡོད། ཕ་ཡུལ་ལ་སླེབས་ཚེ་སེམས་ཀྱང་གུ་ཡངས་སུ་འགྲོ་དགོས་དོན་ནི་ང་ཚོ་རྣམ་ཀུན་གྱི་གྲོང་ཁྱེར་དང་མི་འདྲ་བས་གྲོང་ཁྱེར་ནང་རླངས་འཁོར་ནི་ནམ་མཁའི་སྟེང་གི་སྐར་ཚོགས་ལས་མང་བས་ཉིན་ལྟར་ཟང་ཟིང་གིས་འུར་སྒྲས་ཁེངས་པ་བྱེའུ་ཆུང་རྣམས་ཀྱིས་སྐད་སྙན་སྒྲོག་པའི་གླུ་དབྱངས་དང་ལྷུང་ལྷུང་དུ་འབབ་པའི་རྦབ་ཆུའི་སྒྲ་གཅིག་ཀྱང་མི་ཐོས། དེའི་ཚེ་ང་ཚོའི་སེམས་ཀྱང་ལྷོད་པོར་གནས་མི་ཐུབ་ཡིན་ཡང་དེ་ཚོ་ཚང་མ་ང་ཚོས་སྤོབས་པ་བྱེད་དགོས་པ་ཞིག་ཡིན། ཡིན་ཏེ། ང་ཚོ་བོད་ལྗོངས་ཀྱང་ཚན་རིག་ལག་རྩལ་དང་མི་དམངས་ཀྱི་འཚོ་བ་ཡར་རྒྱས་ཧ་ཅང་ཆེ་བར་འགྲོ་བའི་རྐྱེན་ཡིན། འོན་ཀྱང་ང་རང་ཕ་ཡུལ་ལ་སླེབས་ཚེ་ང་ལ་ཚོར་སྣང་མི་འདྲ་བ་ཞིག་སྤྲད། རླངས་འཁོར་ཀྱང་ཧ་ཅང་ཉུང་བ་དང་ཉིན་ལྟར་བྱེའུ་ཆུང་རྣམས་ཀྱི་སྐད་སྙན་སྒྲོག་པའི་གླུ་དབྱངས་དང་ཆུ་མོ་ཤང་ཤང་དུ་རྒྱུག་པའི་སྐད་སྒྲ་ཐོས་པས་ང་རང་གི་སེམས་ཀྱང་ཞི་བདེ་ལྷིང་འཇགས་ཤིག་ཏུ་འགྱུར། ཕ་ཡུལ་གྱི་ཡུལ་ལྗོངས་ཀྱང་ཧ་ཅང་ལྟ་ན་སྡུག་པ་ཡོད་དེ་ཡིན་ཡང་། དཔྱིད་དུས་ང་ཡི་ཕ་ཡུལ་གྱི་ཡུལ་ལྗོངས་ངས་དུས་ནམ་ཡང་བརྗེད་མི་སྲིད་ལོ་ལྟར་གྱི་དཔྱིད་དུས་སླེབས་དུས་ངས་ནོར་ལུག་འཚོ་བའི་ལམ་བར་དུ་གཏམ་དཔེ་འདི་འདྲ་ཞིག་བསམ་མྱོང་།
སིལ་སིལ་དཔྱིད་ཀྱི་དྲོད་རླུང་ལྡང་བ་ཡིས། །
དགུན་གསུམ་གཉིད་དུ་ཡུར་བའི་སྐྱེ་དངོས་དག །
སྐྱེས་པའི་གཉིད་ཀྱི་མལ་ནས་རབ་འདོགས་ཏེ། །
དཔྱིད་ཀྱི་ཕོ་ཉར་བསུ་བ་ཇི་བཞིན་གདའ། །
ཞེས་བསམ་མྱོང་དཔྱིད་དུས་རྩྭ་ཤིང་གི་ལོ་ཏོག་རྣམས་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་བཏོན་ཚེ་མཁྲེག་པའི་ས་སྟེང་ནས་ཐོན་ཡོང་། ང་ཚོས་ཀྱང་རྩི་ཤིང་གི་མྱུ་གུ་བཞིན་འཚོ་བའམ་ཡང་ན་སློབ་སྦྱོང་བྱེད་པའི་སྐབས་དཀའ་ངལ་ཅི་འདྲ་ཞིག་འཕྲད་ཀྱང་ངེས་པར་དུ་དཀའ་ངལ་ཁྱད་སད་བྱེད་དགོས་པའི་གོ་བརྡ་སྤྲད།
