ཕུགས་བསམ་དང་ལག་ལེན། ཀརྨ་བདེ་ཆེན།

文摘   2024-08-11 10:19   西藏  


ཕུགས་བསམ་དང་ལག་ལེན།

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༡(༡༡)

ཀརྨ་བདེ་ཆེན།

ཕུགས་བསམ་དང་ལག་ལེན།

   མི་སུ་ཡིན་རུང་མི་ཚེའི་བགྲོད་ལམ་དུ་དཀའ་ངལ་འཕྲད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན། དཀའ་ངལ་དེའི་མདུན་དུ་མི་ལ་ལ་ནི་གོམ་པ་སྤོ་བའི་སྙིང་སྟོབས་མེད་པ་དང་དངངས་སྐྲག་དང་བག་འཁུམ། ལེ་ལོ། སྐྲག་སྣང་གི་རྗེས་སུ་འགྲོ་སྲིད། འོན་ཀྱང་མི་ལ་ལ་ནི་བརྩོན་འགྲུས་དང་སྙིང་སྟོབས། སེམས་ཤུགས་ཀྱིས་མདུན་དུ་ཡར་རྒྱས་འགྲོ་བཞིན་ཡོད།

   ང་རང་ཡང་བཤད་དབང་དྲན་དབང་མེད་པར་མཐོ་འབྲིང་གི་སློབ་མ་ཞིག་ཏུ་གྱུར་ཟིན། འོན་ཀྱང་བློ་ཡུལ་ལས་འདས་པ་ཞིག་ལ་སློབ་འབྲིང་དུ་འཕྲད་པའི་གནས་ཚུལ་མང་པོ་ཞིག་སེམས་ལ་ལྷང་ལྷང་དུ་དྲན་བྱུང་། དེ་ཡང་ང་རང་ལོ་རིམ་བདུན་པའི་སྐབས་སྦྱངས་འབྲས་འཛིན་གྲྭའི་ནང་འབྲིང་གྲས་ཡིན་པས། ངས་རང་ཉིད་ཀྱི་སློབ་སྦྱོང་ལ་སྣང་བ་དེ་ཙམ་བཏང་མེད། དེ་ནས་སྦྱངས་འབྲས་གློ་བུར་དུ་ཞན་དུ་འགྲོ་བའི་རྒྱུ་རྐྱེན་ལ་བསམ་གཞིག་མང་པོ་བྱས། དེ་ལྟར་འགྱུར་བའི་རྒྱུ་མཚན་ཅི་ཡིན་སྐོར་འཛིན་བདག་གི་འགྲམ་དུ་ཕྱིན་ནས་རེ་རེ་བཞིན་བཀའ་འདྲི་ཞུས། ཁོང་གིས་ཀྱང་ནན་ཏན་གྱི་ངང་ནས་ངའི་སྐྱོན་ཆ་དང་སློབ་སྦྱོང་ཐད་མི་འདང་བའི་ཆ། སློབ་སྦྱོང་གི་ཐབས་ཤེས་དང་དུས་ཚོད་ལ་དམ་འཛིན་བྱེད་སྟངས་སོགས་མང་པོ་བསླབ་གནང་བྱུང་། ངས་ཀྱང་འཛིན་བདག་གིས་གསུངས་པའི་བསླབ་བྱ་དེ་དག་རྡོ་ལ་རི་མོ་བརྐོས་པ་བཞིན་ཡིད་ལ་ལེགས་པར་བཟུང་། ཉིན་དེ་ནས་རང་ཉིད་མི་རྙིང་པར་སེམས་གསར་པ་ཞིག་བཅུག་སྟེ་མཛེས་སྡུག་ཡིད་འོང་གི་ཕུགས་བསམ་མངོན་འགྱུར་སླད། སློབ་སྦྱོང་བྱ་རྒྱུ་དེ་ཕྲག་སྟེང་གི་འགན་འཁྲི་ཞིག་ཏུ་བརྩིས་ནས་སློབ་ལ་བརྩོན་པ་ཡིན།

