ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་།
བསོད་ནམས་ཚེ་བརྟན།
མཐོ་རྒྱུགས་ལ་དབྱེ་ཞིབ་བྱེད་སྐབས་ཁོ་བོའི་མ་ཡིག་ནི་རྒན་ཕུར་བུ་སྲིད་ཐར་མཆོག་གིས་བསྡུ་བསྒྲིགས་གནང་བའི“༢༠༢༤ལོའི་རྒྱལ་ཡོངས་ཀྱི་སྤྱིར་བཏང་སློབ་གྲྭར་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་ལེན། བོད་སྐད་ཡིག”གཞིར་བཟུང་བ་ཡིན།
དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས། སློབ་གསོ་སློབ་ཁྲིད་ལའང་སྔར་ན་མེད་པའི་རེ་བ་གསར་པ་ཞིག་བཏོན་དང་འདོན་མུས་ཡིན། དེ་བས་མཐོ་རྒྱུགས་ཀྱི་རྒྱུགས་གཞིའི་འདོན་སྟངས་ཀྱིས་སློབ་གསོ་སློབ་ཁྲིད་ལ་ཕྱོགས་སྟོན་འཁོར་ལོ་ལྟ་བུའི་ནུས་པ་ཐོན་གྱིན་ཡོད་པས། ཉེ་བའི་ལོ་འགའི་རིང་ལ་རྒྱུགས་གཞིའི་རྣམ་པ་དང་། ནང་དོན་གྱི་བཀོད་སྒྲིག་ལ་འགྱུར་བ་ཅུང་ཆེ། དེ་ནི་རིག་ཚན་གཞན་རྣམས་བསླབ་ཚན་བཅོས་བསྒྱུར་དང་། མཐོ་རྒྱུགས་བཅོས་བསྒྱུར་ཀྱི་ཚ་རླབས་འཕྱུར་བ་དང་ལྷན་དུ། རང་རེའི་བོད་སྐད་ཡིག་ཡིག་རྒྱུགས་འདི་ལའང་བསྒྱུར་བཅོས་ཀྱི་གོམ་པ་སྤོ་བཞིན་རང་ཉིད་ལ་འཚམ་པའི་ལམ་གསར་པ་ཞིག་འཚོལ་གྱིན་པའི་ཚོར་བ་ངམ་ངམ་ཤུགས་སུ་སྟེར། མཐོ་རྒྱུགས་བཅོས་བསྒྱུར་ནི་དཀའ་ཁག་ཆེ་ལ་དོན་སྙིང་ལྡན་པའི་བྱ་བ་རླབས་པོ་ཆེ་ཞིག་ཡིན་པ་བསྙོན་དུ་མེད། ལྷག་པར་འདི་ལོའི་མཐོ་རྒྱུགས་ལ་རྒྱུགས་གཞིའི་རྣམ་པ་དང་ནང་དོན་གཉིས་ཀར་འགྱུར་བ་ཆེས་ཆེ་བའི་རྒྱུགས་གཞི་ཞིག་ཡིན་ཞེས་བརྗོད་ཀྱང་མི་འགྲིག་པ་མེད་སྙམ། གཤམ་དུ་ཁོ་བོས་རང་གི་བློས་དཔོག་ཚོད་ཀྱིས་དབྱེ་ཞིབ་ཅུང་ཟད་བགྱིད་པར་བྱ་སྟེ།
དང་པོ། ཉེ་བའི་ལོ་འགའི་རིང་གི་མཐོ་རྒྱུགས་ཀྱི་འཕེལ་འགྱུར་སྐོར་བཤད་པ།
ཉེ་བའི་ལོ་འགའི་རིང་གི་བོད་སྐད་ཡིག་མཐོ་རྒྱུགས་གི་དྲི་གཞིའི་བཀོད་སྒྲིག་དང་། སྐར་མའི་བགོ་འགྲེམས་ལ་ལོ་རེ་ལས་མ་འདས་པར་འགྱུར་བ་ངེས་ཅན་ཞིག་འགྲོ་བཞིན་འདུག་སྟེ།
གཅིག ཉེ་བའི་ལོ་འགའི་མཐོ་རྒྱུགས་ཀྱི་རྒྱུགས་གཞིའི་སྒྲོམ་གཞི་སྤྱི་དང་འཕེལ་འགྱུར།
སྤྱི་ལོ། | སྒྲོམ་གཞི་རགས་པ་དང་སྐར་གྲངས། | བསྡོམས་སྐར། | |||||
2018 | ཆ་ཤས་དང་པོ། | 85 | ཆ་ཤས་གཉིས་པ། | 15 | ཆ་ཤས་གསུམ་པ། | 50 | 150 |
2019 | ཆ་ཤས་དང་པོ། | 85 | ཆ་ཤས་གཉིས་པ། | 15 | ཆ་ཤས་གསུམ་པ། | 50 | 150 |
2020 | ཆ་ཤས་དང་པོ། | 85 | ཆ་ཤས་གཉིས་པ། | 15 | ཆ་ཤས་གསུམ་པ། | 50 | 150 |
2021 | ཆ་ཤས་དང་པོ། | 85 | ཆ་ཤས་གཉིས་པ། | 15 | ཆ་ཤས་གསུམ་པ། | 50 | 150 |
2022 | ཆ་ཤས་དང་པོ། | 85 | ཆ་ཤས་གཉིས་པ། | 15 | ཆ་ཤས་གསུམ་པ། | 50 | 150 |
2023 | ཆ་ཤས་དང་པོ། | 80 | ཆ་ཤས་གཉིས་པ། | 15 | ཆ་ཤས་གསུམ་པ། | 55 | 150 |
2024 | ཆ་ཤས་དང་པོ། | 75 | ཆ་ཤས་གཉིས་པ། | 15 | ཆ་ཤས་གསུམ་པ། | 60 | 150 |
གོང་དུ་འཁོད་པ་ལྟར། ༢༠༡༨ལོ་ནས༢༠༢༤ལོའི་བར་གྱི་མཐོ་རྒྱུགས་ལ་སྤྱིར་ན་ཆ་ཤས་གསུམ་དུ་དབྱེ་བར་འགྱུར་བ་མེད་པར་མངོན། ༢༠༡༨ལོ་ནས༢༠༢༢ལོ་བར་གྱི་ཆ་ཤས་གསུམ་པོའི་སྐར་མའི་བགོ་འགྲེམ་གྱི་ཐད་ལ་སྤྱིར་ན་འགྱུར་བ་མེད་པ་དང་། ༢༠༢༣ལོ་དང༢༠༢༤ལོའི་སྐར་མའི་བགོ་འགྲེམས་ལ་འགྱུར་བ་ཆེས་ཆེ་བ་མཐོང་།
གཉིས། བྱེ་བྲག་ཆ་ཤས་སོ་སོའི་དྲི་གཞིའི་བཀོད་སྒྲིག་དང་སྐར་གྲངས་འཕེལ་འགྱུར།
སྤྱི་ལོ། | ཆ་ཤས་དང་པོའི་བྲེ་བྲག་དྲི་བ་དང་སྐར་གྲངས། | ཆ་ཤས་གཉིས་པ། | ཆ་ཤས་གསུམ་པ། | |||||||||||||
འདེམ་འཇུག་དྲི་གཞི། | སྐར་གྲངས། | སྟོང་ཆ་ཁ་སྐོང་། | སྐར་གྲངས། | དྲི་བ་དྲིས་ལན། | སྐར་གྲངས། | ལྟ་ཀློག་དབྱེ་ཞིབ། | སྐར་གྲངས། | འཚོལ་དཔྱད་རང་བཞིན། | སྐར་གྲངས། | འདེམ་སྦྱོང་དྲི་གཞི། | སྐར་གྲངས། | རྩོམ་ཡིག | སྐར་གྲངས། | |||
