ཆར་རྗེས་ཀྱི་ཞོགས་པའི་རྩྭ་ཐང་། ཚེ་རིང་སྐྱིད་འཛོམས།

文摘   2024-08-10 08:15   西藏  

ཆར་རྗེས་ཀྱི་ཞོགས་པའི་རྩྭ་ཐང་།

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༢

འཛིན་གྲྭ(༢)

ཚེ་རིང་སྐྱིད་འཛོམས།




  སྦྲང་ཆར་ཟིལ་མ་སིམ་སིམ་དུ་འབབ་བཞིན་པའི་སྐབས་དེར་སྐྱ་རེངས་ལྷ་མོས་མུན་ནག་གི་ཡོལ་བ་ཕྱེ་སྟེ་རྟ་བདུན་དབང་པོ་འཛུམ་གྱིས་བསུ་བཞིན་ཤར་ཕྱོགས་རི་བོའི་རྩེ་ནས་དལ་བ་དལ་བུར་མཁའ་ལ་འཕགས། དབེན་འཇགས་ཀྱི་རྩྭ་ཐང་ནི་ཉི་འོད་ཀྱི་གསོན་ཤུགས་འོག་མངོན་པར་གསལ་ཞིང་། ལྗང་མའི་ལྕུག་ཕྲན་སྟེང་གི་ཟིལ་པ་རྣམས་འོད་ཆེམ་ཆེམ་བྱེད་བཞིན་འདུག་ལ་མིག་མདུན་གྱི་རྩྭ་ཐང་ནི་གསར་སྐྱེས་ལྟ་བུར་སྣང་བས་སྤྲོ་འཆམ་དང་རྩེད་འཇོར་རོལ་ན་སྙམ་པའི་ཚོར་བ་ཞིག་སྐྱེས་བྱུང་།

   རི་གྲོང་གི་སྦྲ་ཁྱིམ་རེ་རེའི་ནང་ནས་ནང་ཇ་བསྐོལ་བའི་དུ་ཞགས་རིང་མོ་རྒྱང་རིང་དུ་འཐེན་འདུག་ལ། ཁྱིམ་ལས་ལ་བྱང་བའི་འཇོ་སྒེག་བུ་མོའམ་བྱམས་བརྩེ་ལྡན་པའི་དྲིན་ཆེན་མ་ཡུམ་ཚོས་ཆུ་ཟོམ་རྒྱབ་ཏུ་ཁུར་ནས་དྭངས་གསལ་གྱི་ཆུ་ཕྲན་འགྲམ་དུ་ཞོགས་པའི་ཆུ་ཕུད་ལེན་ལ་འགྲོ་བཞིན་མཆིས། ལྗང་མའི་ངོས་ཀྱི་ཟིལ་པས་ཁོ་ཚོའི་ལྷམ་དང་བོད་ལྭའི་ངོས་ཅུང་བརླན་འདུག་ཀྱང་ཁོ་ཚོར་མཚོན་ན་དེ་ནི་མཛེས་སྡུག་གི་ཉམས་སྣང་ཞིག་གམ་སྣང་མེད་ཀྱི་རྩེད་མཚར་ཞིག་ཡིན་པས་འཐུང་ཆུ་གསར་པ་ཆུ་ཟོམ་རེ་རེ་བཞིན་རང་ཁྱིམ་དུ་བླངས།

  ཉི་མའི་དཀྱིལ་འཁོར་ཡོངས་སུ་མ་རྫོགས་པའི་སྐབས་སྐར་ཚོགས་ས་ལ་བཀྲམ་འདྲའི་རྟ་ནོར་ལུག་གསུམ་གང་སར་རྒྱུ་བཞིན་འབྲི་མོའི་ངུར་སྐད་དང་། གཡང་དཀར་ལུག་གི་འབའ་སྒྲ་འདོ་རིགས་རྟ་ཕོའི་འཚེར་སྒྲ་སོགས་ཀྱིས་གཉིད་ལས་སད་མ་ཐག་པའི་རྩྭ་ཐང་གི་དབེན་འཇགས་དེའང་ཡོངས་སུ་དཀྲོགས་སོང་ལ་ཉི་འོད་རབ་ཏུ་འབར་བའི་མཚར་སྡུག་གི་ཀློང་ན་ཁྲ་ཆིལ་མེ་ཏོག་རྣམ་པར་བཞད་ཅིང་སྦྲང་རྩིའི་བཅུད་ལ་ཞེན་པའི་རྐང་དྲུག་བུང་བའི་ཚོགས་ཀྱང་མ་བོས་མགྲོན་དུ་ཕེབས་བྱུང་།

   ཕྱུགས་རྫི་གཞོན་ནུས་ངག་གི་དབྱངས་རྟ་ལ་གཞོན་ནས་འཇོ་སྒེག་བུ་མོའི་དགོ་དགོ་འབྲི་མོ་བཞོ་བའི་སྣང་བརྙན་དེ་སྙན་པའི་བདུད་རྩི་ལ་བླངས་པས་མཛེས་སྡུག་གི་རྩྭ་ཐང་དེས་སྔར་མེད་ཀྱི་གསོན་ཤུགས་ཤིག་དང་ཡིད་དབང་འཕྲོག་པའི་ཉམས་སྣང་ཞིག་བྱིན་ངེས་རེད།

   སྡེ་འདབས་ཀྱི་ཤུག་གསེབ་དེའི་འོག་ན་ཤེས་རིག་ལ་བརྩོན་པའི་ན་གཞོན་འགའ་ཞིག་རང་མོས་ཀྱི་ངང་ནས་སྙན་ངག་གྱེར་འདོན་དང་དག་ཡིག་སོགས་བློ་འཛིན་བྱེད་བཞིན་འདུག་པས་ཁོང་ཚོའི་མཐན་པོའི་ངག་ལས་ཐོན་པའི་སྐད་སྙན་དེ་ཁུ་བྱུག་གི་གསུང་སྙན་ཕ་རིའི་བྲག་ཅར་འཁོར་བ་བཞིན་དེང་རབས་ཀྱི་གཞོན་ནུ་ཚོར་ཕུགས་འདུན་མངོན་འགྱུར་ཡོང་བའི་སྐུལ་མ་གཏོང་བ་དང་འདྲའོ། །

   ཞོགས་པ། མི་ཚེའི་བདེ་སྐྱིད་བསྐྱེད་ཐུབ་པ་དང་འཇོན་ཐང་ཡོད་ཚད་སྤྲུགས་ཐུབ་པའི་དུས་བཟང་ཞིག་ཀྱང་ཡིན།

   རྩྭ་ཐང་། ཉི་འོད་དང་རེ་བ་བྱིན་སའི་མཛེས་སྡུག་གི་སྐྱེད་ཚལ། སྦྲང་ཆར། ཚེ་སྲོག་གི་རེ་བ་སྦྱིན་མཁན།

   ཞོགས་པ། རྩྭ་ཐང་ལ་མཁོ་བའི་མཁའ་དབུགས་དྭངས་མོ། ཉི་འོད། གོ་ལ་ཧྲིལ་པོའི་སེམས་ཁོངས་ཀྱི་མ་མ།

                                             ཟུར་ཁྲིད་དགེ་རྒན།  མིག་དམར་ཚེ་རིང་།










འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།




མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཁུངས།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ



通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章