དབྱར་དུས་སུ་མེ་ཏོག་རྣམས་བཞད་ནས་ནོར་འཛིན་དེ་ལ་གྱོན་ཆས་ལྗང་ཁུ་གྱོན་པ་དང་འདྲ། ཕྲུ་གུ་རྣམས་རྩྭ་ཐང་སྟེང་རྐང་རྩེད་སྤོ་ལོ་ལ་རོལ་ཞིང་བསྡད། ཚ་དྲོད་ཧ་ཅང་ཆེ་བས་མི་རྣམས་ཕྱི་རུ་འགྲོ་བ་ཧ་ཅང་ཉུང་ཤས་ཡིན། རྒྱང་རིང་ནས་རྩྭ་ཐང་སྟེང་བལྟས་ཚེ་ནོར་ལུག་རས་ལྗང་མདོག་ཅིག་གི་སྟེང་དུ་ཕྲེང་བ་མང་པོ་ཞིག་བཀྲམ་པ་དང་མཚུངས། སྟོན་དུས་ང་ཡི་ཕ་ཡུལ་འདི་འདྲ་ཞིག་མི་མཛེས་པས་མོད་ང་ཚོ་ཆུ་ནང་གི་ཉ་མོ་བཟུང་ཏུ་འགྲོ་གིན་ཡོད། ཆུ་ནང་གི་ཉ་མོས་ཕར་མཆོངས་ཚུར་མཆོངས་བྱེད་པ་དེ་མི་མང་པོ་ཞིག་གིས་ཞབས་བྲོ་འཁྲབ་པ་དང་འདྲ་བས་དེ་འདྲའི་མཛེས་ཤིང་སྡུག་པ་ལགས། དགུན་དུས་སུ་ང་ཡི་ཕ་ཡུལ་གྱོན་ཆས་དཀར་པོ་ཞིག་གྱོན་པ་དང་འདྲ། དགུན་དུས་སུ་གངས་དམག་བརྒྱབ་པ་ནི་ཕྲུ་གུ་རྣམས་ཀྱི་རོལ་རྩེད་མེད་དུ་མི་རུང་བ་ཞིག་ཡིན། ཕྱི་རུལ་དུ་གྲང་ངར་ཧ་ཅང་ཆེ་བས་སྣ་ཆུར་འཁྱགས་པ་བརྒྱབ་ཀྱང་གྲང་བའི་སྣང་བ་དེ་ཙམ་མི་སྟེར།
མཛེས་པའི་བོད་ལྗོངས་ང་ཡི་ཕ་ཡུལ་ཡིན་ང་ཡི་སེམས་གཏིང་གི་ཕ་ཡུལ་བོད་ལྗོངས་ད་བར་ངས་ཁྱེད་ལས་མཛེས་པ་མཐོང་མི་སྲིད། ཁྱེད་ཀྱི་སྙན་གྲགས་འཛམ་གླིང་ཡོངས་སུ་ཁྱབ་པས་ཁྱེད་ཉིན་མཚན་མེད་པར་ང་ཡི་རྨི་ལམ་དུ་འཆར་ཟིན།
ཟུར་ཁྲིད་དགེ་རྒན། སྐལ་བཟང་རྒྱལ་མཚན།
འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།
མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།
༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།
《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག
གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།