2018 | 25 | 50 | 5 | 5 | 4 | 10 | 7 | 15 | 1 | 5 | 6 | 15 | 1 | 50 | ||
2019 | 25 | 50 | 5 | 5 | 3 | 9 | 8 | 16 | 1 | 5 | 6 | 15 | 1 | 50 | ||
2020 | 25 | 50 | 5 | 5 | 3 | 9 | 7 | 16 | 1 | 5 | 6 | 15 | 1 | 50 | ||
2021 | 25 | 50 | 5 | 5 | 4 | 11 | 7 | 14 | 1 | 5 | 6 | 15 | 1 | 50 | ||
2022 | 25 | 50 | 8 | 8 | 3 | 9 | 7 | 16 | 1 | 5 | 6 | 15 | 1 | 45 | ||
2023 | 25 | 50 | མེད། | མེད། | 3 | 8 | 8 | 16 | 1 | 6 | 6 | 15 | 1 | 55 | ||
2024 | 25 | 50 | 5 | 5 | མེད། | མེད། | 8 | 20 | མེད། | མེད། | 7 | 15 | 1 | 60 | ||
ཆ་ཤས་སོ་སོའི་དྲི་གཞི་ཁག་གི་བཀོད་སྒྲིག་བྱེད་སྟངས་ལ་ཉེ་བའི་ལོ་འགའི་རིང་ལ་འགྱུར་བ་ཅུང་ཆེ་སྟེ། ༢༠༢༣ལོར་སྟོང་ཆ་ཁ་སྐོང་མེད་པ་བཟོས་པ་དང་། འདི་ལོར་སྟོང་ཆ་ཁ་སྐོང་བསྐྱར་དུ་བསྣན་ཀྱང་། དྲི་བ་དྲིས་ལན་མེད་པར་བཟོས་པ་མ་ཟད། འཚོལ་དཔྱད་རང་བཞིན་གྱི་དྲི་གཞི་ཡང་མེད་པར་བཟོས་འདུག འདི་ལས་གང་ཞིག་གསལ་བཤད་ཐུབ་བམ་སྙམ་ན། བདག་གིས་བསམ་ན་དེ་ནི་བསླབ་གཞི་གསར་པ་དང་། བསླབ་ཚན་གསར་པ། མཐོ་རྒྱུགས་གསར་པའི་ཚ་རླབས་དང་ལྷན་དུ་བོད་སྐད་ཡིག་གི་སྔ་མའི་གཏན་འཇགས་དང་འགྱུར་མེད་ཀྱི་རྣམ་པར་སྐྱོམས་འགུལ་ཐེབས་ཏེ། དུས་དང་བསྟུན་ནས་འཕེལ་རྒྱས་འགྲོ་བཞིན་པའི་སྣང་ཚུལ་ཞིག་མངོན་པར་བྱེད།
གཉིས་པ། སྤྱི་ཁོག་དབྱེ་ཞིབ།
སྤྱིར་ན2024ལོའི་རྒྱུགས་ཤོག་ནི་སྔར་མུས་བཞིན་ཆ་ཤས་གསུམ་ལས་གྲུབ་པ་ཡིན་ཏེ། ངེས་སྦྱོང་དྲི་གཞི། འདེམ་སྦྱོང་དྲི་གཞི། རྩོམ་ཡིག་བཅས་ཡིན། རྒྱུགས་གཞི་ཧྲིལ་པོའི་སྤྱི་ཁོག་གི་ཆ་ཤས་གསུམ་ལ་འགྱུར་བ་མེད་ཀྱང་། ཞིབ་ཕྲའི་དྲི་གཞི་འདོན་སྟངས་ལ་ལོ་གོང་མ་དང་བསྡུར་ན་མི་འདྲ་བའི་ཆ་མང་དག་ཅིག་འདུག་སྟེ།
གཅིག བརྡ་སྤྲོད་སྐོར་གྱི་དྲི་གཞིས་བརྒྱ་ཆ་ཟིན་ཚད་ཅུང་མཐོ་རུ་ཕྱིན་ཡོད་པ།
གཉིས། 2023ལོའི་རྒྱུགས་གཞིར་སྟོང་ཆ་ཁ་སྐོང་གི་དྲི་གཞི་མེད་པ་དེ2024ལོར་བསྐྱར་དུ་ཁ་སྣོན་གནང་བ།
གསུམ། ཚད་མའི་སྐོར་གྱི་དྲི་གཞིས་བརྒྱ་ཆ་ཟིན་ཚད་ཧ་ཅང་དམའ་རུ་བཏང་བ།
བཞི། འཚོལ་དཔྱད་རང་བཞིན་གྱི་དྲི་གཞི་མེད་པ་བཟོས་ཏེ་རྩོམ་ཡིག་ལ་སྐར་མ5ཁ་སྣོན་གནང་བ།
ལྔ། སྟབས་བདེའི་དྲིས་ལན་མེད་པར་བཟོས་གནང་བ་བཅས་ཀྱི་འགྱུར་བ་ཕྱིན་ཡོད།
གཅིག བརྡ་སྤྲོད་སྐོར་གྱི་དྲི་གཞིས་བརྒྱ་ཆ་ཟིན་ཚད་ཅུང་མཐོ་རུ་ཕྱིན་ཡོད་པ།
བརྡ་སྤྲོད་ཀྱི་དྲི་གཞི། | འདེམ་འཇུག | སྟོང་འཇུག | ལྟ་ཀློག་དབྱེ་ཞིབ། | འདེམ་སྦྱོང་། |
1、2、3、5、8、10、11、13、14、19、20、23、24 | 26、27 | 32 | 39、43 | |
དྲི་གཞིའི་གྲངས་འབོར། | 13 | 2 | 1 | 2 |
18 | ||||
སྐར་། | 26 | 2 | 2 | 5 |
ཁྱོན་སྐར35 |
འདེམ་འཇུག་གཅིག་པུའི་ནང་དུའང་དྲི་བ13ཙམ་བརྡ་སྤྲོད་དང་འབྲེལ་ཞིང་། སྟོང་འཇུག་ལ་དྲི་བ2ལྟ་ཀློག་དབྱེ་ཞིབ་ཀྱི་ནང་དུ་དྲི་བ1 འདེམ་སྦྱོང་གི་ནང་དུ་དྲི་བ2བཅས་མདོར་ན་དྲི་བ18ཙམ་ཞིག་བརྡ་སྤྲོད་ཀྱི་དྲི་བ་ཡིན་ཞིང་། ཁྱོན་སྐར35ཙམ་ཟིན་གྱི་འདུག
གཉིས། 2023ལོའི་རྒྱུགས་གཞིར་སྟོང་ཆ་ཁ་སྐོང་གི་དྲི་གཞི་མེད་པ་དེ་2024ལོར་བསྐྱར་དུ་ཁ་སྣོན་གནང་བ།
སྟོང་འཇུག་དྲི་གཞི། | 26、27、28、29、30 |
སྐར་གྲངས། | 5 |
གསུམ། ཚད་མའི་སྐོར་གྱི་དྲི་གཞིས་བརྒྱ་ཆ་ཟིན་ཚད་ཧ་ཅང་དམའ་རུ་བཏང་བ།
ཚད་མའི་སྐོར་གྱི་དྲི་གཞི། | འདེམ་འཇུག | སྟོང་འཇུག | འདེམ་སྦྱོང་། |
7 | 30 | 40、44 | |
