སྐད་ཡིག་བསླབ་ཚན་གྱི་ཚད་གཞི་གསར་པའི་འོག་སློབ་ཚན་གདེང་འཇོག་བྱེད་ཐབས་ཀྱི་ཚད་གཞིའི་རྩ་བ་བཞིའི་སྐོར་བསྟན་པ།
ལྷ་ས་གྲོང་ཁྱེར་སློབ་གསོ་ཞིབ་འཇུག་སོའོ། ཕུར་བུ་སྲིད་ཐར་གྱིས།
རྒྱུན་རིང་གི་སློབ་ཚན་དངོས་ཁྲིད་གསན་སྦྱོང་དང་དྲ་ཐོག་སློབ་ཚན་ལ་གདེང་འཇོག སློབ་ཚན་གླེང་བརྗོད་བྱེད་པ་སོགས་ཀྱི་སློབ་དཔྱོད་བྱེད་སྒོ། རྒྱུན་མཐུད་སློབ་གསོའི་གསོ་སྦྱོང་བྱེད་སྒོ་ཐེངས་མང་སྤེལ་ཞིང་དེ་དག་ནང་དངོས་ཞུགས་ཀྱིས་ཤེས་རྟོགས་བྱུང་བར། སློབ་ཚན་གང་འདྲ་ཞིག་གཞི་ནས་སྤུས་ལེགས་སློབ་ཚན་ལ་བརྩི་ཆོག་པ་དེ་ནི་ཉེ་བའི་ལོ་ཤས་རིང་སློབ་ཁྲིད་ཀྱི་འཐབ་ས་མདུན་མར་ཞུགས་མཁན་དགེ་རྒན་ཚོས་དོ་ཁུར་ཆེ་ཤོས་བྱེད་པའི་སློབ་ཁྲིད་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད་པ་དེ་ཡིན་པ་ཤེས་ཚོར་བྱུང་། དེ་ཡང་བྱམས་བརྩེ་བ་ཅན་གྱིས་བྱམས་བརྩེ་བ་གཙོ་བོར་མཐོང་བ་དང་། བློ་རིག་པ་ཅན་གྱིས་བློ་རིག་པ་གཙོ་བོར་མཐོང་བ་དེ་བཞིན། སེམས་ཅན་གྱི་མོས་པའི་ཁམས་མི་འདྲ་བས། བྱ་དངོས་གང་རུང་ཞིག་ལ་རང་ཕྱོགས་ཀྱི་མཐོང་ཕྱོགས་ལྟ་ཕྱོགས་ཀྱང་མི་མཚུངས་པས་དེར་འཛིན་པའི་རང་ལྟ་ཡང་དེ་བཞིན་དུ་རྣམ་པ་སྣ་ཚོགས་པ་ཞིག་གིས་གདེང་འཇོག་དང་དཔྱོད་བརྗོད་བྱེད་ཀྱི་ཡོད། དེས་ན། བདག་གིས་མིག་སྔའི་སློབ་ཚན་གསར་པའི་དམིགས་ཚད་ཀྱི་ཆ་རྐྱེན་འོག་སློབ་ཚན་གདེང་འཇོག་གི་ཚད་གཞིར་གཤམ་གསལ་ཕྱོགས་བཞི་ནས་བརྡར་ཤ་གཅོད་ཆོག་གི་ཡོད་པར་འདོད།
དང་པོ། སློབ་སྦྱོང་བྱེད་སྟངས་ཐོག་ནས་རང་འགུལ་གྱི་ཚད་དང་། མཉམ་ལས་ཀྱི་ཕན་ནུས་ཚད། འཚོལ་ཞིབ་ཀྱི་གཏིང་ཟབ་ཚད་བཅས་ནས་མཚོན་དགོས་ཚུལ་སྐོར།
(གཅིག)རང་འགུལ་གྱི་སློབ་སྦྱོང་བྱེད་ཚད།
རང་འགུལ་གྱི་སློབ་སྦྱོང་ཞེས་པ་ནི་སློབ་མས་དགེ་རྒན་གྱི་ཁྲིད་སྟོན་འོག་རང་ཉིད་ཀྱིས་སློབ་སྦྱོང་གི་དམིགས་འབེན་གཏན་འཁེལ་བྱེད་པ་དང་། སློབ་སྦྱོང་གི་ཐབས་ཤེས་འདེམས་པ། སློབ་སྦྱོང་གི་བརྒྱུད་རིམ་ལ་ལྟ་སྐུལ་ཚོད་འཛིན་བྱེད་པ། སློབ་སྦྱོང་གི་མཇུག་འབྲས་ལ་གདེང་འཇོག་བྱེད་པ་