ན་ཟླ་ཚོ། ལམ་ལ་ཆས་འགྲོ། ཟླ་བ་བཟང་མོ།

文摘   2024-08-26 08:41   西藏  


ན་ཟླ་ཚོ། ལམ་ལ་ཆས་འགྲོ།




ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༣ འཛིན་གྲྭ(༡༢)

ཟླ་བ་བཟང་མོ།



   ཤེས་རབ་བཟང་པོའི་མཚོན་ཆ་རྣོ་ན་ཡང་། །བརྩོན་འགྲུས་ལག་པའི་ཤེད་དང་མ་སྦྲེལ་ན། །གཏི་མུག་དགྲ་ཡི་མགོ་གཅོད་མི་ནུས་པས། །ཤེས་བརྩོན་ཟུང་འབྲེལ་བྱེད་དགོས་སློབ་གྲོགས་ཚོ། །ཞེས་པ་ལྟར་དུས་སྐབས་ཀྱི་གོམ་བགྲོད་དང་བསྟུན་ནས་ན་ཟླ་ཚོ་ལམ་ལ་ཆས། དབྱར་གསུམ་གྱི་མེ་ཏོག་དང་ལྷན་དུ་ན་ཟླ་ཚོ་ལམ་ལ་ཆས། མཐོ་རྒྱུགས་ཀྱི་ཅོང་སྒྲ་གྲགས་ཟིན་པས་ང་ཚོ་ལམ་ལ་ཆས་རན།

   ན་ཟླ་ཚོ། ལམ་ལ་ཆས། བོད་ཀྱི་ཁ་དཔེར། མི་ལ་བརྩོན་འགྲུས་ལྡན་འགྱུར་ན། །འཇིག་རྟེན་འདི་ན་དཀའ་བ་མེད། །ཅེས་པ་ལྟར་དུས་སྐབས་འདིར་ང་ཚོ་ནི་ཐང་དཀར་རྒོད་པོ་དང་གཉིས་སུ་མེད། དགུང་ཨ་སྔོན་ནི་ང་ཚོའི་གར་སྟེགས་དང་། གཤོག་ཟུང་ནི་ང་ཚོའི་འབད་བརྩོན་དང་ཡིད་ཆེས་ཡིན་ནོ། །

   བྱ་ཁུ་བྱུག་མོན་ལ་འཕུར་ཡང་སླར་ལོག་པའི་དུས་ཤིག་ཡོད། སྟོན་དུས་ལོ་མ་ས་ལ་ལྷུང་ཡང་སླར་སྐྱེས་པའི་དུས་ཤིག་ཡོད། མཛེས་ཤིང་ལྟ་ན་སྡུག་པའི་མེ་ཏོག་སྐམ་ཡང་སླར་བཞད་པའི་དུས་ཤིག་ལོས་ཡོད། འོན་ཀྱང་། དུས་ཚོད་ནི་དྲག་ཏུ་འབབ་པའི་ཆུ་ཀླུང་ཞིག་དང་འདྲ་བར་ཤུགས་ཀྱིས་མདུན་དུ་རྒྱུག་པ་ལས་ཕྱིར་ལྡོག་པའི་གོ་སྐབས་ནི་ནམ་ཡང་མ་མཆིས་པས་ང་ཚོས་ནམ་ཡང་འཕྲོ་བརླག་ཏུ་མི་གཏོང་བར་སློབ་ལ་བརྩོན་རྒྱུ་ནི་ང་ཚོ་ན་གཞོན་ཚོའི་ཕྲག་སྟེང་དུ་བབས་པའི་འོས་འགན་ཡིན། ན་ཟླ་ཚོ། ལམ་ལ་ཆས་རན།

   ཕུགས་བསམ་ནི་ཕ་མས་ང་ཚོར་སྤྲད་པའི་འོས་འགན་ཞིག་མ་ཡིན་ལ། མཐོ་རྒྱུགས་སྐབས་ཀྱི་སྐར་གྲངས་ནི་དེ་བས་མིན། གསེར་ས་འོག་ཏུ་གནས་ཀྱང་འོད་ནམ་མཁར་འཕྲོ་ཞེས་པ་ལྟར་སྐྱེ་བོ་ཞིག་ལ་ཤེས་བྱ་ཡོན་ཏན་ཇི་ལྟ་བུ་ཞིག་ཡོད་པ་ནི་དེའི་ལུས་ཀྱི་བྱ་སྤྱོད་དང་ངག་གི་གཏམ་ལས་གསལ་པོར་ཤེས་ཐུབ་པས་ང་ཚོས་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཞིག་ཅིས་ཀྱང་ཆགས་པ་བྱ་དགོས།

    ང་ཚོ་ནི་མི་རིགས་ཀྱི་མ་འོངས་དང་དུས་རབས་ཀྱི་བདག་པོ་ཡིན། དེ་བས་ཕ་མ་གཉིས་ཀྱི་རེ་བ་དང་དགེ་རྒན་གྱི་ཡིད་ཆེས་བཅངས་ཡོད་པས་ཆུ་ཟོས་སུ་གཏོང་ག་ལ་རུང་།

གྲོག་མཁར་དང་ནི་སྦྲང་རྩི་ལྟར། །

ཟླ་བ་ཚེས་པ་ཡང་གྱི་ངོ་། །

རྒྱལ་པོའི་ནོར་དང་སྤྲང་པོའི་ནོར། །

ཅུང་ཟད་ཅུང་ཟད་བསགས་པས་འཕེལ། །

ཞེས་པ་ལྟར་ཕུགས་བསམ་ནི་རྒྱ་མཚོ་ཆེན་པོའི་རླུང་ཤུགས་ལ་བརྟེན་ནས་མདུན་བསྐྱོད་བྱེད་པའི་གྲུ་གཟིངས་དང་འདྲ་བར་དཀའ་སྤྱད་འབད་བརྩོན་བྱེད་པ་ནི་ཡར་ཐོན་ཡོང་བའི་རྨང་གཞི་ཡིན་པས་ང་ཚོ་མཉམ་དུ་འབད། ང་ཚོ་མཉམ་དུ་མདུན་དུ་བསྐྱོད།  ན་ཟླ་ཚོ། ཤུགས་རྒྱོབ། ཤུགས་རྒྱོབ།

ཟུར་ཁྲིད་དགེ་རྒན།  པད་སྐྱིད།  












འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།







མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ



通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章