སྐར་གྲངས། | 2 | 1 | 4 |
དྲི་གཞིའི་གྲངས་འབོར། | 4 | ||
ཁྱོན་སྐར7 |
མཐོ་རྒྱུགས་ཧྲིལ་པོའི་ནང་དུ་ཚད་མའི་སྐོར་ལ་འདེམ་འཇུག་དྲི་གཞི7པ་དང་སྟོང་འཇུག་གི་དྲི་གཞི30པ་ནི་ངེས་སྦྱོང་གི་དྲི་གཞིའི་ཁོངས་སུ་གཏོགས་པ་དང་ཁྱོན་སྐར3ལས་མེད་ཅིང་། དྲི་བ40དང44ནི་འདེམ་སྦྱོང་གི་དྲི་གཞིའི་ཁོངས་སུ་གཏོགས་ཤིང་། ཁྱོན་སྐར4ཡིན། གལ་ཏེ་སློབ་མས་འདེམ་སྦྱོང་ཀ་པ་འདེམ་མེད་ན་རྒྱུགས་གཞི་ཧྲིལ་པོར་ཚད་མའི་སྐོར་གྱི་ཤེས་བྱ་སྐར3ལས་མེད་པ་ཡིན། དེས་ན་དེ་སྔོན2023ལོའི་མཐོ་རྒྱུགས་ཀྱི་ནང་དུ་ཚད་མའི་སྐོར་གྱི་དྲི་བ5སྐར12དང་བསྡུར་ན་ཧ་ཅང་ཉུང་དུ་སོང་བར་སྙམ།
བཞི། འཚོལ་དཔྱད་རང་བཞིན་གྱི་དྲི་གཞི་མེད་པ་བཟོས་ཏེ་རྩོམ་ཡིག་སྐར་མ5སྣོན་འདུག
ཆ་ཤས་གསུམ་པ། རྩོམ་འབྲི།
46.གཤམ་གྱི་དཔྱད་གཞི་བཀླགས་ནས་རེ་བ་ལྟར་རྩོམ་ཡིག་བྲི་དགོས། ཁྱོན་སྐར60ཡིན།
ང་ཚོར་ཟས་གོས་གནས་མལ་ཕངས་མེད་དུ་གནང་མཁན་གྱི་ཕ་མ་སྤུན་མཆེད་དང་། ལས་སློབ་སྤྱོད་གསུམ་ལེགས་ལམ་དུ་འཁྲིད་མཁན་གྱི་དགེ་བའི་བཤེས་གཉེན་སོགས་དྲིན་གྱིས་སྐྱོང་མཁན་མི་བུ་མང་དག་ཅིག་ཡོད། ཁོང་ཚོའི་བྱམས་བརྩེའི་ཐུགས་འཁུར་དང་ལྷག་བསམ་གྱི་གཉོར་སྐྱོང་འོག ང་ཚོ་བདེ་ཐང་ངང་འཚར་ལོངས་འབྱུང་བཞིན་ཡོད་པས། སློབ་བུ་ཁྱེད་ཀྱིས་གོང་གི་ནང་དོན་ལ་གཞིགས་ནས་དྲིན་གཟོའི་སྐོར་གྱི་རྩོམ་ཡིག་ཅིག་བྲིས་དང་།
གསུམ་པ། རྒྱུགས་གཞིའི་དགེ་མཚན་མདོར་གླེང་།
གཅིག རྒྱུགས་གཞི་སྤྱིའི་སྐོར།
༡ འདེམ་འཇུག་དྲི་གཞི་མང་ཆེ་བར་དཔྱད་གཞི་དུམ་བུ་ཞིག་བཀོད་དེ་དེར་དབྱེ་ཞིབ་བྱས་ནས་དྲི་བར་ལན་འདེབས་རྒྱུ་བཀོད་སྒྲིག་བྱས་ཡོད་པས་དེ་ནི་ཧ་ཅང་ལེགས་ཏེ།
གཅིག་ནས་མཁྲེགས་སྐྱོར་མཁྲེགས་འཛིན་གྱི་དྲི་བའི་རྣམ་པ་ལས་ཐོད་བརྒལ་བྱུང་བ།
གཉིས་ནས«སྐད་ཡིག་བསླབ་ཚན་གྱི་ཚད་གཞི།»རུ“སློབ་མས་སྐད་ཆའི་བྲོ་བ་མྱོང་བ་དང་། དེའི་བསམ་བློ་དང་སྒྱུ་རྩལ་གྱི་འགུག་ཤུགས་ཉམས་སུ་བླངས་ནས། རྟོག་འཆར་གྱི་ནུས་པ་དང་མཛེས་དཔྱོད་ཀྱི་ནུས་པ་གོང་དུ་སྤེལ་དགོས”པའི་དམིགས་ཚད་ཡང་སྒྲུབ་ཐུབ།
གསུམ་ནས«སྐད་ཡིག་བསླབ་ཚན་གྱི་ཚད་གཞི»རུ“ལྟ་ཀློག་ནི་ཆ་འཕྲིན་འཚོལ་བསྡུ་དང་ཐག་གཅོད་བྱེད་པ་དང་། འཇིག་རྟེན་ལ་ངོས་འཛིན་བྱེད་པ། བསམ་གཞིག་གི་ནུས་པ་འཕེལ་རྒྱས་སུ་གཏོང་བ། མཛེས་དཔྱོད་ཀྱི་མྱོང་བ་ཐོབ་པ་བྱེད་པ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན” ཞེས་འཁོད་པའི་ལྟ་ཀློག་གི་འགངས་ཆེ་བའི་རང་བཞིན་ཡང་ཤུགས་སུ་མངོན་པར་བྱས་འདུག
༢ སྟོང་ཆ་ཁ་སྐོང་ལ་རྒྱབ་ལྗོངས་གསར་གཏོད་བྱས་ཏེ། དགེ་སློབ་གཉིས་ཀྱི་གཏམ་གླེང་གི་རྣམ་པའི་ཐོག་ནས་བཀོད་པ་འདི་དེང་གི་བསླབ་གཞི་བཅོས་བསྒྱུར་དང་མཐོ་རྒྱུགས་གསར་པའི་བླང་བྱ་དང་ཧ་ཅང་འཚམ་པོ་བྱུང་འདུག་སྙམ་སྟེ། སྤྱིར་ན་རྒྱབ་ལྗོངས་བཀོད་སྒྲིག་བྱས་པ་དེས་སློབ་མ་འཆར་ཡན་གྱི་འཇིག་རྟེན་ཞིག་གི་ཀློང་དུ་བཙུད་ཅིང་། རྒྱབ་ལྗོངས་མི་འདྲ་བར་བསྟུན་ནས་སྐད་ཆའི་སྒྲིག་འཛུགས་དང་བརྩེ་དུང་གི་ཉམས་སོགས་མི་འདྲ་བ་བཀོལ་སྤྱོད་བྱེད་པར་ཁྲིད་སྟོན་ལེགས་པོ་ཡོང་ཐུབ་སྙམ།
༣ ལྟ་ཀློག་དབྱེ་ཞིབ་ཀྱི་དྲི་བར་དཔྱད་གཞི་བཀླགས་རྗེས་རང་ངོས་ནས་གནས་ལུགས་གང་ཞིག་བསྟན་པ་ཕྱོགས་བསྡོམས་དང་། ནང་དོན་གནད་བསྡུས། བརྗོད་དུམ་བཟོ་རྒྱུ་བཅས་ཀྱི་དྲི་བ་བཀོད་སྒྲིག་གནང་བ་ལེགས་ཏེ། སློབ་མའི་དཔྱད་གཞིར་དབྱེ་ཞིབ་ཀྱི་ནུས་པ་དང་། གོང་འོག་བརྗོད་པའི་ནང་དོན་དབར་གྱི་གཏན་ཚིགས་ཀྱི་འབྲེལ་བ་མྱོང་དཔྱད་། བསམ་གཞིག་གི་ནུས་པ། སྐད་ཆ་བཀོལ་སྤྱོད་དང་སྒྲིག་འཛུགས་ཀྱི་ནུས་པ། མཛེས་དཔྱོད་ཀྱི་ནུས་པ་སོགས་གསོ་སྐྱོང་བྱ་རྒྱུར་ཕན་པ་ཆེ།