བཅས་ཀྱི་འགུལ་སྐྱོད་དང་གསར་གཏོད་རང་བཞིན་གྱི་སློབ་སྦྱོང་བྱེད་སྟངས་ཤིག་ལ་གོ་དགོས་ཤིང་དེ་ལྟར་དུ་ངོས་འཛིན་བྱེད་དགོས་པར་འདོད། སློབ་མའི་རང་འགུལ་གྱི་སློབ་སྦྱོང་བྱེད་པའི་ཚད་ཇི་འདྲ་ཡིན་པ་ནི་སློབ་ཚན་གཅིག་གི་ནང་ངེས་པར་དུ་སློབ་མས་རང་འགུལ་གྱིས་སློབ་སྦྱོང་བྱེད་ཚད་དང་། འགུལ་སྐྱོད་ཀྱི་ཚད། དུས་ཚོད་ཀྱི་ཚད། གསར་གཏོད་ཀྱི་ཚད་བཅས་ལ་བལྟ་དགོས་པ་དེ་ཡིན།
རང་འགུལ་གྱི་སློབ་སྦྱོང་བྱེད་ཚད་ནི་སློབ་མའི་སློབ་སྦྱོང་གི་དམིགས་ཡུལ་དང་། ཐབས་ཤེས། མྱུར་ཚད། མཇུག་འབྲས་ལ་ཚད་ཇི་ཙམ་གྱིས་གདེང་འཇོག་བྱེད་པ་ཡང་ཚད་ངེས་ཅན་གྱི་ཐོག་ནས་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་པ་དེ་ཡིན། འགུལ་སྐྱོད་བྱེད་ཚད་ནི་སློབ་མས་སློབ་སྦྱོང་ལ་ཧུར་བརྩོན་དང་རང་འགུལ་ཡིན་ནའང་འདྲ། སྒྱིད་ལུག་དང་གཞན་དབང་དུ་སོང་བ་ཡིན་ནའང་འདྲ། སློབ་མར་རང་སྦྱོང་གི་དུས་ཚོད་ཡོད་མེད་དང་རང་སྦྱོང་གི་དུས་ཚོད་ག་ཚོད་ཡོད་མེད་ལ་བལྟ་དགོས། གསར་གཏོད་བྱེད་ཚད་ནི་སློབ་ཚན་གཅིག་གི་ནང་སློབ་མར་རང་སྟོབས་ཀྱིས་རང་སྦྱོང་དང་རང་འགུལ་སོགས་ལ་གསར་གཏོད་ཡོད་མེད་ལ་བལྟ་དགོས་པ་དེ་ཡིན། སྤྱིར་ན། རང་སྦྱོང་སློབ་ཚན་གྱི་སྐབས་སློབ་མས་གསར་གཏོད་བྱེད་པ་ལས་སླ་མོད། འོན་ཀྱང་རང་སྦྱོང་སློབ་ཚན་རེ་རེ་བཞིན་དུ་སློབ་མ་ཚང་མས་གསར་གཏོད་བྱེད་དཀའ་བའམ་ཐ་ན་གསར་གཏོད་བྱེད་ཐུབ་ཀྱི་མེད་པ་དེ་ཀུན་གྱིས་རྟོགས་ཐུབ་ལ་ངེས་པར་དུ་མཁྱེན་དགོས་པ་ཞིག་ཀྱང་ཡིན།
(གཉིས།)མཉམ་ལས་སློབ་སྦྱོང་གི་ཕན་ནུས་ཚད།
མཉམ་ལས་སློབ་སྦྱོང་ཞེས་པ་ནི་ཐུན་མོང་གི་སློབ་སྦྱོང་དམིགས་ཡུལ་དང་། ཚོ་ཆུང་ངམ་ཚོགས་པ་ཕན་ཚུན་མཉམ་ལས་ཀྱི་རྣམ་པའི་ཐོག་ནས་སྤེལ་བའི་སློབ་སྦྱོང་བྱེད་སྒོ་ལ་གོ་དགོས། དེས་ཚོ་ཆུང་ནང་གི་ངོ་བོ་མི་འདྲ་བ་དང་ཚོ་ཆུང་དབར་གྱི་ངོ་བོ་མི་འདྲ་བའི་ཚོ་ཆུང་ཁག་སོ་སོར་བགོས་པའི་རྩ་དོན་གྱིས་བཙུགས་པའི་ཚོ་ཆུང་སློབ་སྦྱོང་གི་གཞི་རྩ་རྣམ་པར་བྱས་ཏེ། སྒྲིག་གཞིའི་མ་ལག་ལྡན་པའི་སྒོ་ནས་སློབ་ཁྲིད་ཀྱི་འགུལ་རྣམ་རྒྱུ་རྐྱེན་དབར་གྱི་ཕན་ཚུན་སྐུལ་འདེད་བྱས་པ་བརྒྱུད་སློབ་མའི་སློབ་སྦྱོང་ལ་སྐུལ་འདེད་གཏོང་གི་ཡོད།