   ང་ཚོའི་མི་ཚེའི་ཕུགས་བསམ་ནི་འཚོ་བའི་ཕྱོགས་སྟོན་འཁོར་ལོ་དང་འདྲ། ལག་ལེན་ནི་ཕུགས་བསམ་མངོན་འགྱུར་བྱེད་པའི་གསེར་གྱི་ལྡེ་མིག་ལྟ་བུ་སྟེ་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་དུས་རྒྱུན་ནས་ང་ཚོས་ཁ་ནས་བཤད་པ་དང་ལག་ལེན་བྱེད་དགོས་པ་ནི་ཧ་ཅང་གལ་ཆེ། མ་གཞི་ང་ཚོས་སློབ་སྦྱོང་བྱེད་པའི་སྐབས་སུ་སེམས་ལ་མི་དགའ་བ་དང་མི་འཐད་པའི་བསམ་བློ་འཁོར་བཞིན་ཡོད། ཡིན་ནའང་ང་ཚོས་དེ་དག་དོར་དགོས་པ་ལས་དང་དུ་ལེན་མི་རུང་། སློབ་སྦྱོང་བྱེད་དུས་ང་ཚོས་དང་ཐོག་སློབ་སྦྱོང་ལ་དགའ་དགོས་པ་དང་། དེ་ནས་རིམ་བཞིན་བཤེས་གཉེན་གྱིས་སློབ་ཁྲིད་གནང་སྐབས་ནན་ཏན་གྱིས་ཉན་པ་ལས། ཁ་གཡེང་མིག་གཡེང་དང་ཕན་ཚུན་སྐད་ཆ་ཤོད་རེས་བྱེད་མི་རུང་། བློ་རྩེ་གཅིག་སྒྲིམ་གྱིས་ཟིན་བྲིས་འགོད་པ་དང་། སློབ་ཚན་མ་ཁྲིད་སྔོན་གྱི་སྔོན་སྦྱོང་དང་ཁྲིད་ཚར་རྗེས་བསྐྱར་སྦྱོང་བྱ་རྒྱུ་ནི་གལ་ཆེ། སྦྱོང་ཚན་རྣམས་དུས་ཐོག་ཏུ་བྲིས་ཚར་བ་དང་དུས་ཐོག་ཏུ་ལེགས་གྲུབ་ཐུབ་པ་དགོས། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་རྩ་ཚིག་སོགས་བློ་འཛིན་གྱི་ནང་དོན་རྣམས་བློ་ལ་ངེས་པར་དུ་ལེགས་པར་འཛིན་དགོས། སློབ་ཚན་གྱི་ནང་དོན་མི་ཤེས་པ་རྣམས་དགེ་རྒན་དང་སློབ་སྦྱོང་ལེགས་པའི་སློབ་མར་སྐད་ཆ་དྲི་བ་སོགས་བྱེད་དགོས་ལ། དུས་ཚོད་སྐར་ཆ་གཅིག་ཙམ་ཡང་འཕྲོ་བརླག་མི་བཏང་བར་སློབ་སྦྱོང་བྱེད་དགོས། མ་གཞི་ང་ཚོར་ཞོགས་པ་ལངས་མི་ཐུབ་པའི་སྡུག་བསྔལ་དང་། བློ་འཛིན་བྱེད་མི་ཐུབ་པའི་སྡུག་བསྔལ། ཡིག་རྒྱུགས་ནང་མ་ཤེས་པའི་སྡུག་བསྔལ་སོགས་མང་པོ་ཡོད། ཡིན་ན་ཡང་ང་ཚོས་དཀའ་ངལ་དེ་དག་ལ་མགོ་བོ་མི་སྒུར་བར་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་སྐུལ་ནས་སྦྱངས་པ་ལས་ཡིད་ཐང་ཆད་མི་རུང་། རྒྱུ་མཚན་ནི་སློབ་སྦྱོང་གི་སྡུག་བསྔལ་ནི་གནས་སྐབས་ཀྱི་སྡུག་བསྔལ་ཡིན་པ་དང་སློབ་སྦྱོང་མི་ཤེས་པའི་སྡུག་བསྔལ་ནི་ཚེ་གང་གི་སྡུག་བསྔལ་ཡིན་པས་སོ། །དེ་ཡང་། ས་སྐྱ་པཎ་ཆེན་གྱིས། མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་སྡོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་དེར། །ཆེན་པོའི་བདེ་བ་འཐོབ་མི་སྲིད། །ཅེས་གསུངས་པ་ལས་རྟོགས་ཐུབ་བོ། །

   དེ་བཞིན། སྤྱོད་པ་བཟང་པོ་མི་ཚེའི་རིན་ཐང་ཡིན། །ཡོན་ཏན་ཆེན་པོ་མི་ཚེའི་རྒྱན་ཆ་ཡིན། །ཞེས་པ་ལྟར་ང་ཚོས་རང་ཉིད་ཀྱི་སྤྱོད་པ་བཟང་པོ་ཞིག་ཁྱེར་ནས། དེའི་ཐོག་རང་ཉིད་ཀྱི་ཕྲག་ཏུ་བབས་པའི་འགན་འཁྲི་སྟེ་སློབ་སྦྱོང་བྱ་རྒྱུ་དེ་མ་བརྗེད་པ་བྱས་ནས། རང་གི་ཕུགས་བསམ་དང་མི་ཚེའི་རིན་ཐང་མངོན་འགྱུར་ཆེད་དུ་རིག་པའི་གནས་ལ་སྦྱང་བརྩོན་བྱེད་དགོས། དེ་ལྟར་ས་པཎ་མཆོག་གིས་རིག་པ་གཞོན་པའི་དུས་སུ་བསླབ། །བ་ནི་དགུན་གྱི་དུས་སུ་གསོ། །ཞིང་ནི་དྲོད་གཤེར་ལྡན་ཚེ་རྨོ། །དེ་གསུམ་འབྲས་བུ་སྨིན་པའི་རྒྱུ། །ཞེས་གསུངས་པ་ལྟར་ང་ཚོས་རིག་པ་གཞོན་པའི་དུས་སུ་སློབ་སྦྱོང་ལ་འབད་བརྩོན་ལེགས་པར་བྱེད་དགོས་ལ། ཚེ་གང་སློབ་སྦྱོང་གི་འདུན་པ་ཡང་གསོ་སྐྱོང་ལེགས་པར་བྱེད་དགོས། ཡིན་ཏེ། ས་སྐྱ་པན་ཆེན་གྱིས། རིག་པ་ནངས་འཆི་ཡང་སློབས། །ཚེ་འདིར་མཁས་པར་མི་འགྱུར་ཡང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་གསུངས་གནང་བའོ། །

ཟུར་ཁྲིད་དགེ་རྒན།  རིན་ཆེན་རྒྱལ་པོ།








འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།




མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ


通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章