༤ སྐད་ཡིག་བསླབ་ཚན་ཚད་གཞི་ལས། “རྩོམ་ཡིག་འབྲི་བ་ནི་སྐད་ཆ་དང་ཡི་གེ་ལ་བརྟེན་ནས་གོ་བརྡ་སྤྲོད་པ་དང་བརྗེ་རེས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། འཇིག་རྟེན་ལ་ངོས་འཛིན་བྱེད་པ་དང་། རང་ཉིད་ལ་ངོས་འཛིན་བྱེད་པ། གསར་བསྐྲུན་རང་བཞིན་གྱིས་ཞིབ་བརྗོད་བྱེད་པ་བཅས་ཀྱི་གོ་རིམ་ཞིག་ཀྱང་ཡིན”ཞེས་འཁོད་པ་ལྟར་རྩོམ་ཡིག་འབྲི་སྦྱོང་ལ་མཐོང་ཆེན་གྱིས་སྐར་མ་ལྔ་བསྣན་པ་དེ་ནི་དེ་བས་ལེགས་པའི་སྒོ་ནས་སློབ་མའི་སྐད་ཡིག་བཀོལ་སྤྱོད་དང་། དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་མངོན་མཚོན། དགོས་ངེས་སྒྲོ་སྐུར་གྱི་སྒྱུ་རྩལ་མཚོན་ཐབས་བེད་སྤྱོད་སོགས་མདོར་ན་བསམ་བློའི་ནང་དོན་གྱི་མཛེས་པ་དང་ཚིག་གི་མཛེས་པའི་རྩལ་ནུས་ཅི་འདྲ་མཆིས་པ་དཔོག་ཐུབ་པར་སེམས།
གཉིས། བྱེ་བྲག་དྲི་བ་འགའ་ཡི་དགེ་མཚན་གླེང་བ།
གཤམ་གྱི་དཔྱད་གཞི་བཀླགས་ནས་དྲི་བ22~25བར་བསྒྲུབ་དགོས།
དཔྱད་གཞི་དྲུག་པ།
རང་གིས་ཤེས་ཡོད་པར་རློམ་ཡང་དོན་ལ་ཤེས་མེད་པ་ནི། འུ་ཅག་མི་རེ་རེ་འཇུག་སླ་བའི་གོལ་ལམ་ཚབས་ཆེན་ཞིག་ཡིན། ངས་ཀྱང་རྒང་ནི་གྲོ་འབུ་བཟའ་རྒྱུར་དགའ་སྙམ་ཡོད། དེའི་རྒྱུ་མཚན་ནི་གཞན་གྱིས་དེ་ལྟར་སྨྲ་བ་ཐོས་པ་ཙམ་གྱིས་སོ། །འོན་ཀྱང་གལ་ཏེ་ངས་རྒང་གི་གོམས་གཤིས་ངོ་སྤྲོད་བྱེད་པའི་རྩོམ་ཞིག་འབྲི་དགོས་ཚེ། རྒང་ཞིག་གིས་བྲོ་བ་ཞིམ་རྒྱུ་མེད་པའི་ཟས་དེ་ལོངས་སུ་སྤྱོད་པ་དངོས་སུ་མཐོང་ན་མ་གཏོགས། དེ་འདྲ་ཡིན་པའི་ཁ་ཚོན་གཅོད་མི་རུང་ངོ་། །གང་ལྟར་ཨ་རི་སི་ཏོལ་གྱིས་གཟབ་ནན་གནང་མི་འདུག གནའ་རབས་དང་དུས་རབས་བར་མའི་རྩོམ་མཁན་ཚོར་ཆི་ལིན་དང་མེ་སྦྲུལ་གྱི་སྐོར་ལ་བདེན་བདེན་འདྲ་ཆགས་མང་དུ་སྨྲ་རྒྱུ་ཡོད། ཡིན་ན་ཡང་། ཁོ་ཚོ་སུས་ཀྱང་རང་ཉིད་ཀྱིས་དེ་གཉིས་ཡེ་ནས་མཐོང་མྱོང་མེད་བཞིན་དུ་འདི་དང་འདིའོ་ཞེས་ཁ་ཚོན་གཅོད་མི་རིགས་སྙམ་དུ་སེམས་འདུག
22. གོང་གི་དཔྱད་གཞིའི་ནང་དོན་དང་འཚམ་པའི་ལེགས་བཤད་ཡིན་པ་ནི།
A.མཐོང་མ་ཐག་ཏུ་ཡིད་རྟོན་བྱེད། །གང་སྨྲས་པ་ལ་བདེན་པར་འཛིན། །གང་བྱུང་ལས་ལ་ནན་གྱིས་འཇུག །འདི་ཡང་བླུན་པོར་མཚོན་པའི་རྟགས། །
B.ཇི་སྲིད་འཚེ་བ་བསད་ཀྱང་ནི། །དགྲ་བོ་ཟད་པར་མི་འགྱུར་གྱི། །རང་གི་ཁྲོ་བ་ཉིད་བསད་ན། །དེས་ནི་དགྲ་རྣམས་ཀུན་བསད་ཡིན། །
C.དམ་པ་མང་པོ་ཁས་འཆེས་མི་བྱེད་ལ། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །
D. ཤེས་རབ་ཟབ་མོའི་དེ་ཉིད་ལྟ་བའི་མིག །སྲིད་པའི་རྩ་བ་དྲུངས་ནས་འབྱིན་པའི་སྨན། །གསུང་རབ་ཀུན་ལས་བསྔགས་པའི་ཡོན་ཏན་གཏེར། །གཏི་མུག་མུན་སེལ་སྒྲོན་མེའི་མཆོག་ཏུ་གྲགས། །
དྲི་བ་འདི་ལྟ་བུ་ནི་གཅིག་ནས་སློབ་མའི་དཔྱད་གཞི་ལྟ་ཀློག་ནི་ནུས་པ་དང་བསྟན་དོན་ཕྱོགས་བསྡོམས་ཀྱི་ནུས་པར་བརྟག་བཤེར་ཐུབ་པ་མ་ཟད། ལེགས་བཤད་ཀྱི་ཤེས་བྱ་དང་བསྟན་དོན་ལའང་རྒྱུས་མངའ་ཡོད་མེད་བརྟག་ཐུབ་པས་དྲི་བ་ཧ་ཅང་ལེགས་པོ་ཞིག་ཡིན་པར་མཐོང་།
23.གོང་གི་དཔྱད་གཞིའི་ཁྲོད“གཞན་གྱིས་དེ་ལྟར་སྨྲ་བ་ཐོས་པ་ཙམ་གྱིས་སོ”ཞེས་པའི་སྨྲ༵་བ༵་ནི་བྱ་ཚིག་དང་། “སྨྲ་བ་ཉུང་ལ་ཕོག་ཐུག་གཡེང་བ་མེད”ཅེས་པའི་སྨྲ༵་བ༵་ནི་མིང་ཡིན་པ་ལྟར། ཐ་སྙད་མཚུངས་ཀྱང་དོན་སྟོན་ཚུལ་མི་འདྲ་བ་མང་དུ་མཆིས། གཤམ་ལས་གོང་དང་མི་མཐུན་པའི་སྡེ་ནི། ( )
A.གཞན་ལ་གནོད་པ་ནི་རང་ཉིད་བརླག་པའི་རྒྱུའོ། །
རང་བྱུང་གི་གནོད་པ་ལ་སྙིང་རྗེ་མེད་ཀྱང་མི་སེམས་ལ་བརྩེ་བས་ཕྱུག
B.ལྟོ་འགྲངས་ཁོ་ནའི་ཆེད་དུ་འཚོ་བ་ནི་ཕྱུགས་དང་ཁྱད་ཅི་ཡོད།
ང་གཞན་དོན་དུ་འཚོ་བ་ནི་ཡོད་ཚད་གཞན་ལ་འབུལ་ཕྱིར་རོ། །
C.སློབ་མར་སྨན་པའི་ལས་བཟང་པོ་ཞིག་ཡིན་ཕྱིན་བཤེས་གཉེན་དག་སྤྲོ་བས་འཇུག་གོ །
ཚེ་སྲོག་ལ་བརྩི་མཐོང་མ་བྱས་ཚེ་སྨན་པ་ཡང་བཤན་པའི་རིགས་ཤིག་ཡིན།
D.ལམ་དུ་འགྲོ་ཤེས་པ་ནས་བཟུང་ངས་རང་ཉིད་ཀྱི་མི་ཚེར་ཡིད་ཆེས་དང་རེ་བས་ཁེངས།
ཤེས་པ་རབ་ཅིག་ལྡན་གྱུར་ན། །བྱ་བའི་ཆ་ལ་རྨོངས་མི་འགྱུར། །
«སྐད་ཡིག་བསླབ་ཚན་གྱི་ཚད་གཞི»རུ “རྩོམ་ཡིག་ཁྲོད་ཀྱི་གོ་དཀའ་བའི་མིང་དང་ཚིག་གི་དོན་རྟོགས་པར་བྱས་ནས། རྩོམ་འབྲིའི་ལག་ལེན་དང་ནམ་རྒྱུན་འཚོ་བའི་ནང་དུ་ཡང་དག་ཚད་ལྡན་གྱི་བརྡ་སྤྲོད་སྟངས་ལ་གོམས་ཤིང་བྱང་བ་བྱེད་དགོས” ཞེས་པའི་དམིགས་ཚད་གཞིར་བཟུང་། ཐ་སྙད་ཀྱི་གཟུགས་མཚུངས་ཀྱང་བེད་སྤྱོད་ཀྱི་ཁོར་ཡུག་མི་འདྲ་བའི་རྐྱེན་གྱིས་སྐབས་བབས་ཀྱི་སྒྲ་འདོན་སྟངས་དང་། དོན་སྟོན་ཚུལ་གཅིག་པ་མིན་པའི་མིང་ཚིག་ལ་རྒྱུས་ལོན་ཡོད་མེད་ལ་བརྟག་བཤེར་ཐུབ་ཅིང་། སློབ་མའི་ལྟ་ཀློག་གི་ནུས་པ་ཡང་ནས་ཀྱི་ཞོར་ལ་སོག་མ་ཟེར་བ་ཇི་བཞིན་རྒྱུགས་ལེན་ཐུབ་པའི་ནུས་པ་ལྡན་འདུག་པས་གཅིག་གོ་ཉིས་ཆོད་ཀྱི་དྲི་བ་ཚབ་མཚོན་རང་བཞིན་ལྡན་པ་ཞིག་ཡིན་པར་འདོད།
36. 《ཆོས་འབྱུང་མཁས་པའི་དགའ་སྟོན》ལྟ་བུའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་གཉིས་ཀྱི་མིང་བྲིས་དང་།
སྤྱིར་ན་མཐོ་འབྲིང་བོད་སྐད་ཡིག་གི་སློབ་དེབ་ནང་དུ་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཤེས་བྱ་མི་ཉུང་བ་ཞིག་ཡོད་ཀྱང་། ཆེད་མངགས་བོད་ཀྱི་ལོ་རྒྱུས་སྐོར་ལ་ཆ་ལག་ཆ་ཚང་ཞིག་སློབ་ཁྲིད་བྱེད་མཁན་ཅུང་ཉུང་ལ་སློབ་ཁྲིད་བྱེད་ཁོམ་ཀྱང་མེད་པས། སློབ་མ་རང་ངོས་ཀྱི་དུས་རྒྱུན་དཔེ་དེབ་ལྟ་ཀློག་བྱེད་པའི་གོམས་གཤིས་ཡོད་མེད་དང་། སློབ་མས་བོད་ཀྱི་ལོ་རྒྱུས་ལ་དགའ་ཞེན་མོས་པ་ཡོད་མེད་ལ་རག་ལུས་ཡོད་པས། དྲི་བ་འདི་ལྟ་བུ་ཞིག་གིས་གཅིག་ནས་སློབ་མས་སློབ་ཕྱིའི་བོད་སྐད་ཡིག་དང་འབྲེལ་བའི་དཔེ་ཆ་ལྟ་ཀློག་བྱེད་པའི་གོམས་གཤིས་ལ་དཔག་ཐུབ་པ་དང་། གཉིས་ནས་མཁྲེགས་སྐྱོར་མཁྲེགས་འཛིན་གྱི་ཤེས་བྱ་ཙམ་ལ་རྒྱུགས་བཤེར་མ་ཡིན་པར་དོན་ངོ་མའི་བོད་སྐད་ཡིག་ལ་དགའ་ཞེན་དང་དུང་བ་ཆེ་བའི་སློབ་མ་འདེམས་སྒྲུག་ཐུབ་སྙམ་པ་ཞིག་བྱུང་།
བཞི་པ། རྒྱུགས་ཤོག་ཁྲོད་ཀྱི་མི་འདང་བའི་ཆ་འགའ།
སྤྱིར་ན་རྒྱུགས་ཤོག་གི་ནང་དོན་འདོན་ཕྱོགས་ལ་བསྒྱུར་བཅོས་ཆེ་ཞིང་། དེང་རབས་ཀྱི་བསླབ་གཞི་གསར་པ་དང་མཐོ་རྒྱུགས་གསར་པའི་ཚ་རླབས་དང་ལྷན་དུ་བོད་སྐད་ཡིག་མཐོ་རྒྱུགས་འདི་ཉིད་ཀྱང་ལོ་རེ་ལས་མ་འདས་པར་དེ་བས་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་ནི་ཧ་ཅང་ལེགས་ཤིང་དགའ་འོས་པའི་བྱ་བ་ཞིག་ཀྱང་ཡིན། འོན་ཀྱང་ཁོ་བོའི་རྨོངས་བློས་རྒྱུགས་གཞི་ཧྲིལ་པོར་ཐེངས་འགའ་གཞལ་བའི་ཉེར་འབྲས་སུ་མི་འདང་བའི་ཆ་འགའ་མཐོང་བ་སྟེ།
གཅིག རྒྱུགས་གཞི་སྤྱིའི་སྐོར།
༡ འདེམ་འཇུག་གི་དྲི་གཞི་ཕལ་ཆེ་བར་དཔྱད་གཞི་དབྱེ་ཞིབ་ཀྱིས་དྲི་བར་ལན་གདབ་རྒྱུའི་ཐབས་ལམ་སྤྱད་པ་ནི་ལེགས་མོད། འོན་ཀྱང་དྲི་བ་མང་དག་ཅིག་ནི་དཔྱད་གཞི་དང་དེ་ཙམ་འབྲེལ་བ་མེད་པར་མངོན་པའམ་དཔྱད་གཞི་མེད་ཀྱང་ལན་འདེབས་ཐུབ་པ་འདུག་པས་དཔྱད་གཞི་བཀོད་པའི་དགོས་ཕན་གནད་དུ་སྨིན་མ་ཐུབ་པ་ལྟ་བུའི་ཚོར་བ་སྦྱིན་པ་དཔེའི་སྟེང་ནས་གསལ་སྟོན་ཞུས་ན།
གཤམ་གྱི་དཔྱད་གཞི་བཀླགས་ནས་དྲི་བ1~3བར་བསྒྲུབ་དགོས།
མཁས་མཆོག་ཐོན་མིའི་ཐུགས་མཚོ་ལས། །བྱུང་བའི་བརྡ་སྤྲོད་ཕྱི་མོ་མཆོག །
རྟགས་ཀྱི་འཇུག་པའི་སྙིང་པོའི་དོན། །མདོར་བསྡུས་ཚིག་གིས་གསལ་བར་བྱ། །
2.རྟགས་འཇུག་སྦྱོང་བའི་དགོས་པ་ནི།
A.བྱ་ཚིག་གི་རྨོངས་པ་སེལ་ཕྱིར་རོ། ། B.ཕྲད་དང་རྣམ་དབྱེའི་རྨོངས་པ་སེལ་ཕྱིར་རོ། །
C.གྲངས་ཀྱི་རྨོངས་པ་སེལ་ཕྱིར་རོ། ། D.ཚིགས་བཅད་ཀྱི་རྨོངས་པ་སེལ་ཕྱིར་རོ། །
3. གཤམ་གསལ་ལས་རྟགས་འཇུག་སྐབས་ཀྱི་འཇུག་པ་གཉིས་ནི།
A.ཕྲད་ཀྱི་འཇུག་པ་དང་དོན་གྱི་འཇུག་པ། B.རང་དོན་ལ་འཇུག་པ་དང་གཞན་དོན་ལ་འཇུག་པ།
C.སྔོན་འཇུག་གི་འཇུག་པ་དང་རྗེས་འཇུག་གི་འཇུག་པ། D.སྒྲ་ཡངས་འཇུག་དང་སྒྲ་དོག་འཇུག
གཤམ་གྱི་དཔྱད་གཞི་བཀླགས་ནས་དྲི་བ4~8བར་བསྒྲུབ་དགོས།
མི་ལ་ལས། དེ་ནི་གྲང་རེག་གི་འཇིག་རྟེན་ཏེ། མི་སྡུག་གི་རི་རྩེར་དམུ་རྒོད་ཀྱི་ལུང་གྲོག་འཁྱུད་འདུག་ཟེར། མི་ལ་ལས། དེ་ནི་སྨག་རུམ་གྱི་འཁྱིལ་ཞིང་སྟེ། ལང་ལོང་གི་སྤྲིན་ནག་གིས་སྣང་བ་ཡི་གློག་འོད་བསྒྲི༵བས་འདུག་ཟེར། ཀྱེ་མ་ཀྱི་ཧུད། གངས་རི་ཡ། གངས་རི།
5.བོད་སྐད་ནང་ལང་ལོང་ཞེས་པ་ལྟ་བུའི་ངང་ཚུལ་སྟོན་པའི་ཚིག་ཤིན་ཏུ་ཕུན་སུམ་ཚོགས་པས་གཤམ་གསལ་གདམ་བྱ་ཁག་ལས་ངང་ཚུལ་སྟོན་པའི་ཚིག་གི་ཁོངས་སུ་མི་གཏོགས་པའི་སྡེ་ནི།
A.ཚང་ཚིང་། ཟང་ཟིང་། ཕང་ཕུང་། ལྗན་ལྗིན།
B.ཐ་ར་ར། ལྡི་རི་རི། ལྗང་ནེམ་ནེམ། སེར་ཐིང་ཐིང་།
C.ཁྲིགས་སེ་ཁྲིག ལྡེམས་སེ་ལྡེམ། ལྷ་ནེ་ལྷན་ནེ། ཐ་རེ་ཐོ་རེ།
D.རབ་ཏུ་དཀར། ཤིན་ཏུ་མཚར། ལྷག་ཏུ་དྲན། ཧ་ཅང་སྙན།
6. གཤམ་གསལ་མངོན་བརྗོད་ཁག་གི་བཀོལ་སྤྱོད་བྱེད་སྟངས་ལ་འཁྲུལ་བ་ཡོད་པ་ནི།
A.མེ་ཏོག་ལྡན་དུས་དཔྱིད་ཀྱི་སྐབས་སུ། རྒྱུ་སྐར་ལམ་གྱི་ངོས་སུ་ཆུ་འཛིན་དཀར་པོ་ཚོམ་བུ་ཚོམ་བུར་འཁྲིགས་ཤིང་། ཕྱོགས་མཚམས་ཀུན་ནས་དཔྱིད་ཀྱི་ཕོ་ཉའི་དབྱངས་སྙན་ལྷང་ལྷང་དུ་གྲགས།
B.ཆར་ལྡན་དབྱར་གྱི་དུས་སུ། སྤྲིན་ལམ་མཐོན་པོའི་དབྱིངས་སུ་གློག་དམར་འཁྱུག་ཅིང་། དབྱར་སྐྱེས་ཀྱི་རྔ་སྒྲ་ལྡིར་ལྡིར་དུ་གྲགས་པ་དང་བསྟུན། མཁའ་ཡི་གླང་པོ་ཤག་ཤག་ཏུ་བབས།
C.འབྲས་ལྡན་སྟོན་གྱི་དུས་སུ། བཅུ་གཉིས་བདག་པོའི་ཟེར་བརྒྱ་རབ་ཏུ་འབར་ཞིང་། ལྷུང་ལྷུང་བཞུར་བའི་དལ་འགྲོ་ཉིན་བཞིན་བྲི་བ་དང་རྐང་འཐུང་གི་ལོ་མ་རིམ་བཞིན་སེར་པོར་གྱུར།
D.གྲང་རེག་ཅན་གྱི་དགུན་དུས་སུ། གསེར་ལྡན་དགའ་མར་ཁ་བའི་རྡུལ་དཀར་གཡོགས་ཤིང་། ཕྱོགས་མཚམས་ཀུན་ནས་སྐྱི་བསེར་རླུང་བུ་འུར་འུར་དུ་ལྡང་།
༢ འདེམ་འཇུག་གི་དཔྱད་གཞི་དང་ལྟ་ཀློག་དབྱེ་ཞིབ་ཀྱི་དཔྱད་གཞི། མདོར་ན་ཡིག་རྒྱུགས་ཁྲོད་ཀྱི་དཔྱད་གཞི་ཡོད་དོ་ཅོག་ཀྱི་གདམ་གསེས་དང་ལེགས་བཏུས་ལ་མཐོང་ཆེན་དང་དོ་སྣང་བྱས་ཏེ་ཚབ་མཚོན་རང་བཞིན་ལྡན་པའི་དྲི་བ་དགོས་ཚུལ་ཐད་ལ་ད་དུང་ཤུགས་སྣོན་རྒྱག་དགོས་པར་མཐོང་ཞིང་། དཔྱད་གཞི་ཕུན་སུམ་ཚོགས་པ་དང་། རྣམ་པ་སྣེ་མང་ཅན། རྩོམ་ལུས་སྣེ་མང་ཅན། རྒྱུགས་ལེན་གྱི་ཤེས་བྱའི་སྣེ་མང་ཅན་གྱི་ཕྱོགས་ལ་ད་དུང་བརྩོན་པ་ལེན་དགོས་པར་སེམས།
གཉིས། བྱེ་བྲག་དོགས་གནད་འགའ་བརྗོད་པ།
དོ་སྣང་བྱ་རྒྱུ།
1. རྒྱུགས་སྤྲོད་སློབ་མས་རྒྱུགས་ཤོག་དང་ལན་འདེབས་ཤོག་བྱང་བླངས་རྗེས། རང་མིང་དང་རྒྱུགས་སྤྲོད་ལག་འཁྱེར་ཨང་གྲངས་ལན་འདེབས་ཤོག་བྱང་ཐོག་འབྲི་དགོས།
2. འདེམ་འཇུག་གི་དྲིས་ལན་ངེས་པར་དུ་ཞ་སྨྱུག་གིས་ནག་པོར་བཟོ་དགོས་པ་དང་། གལ་ཏེ་འབྲི་ནོར་ཤོར་ཚེ་གཙང་མར་བསུབ་སྟེ་བསྐྱར་དུ་བྲི་དགོས། དྲི་གཞི་གཞན་རྣམས་ངེས་པར་དུ་ལན་འདེབས་ཤོག་བྱང་ཐོག་བྲི་དགོས་པ་ལས་རྒྱུགས་ཤོག་ཐོག་ལན་བཏབ་ཚེ་རྩིས་མེད་ཡིན།
3.རྒྱུགས་ལེན་མཇུག་བསྒྲིལ་རྗེས་རྒྱུགས་ཤོག་དང་ལན་འདེབས་ཤོག་བྱང་མཉམ་དུ་བསྐྱལ་དགོས།
གོང་དུ་བཀོད་པ་ནི༢༠༤ལོའི་བོད་སྐད་ཡིག་མཐོ་རྒྱུགས་རྒྱུགས་ཤོག་གི་སྔོན་འགྲོའི་གསལ་བཤད་དང་དོ་སྣང་བྱེད་དགོས་པའི་གནད་དོན་འགའ་ཡིན། སྤྱིར་ན་གོང་འཁོད་དོ་སྣང་བྱ་རྒྱུའི་ནང་དོན་གྱིས་རྒྱུགས་ཤོག་ཧྲིལ་པོའི་ལན་འདེབས་སྟངས་དང་། ལན་འདེབས་པའི་བརྒྱུད་རིམ་ཁྲོད་ཡིད་གཟབ་བྱ་དགོས་པའི་གནད་དོན་ལ་གསལ་འདེབས་དང་དྲན་སྐུལ་གྱི་ནུས་པ་ཐོན་གྱི་ཡོད་ན། དོ་སྣང་བྱ་རྒྱུ2པ་རུ། “ འདེམ་འཇུག་གི་དྲིས་ལན་ངེས་པར་དུ་ཞ་སྨྱུག་གིས་ནག་པོར་བཟོ་དགོས་པ་དང་། གལ་ཏེ་འབྲི་ནོར་ཤོར་ཚེ་གཙང་མར་བསུབ་སྟེ་བསྐྱར་དུ་འབྲི་དགོས། དྲི་གཞི་གཞན་རྣམས་ངེས་པར་དུ་ལན་འདེབས་ཤོག་བྱང་ཐོག་འབྲི་དགོས་པ་ལས་རྒྱུགས་ཤོག་ཐོག་ལན་བཏབ་ཚེ་རྩིས་མེད་ཡིན” ཞེས་འཁོད་འདུག་པ་ཞིབ་ཏུ་བསམས་ན། དྲི་གཞི་གཞན་རྣམས་ངེས་པར་དུ་ལན་འདེབས་ཤོག་བྱང་ཐོག་འབྲི་བ་ལས་འདེམ་འཇུག་དེ་ལན་འདེབས་ཤོག་བྱང་ཐོག་མ་བྲིས་ནའང་ཆོག་པ་ལྟ་བུའི་གོ་བ་ཞིག་བསྐྱེད་རྒྱུ་འདུག མ་གཞི་སློབ་མ་རྣམས་ནི་རྒྱུན་དུ་ཡིག་རྒྱུགས་ཆེ་ཆུང་སྣ་ཚོགས་བཏང་མྱོང་བ་དང་། མཐོ་རྒྱུགས་མ་སླེབས་གོང་དུའང་དགེ་རྒན་གྱིས་སློབ་མར་མཐོ་རྒྱུགས་ཀྱི་རྒྱུགས་གཞིའི་ལན་འདེབས་སྟངས་དང་། དྲིས་ལན་ཡོད་ཚད་ལན་འདེབས་ཤོག་བྱང་ཐོག་ཏུ་འབྲི་དགོས་ཚུལ་ཧ་ཅང་མང་དུ་གསུངས་ཡོད་ཚོད་རེད་མོད། འོན་ཀྱང་མཐོ་རྒྱུགས་ནི་སྤྱིར་བཏང་གི་ཚོད་ལྟའི་རྒྱུགས་ཤོག་ཆུང་ངུ་ཞིག་མ་ཡིན་ཞིང་། ཡིག་རྒྱུགས་ཀྱི་ཤོག་ལྷེའི་ཐོག་ཏུ་འཁོད་པའི་ཡིག་འབྲུ་རེ་རེ་ལ་ཁྲིམས་ལུགས་ཀྱི་ནུས་པ་ཡོད་པ་རེད་ལ། ལྷག་པར་འདི་ནི་རྒྱུགས་གཞི་ཧྲིལ་པོར་ལན་འདེབས་དུས་དོ་སྣང་བྱ་དགོས་པའི་གསལ་འདེབས་ཞིག་ཡིན་ན། གལ་ཏེ་སློབ་མ་ཞིག་གིས་འདེམ་འཇུག་དེ་ཡིག་རྒྱུགས་ཤོག་ལྷེའི་སྟེང་དུABCDལས་གང་རུང་ཞིག་ལ་ཞ་སྨྱུག་གིས་ནག་བསུབ་བཏང་བཞག་པ་ལས་ལན་འདེབས་ཤོག་བྱང་ཐོག་ཏུ་བྲིས་མེད་ན་དེ་ལ་སྐར་སྤྲོད་དགོས་སམ་མི་དགོས། གང་ལྟར་ནའང་མཐོ་རྒྱུགས་ནི་དམངས་འཚོ་དང་འབྲེལ་ཞིང་། ཁྲིམས་ལུགས་ཀྱི་ནུས་པ་ཡོད་པ་ཞིག་ཡིན་པས་ཤོག་ངོས་སུ་ཐོན་པའི་ཡིག་འབྲུ་རེ་རེ་ལའང་དོ་སྣང་དང་ཞུ་དག ཞུན་བརྡར་མང་དུ་བྱ་དགོས་པར་སེམས།
5.བོད་སྐད་ནང་ལང་ལོང་ཞེས་པ་ལྟ་བུའི་ངང་ཚུལ་སྟོན་པའི་ཚིག་ཤིན་ཏུ་ཕུན་སུམ་ཚོགས་པས་གཤམ་གསལ་གདམ་བྱ་ཁག་ལས་ངང་ཚུལ་སྟོན་པའི་ཚིག་གི་ཁོངས་སུ་མི་གཏོགས་པའི་སྡེ་ནི།( )
A.ཚང་ཚིང་། ཟང་ཟིང་། ཕང་ཕུང་། ལྗན་ལྗིན།
B.ཐ་ར་ར། ལྡི་རི་རི། ལྗང་ནེམ་ནེམ། སེར་ཐིང་ཐིང་།
C.ཁྲིགས་སེ་ཁྲིག ལྡེམས་སེ་ལྡེམ། ལྷ་ནེ་ལྷན་ནེ། ཐ་རེ་ཐོ་རེ།
D.རབ་ཏུ་དཀར། ཤིན་ཏུ་མཚར། ལྷག་ཏུ་དྲན། ཧ་ཅང་སྙན།
དྲི་བ་འདིར་ཡང་དག་པའི་ལན་ལ་ཅི་ཞིག་བཞག་མིན་ཁོ་བོས་མི་ཤེས་མོད། གདམ་བྱ་ཁག་བཞི་ལས་ཚིག་འགྲོས་ཅུང་མི་འདྲ་བ་ནིDཡིན་པས། ཕལ་ཆེར་ཡང་དག་པའི་ལན་ལའངDབཞག་ཡོད་ཤས་ཆེ་མོད། ཁོ་བོས་བལྟས་ན་ཅུང་དཀའ་བར་མཐོང་སྟེ། ངང་ཚུལ་ཞེས་པར«ཚིག་མཛོད་ཆེན་མོ»ལས་རང་བཞིན་དང་གཤིས་ཀ་ཞེས་འགྲེལ་བ་དང་། «དག་ཡིག་གསར་བསྒྲིགས»སུ། རང་གཤིས་ལས་གྲུབ་པའི་བྱ་སྤྱོད་སོགས་ཀྱི་མིང་སྟེ། ཤ་ཁྲག་ཟ་བ་སྟག་གི་ངང་ཚུལ་ཡིན་ཞེས་འཁོད་ཡོད། འོ་ན་རབ་ཏུ་དཀར་བ་ཟླ་བའི་ངང་ཚུལ་དང་། ཤིན་ཏུ་མཚར་བ་ཉི་མ་མེ་ཏོག་གི་ངང་ཚུལ། ལྷག་ཏུ་དྲན་པ་ཞེན་པའི་ངང་ཚུལ། ཧ་ཅང་སྙན་པ་དྲི་ཟའི་གླུ་ཡི་ངང་ཚུལ་ཡིན། ཞེས་བརྗོད་ཀྱང་མི་འགྲིག་པ་མེད་པ་ལྟར་དུ་ཁོ་བོས་འདོད། དེས་ན་དྲི་གཞི་འདི་ཅུང་གདམ་དཀའ་བར་འགྱུར་རོ། །
32. དཔྱད་གཞིའི་ཁྲོད་རྟགས་བཀོད་པའི“སྙན་ངག”དང“མི་ཚེ”ནི་མིང་ཡིན་ནམ་ཚིག་ཡིན། རྒྱུ་མཚན་ཅི།
སྙན་ངག་ནི་གཅིག་ནས་རྣ་བར་སྙན་པའི་ངག་ལ་གོ་རུང་ལ་གཉིས་ནས་སྙན་ངག་ཅེས་པའི་རྩོམ་ལུས་ལའང་གོ་རུང་མོད། གལ་ཏེ་སྔ་མ་ཡིན་ན། སྙན་ངག་ནི་ཚིག་ཡིན་ཏེ། ངག་གི་ཁྱད་ཆོས་སྙན་པ་སྟོན་པ་ཡིན་པས་སོ། དེ་ཡང་ཁང་ཆུང་དང་། ཉི་འོད། ལམ་ཕྲན་སོགས་དང་ཁྱད་པར་ཅང་མེད་པར་མངོན། ཡང་ཕྱི་མ་ལྟར་ན་ནི་མིང་ཡིན་ཏེ། རྩོམ་ལུས་ཤིག་གི་མིང་ཡིན་ཏེ། སྙན་ངག ལྷུག་རྩོམ། ཟློས་གར། སྒྲུང་གཏམ་གྱི་ཡ་གྱལ་ཞིག་ཡིན་པས་སོ། །
21.གཤམ་གྱི་བརྗོད་ཚུལ་ཁག་ལས་འཁྲུལ་བ་ཡོད་པ་ནི།( )
A.ཞིང་གསུམ་ལས་དོན་འཐུས་ཚང་བསྒྲུབ་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་རྨང་གཞི་ཡིན།
B.ཞིང་ལས་ནི་རྒྱལ་ཁབ་འཛུགས་སྐྱོང་གི་རྩ་བ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་རྨང་གཞི་རེད།
C.ཏང་དང་རྒྱལ་ཁབ་ཀྱིས་སྔ་ཕྱི་བར་གསུམ་དུ་ཞིང་གསུམ་ལས་དོན་ལ་མཐོང་ཆེན་གནང་གི་ཡོད།
D.ཞིང་པ་རྣམས་ཀྱི་དཀའ་སྤྱད་འབད་བརྩོན་ལས་བྱུང་བའི་འབྲུ་རིགས་དག་གང་བྱུང་དུ་བག་མེད་ལོངས་སྤྱོད་བྱས་ན་འགྲིག
སྤྱིར་ན་དེང་དུས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་སོགས་ཡིག་རྒྱུགས་ཀྱི་དཔྱད་གཞིར་བཟུང་བ་ནི་འགྲིག་ཅིང་ཡག་པོའང་ཡིན་མོད། འོན་ཀྱང་དྲི་བ་འདི་ནི་མིག་གིས་བལྟས་ཚོད་ལ་བདམས་ཐུབ་པའི་དྲི་བ་ཞིག་ཡིན། དེས་ན་མཐོ་འབྲིང་སློབ་མ་ཞིག་གི་ངོས་ནས་བརྗོད་ན་ཤིན་ཏུ་མི་འཚམ་པར་སྣང་ངོ་། །
མཇུག་བསྡུའི་གཏམ།
སྤྱིར་ན་མཐོ་རྒྱུགས་ནི་ཕུལ་བྱུང་མི་སྣ་འདེམས་སྒྲུག་བྱེད་པའི་བརྒྱུད་རིམ་གཙོ་བོ་དེ་ཡིན་ལ། ལྷག་པར་བོད་སྐད་ཡིག་ལ་མོས་པ་དང་བོད་སྐད་ཡིག་ལ་དུང་ཞེན་ཆེ་བ། བོད་སྐད་ཡིག་གི་རྨང་གཞི་ལེགས་པའི་སློབ་མ་འདེམས་སྒྲུག་བྱེད་པའི་རྒྱུགས་གཞི་གལ་ཆེན་ཞིག་ཡིན། 2024ལོའི་མཐོ་རྒྱུགས་ནི་ཉེ་བའི་ལོ་འགའི་རིང་རྣམ་པ་དང་ནང་དོན་གཉིས་ཀར་འགྱུར་ལྡོག་ཆེ་ཤོས་ཀྱི་རྒྱུགས་གཞི་ཞིག་ཡིན་ཞིང་། དྲི་བའི་སླ་བ་ནས་དཀའ་བའི་རིམ་པ་བཀོད་སྒྲིག་འོས་ཤིང་འཚམ་པ། དྲི་གཞིའི་འདོན་ཕྱོགས་ལ་གཙོ་བོ་རྨང་གཞིའི་ཤེས་བྱ་དང་གོ་བ་ལེན་པ་གཙོ་བཟུང་། མཁྲེགས་སྐྱོར་མཁྲེགས་འཛིན་གྱི་རྒྱུགས་ལེན་ལས་གྲོལ་ཏེ་ལྟ་ཀློག་གི་ནུས་པ་དང་དབྱེ་ཞིབ་ཀྱི་ནུས་པ། བསམ་གཞིག་གི་ནུས་པ་བཅས་ལ་བརྟག་ཐུབ་པ་སོགས་དགེ་མཚན་མང་དུ་མཆིས་པའི་རྒྱུགས་གཞི་ཅུང་ཕུལ་དུ་བྱུང་བ་ཞིག་ཡིན་ཞེས་བརྗོད་ཆོག་པར་འདུག་སྙམ། 2024ལོའི་མཐོ་རྒྱུགས་ཀྱིས་ངེད་ཚོར་གསལ་འདེབས་དང་དྲན་སྐུལ་འདི་ལྟ་བུ་ཞིག་བྱེད་པ་འདྲ་སྟེ། གཅིག་ནས་བོད་སྐད་ཡིག་གི་མཐོ་རྒྱུགས་ཀྱི་འདོན་སྟངས་ལ་སྔར་དང་མི་འདྲ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་། གཉིས་ནས་བོད་སྐད་ཡིག་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་དང་བོད་སྐད་ཡིག་སྦྱོང་བཞིན་པའི་སློབ་མ་རྣམས་ཀྱིས་ཀྱང་སྔ་མའི་མཁྲེགས་སྐྱོར་མཁྲེགས་འཛིན་དང་། བློ་འཛིན་ཁོ་ན་གཙིགས་སུ་འཛིན་པའི་སློབ་སྦྱོང་བྱེད་སྟངས་ལ་འགྱུར་བ་བཏང་སྟེ། གཙོ་བོ་སློབ་མའི་དཔེ་ཆ་ལྟ་ཀློག་གི་གོམས་གཤིས་གསོ་སྐྱོང་དང་། འབྲི་ཀློག་གཉིས་གཙིགས་སུ་བཟུང་ནས་སློབ་ཁྲིད་དང་སློབ་སྦྱོང་བྱེད་དགོས་པའི་བླང་བྱ་འདོན་པར་སྣང་།
འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།
མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།
༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།
《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག
གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།