ཚོ་ཆུང་མཉམ་ལས་སམ་མཉམ་སྒྲུབ་སློབ་སྦྱོང་ལ་ཕན་ནུས་ཇི་འདྲ་ཐོན་གྱི་ཡོད་མེད་དེ་གཙོ་བོ་ཚོ་ཆུང་སོ་སོས་ཁ་བྱང་འདེམས་ཚུལ་ཚན་རིག་དང་མཐུན་མིན། ཚོ་ཆུང་བགོ་སྟངས་དེ་ལུགས་མཐུན་ཡིན་མིན། ཕན་ཚུན་མཉམ་བརྟེན་མཉམ་འགུལ་ཐུབ་མིན་དང་། འཆར་གཞི་སྔོན་བཀོད་གྲུབ་ཡོད་མེད་ལ་བལྟ་དགོས་པ་དེ་གལ་ཆེ་བར་དགོངས་དགོས་པ་ཡིན།
ཚན་རིག་དང་མཐུན་པའི་སྒོ་ནས་བརྗོད་བྱ་འདེམ་པ་ཞེས་པ་ནི། བདམས་པའི་བརྗོད་བྱ་དེ་གལ་ཆེའི་རང་བཞིན་དང་། འཚོལ་ཞིབ་ཀྱི་རང་བཞིན། སྒོ་འབྱེད་ཀྱི་རང་བཞིན། འཚོ་བའི་རང་བཞིན་ཅན་བཅས་ཀྱི་ཚད་གཞི་བཞི་དང་མཐུན་དགོས་པ་དེ་ཡིན། ལུགས་མཐུན་གྱིས་ཚོགས་ཆུང་བགོ་རྒྱུ་ནི་སྤྱིར་ཚོ་ཆུང་ནང་གི་ཚོགས་མི་སོ་སོའི་བྱེད་ལས་དང་སྒྲུབ་དགོས་ངེས་ཀྱི་ལས་བྱའི་ངོ་བོ་མི་འདྲ་ཡང་ཚོགས་མི་དང་ཚོ་ཆུང་བར་གྱི་སྤུས་ཚད་གཅིག་མཐུན་ཡོང་བ་བྱ་རྒྱུ་རྩ་དོན་དུ་འཛིན་དགོས་ལ། ཚོགས་ཞུགས་ཀྱི་མི་གྲངས་ཀྱང་མང་དྲགས་མི་རུང་བར། མི་བཞི་ནས་དྲུག་བར་འོས་ཤིང་འཚམ་པ་ཡིན་པས། མི་རེ་རེ་ལ་ལས་བགོས་གསལ་པོ་བརྒྱབ་དགོས། ཕན་ཚུན་མཉམ་རྟེན་མཉམ་སྒྲུབ་དགོས་ཀྱང་ཚོ་ཆུང་གི་ཁོངས་མི་ཚང་མའི་འབད་བརྩོན་ནི་ཚོ་ཆུང་ལས་འགན་ལེགས་འགྲུབ་ཡོང་བར་གཞན་སུས་ཀྱང་ཚབ་བྱེད་མི་རུང་བ་ཞིག་ཡིན་ཅིང་། ཚོགས་མི་ཐུན་མོང་གིས་འབད་བརྩོན་བྱས་པར་སྒེར་སོ་སོས་ཀྱང་བྱས་རྗེས་དམིགས་བསལ་བཞག་ཡོད་ཅིང་། ཚོ་ཆུང་གི་གྲུབ་འབྲས་ནི་མི་མི་རེ་ངོ་རེར་ཐོབ་པའི་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་ལ། མི་གཅིག་གིས་ལེགས་འགྲུབ་མ་བྱུང་ན་མཉམ་སྡེབ་ཚོ་ཆུང་གི་འོས་འགན་ལེགས་འགྲུབ་མི་ཐུབ་པ་ཡིན་པ་ནན་བཤད་བྱེད་དགོས་ཀྱི་ཡོད། མཉམ་འགུལ་ནི་ངོ་ཐུག་གདོང་འཕྲད་ཀྱིས་ཉམས་མྱོང་སོགས་ཕན་ཚུན་སྤེལ་རེས་དང་། རོགས་རམ། རྒྱབ་སྐྱོར་བྱེད་དགོས་པ་བཅས་ལ་ནན་བཤད་བྱེད་དགོས་པ་ཡིན། སྔོན་ཚུད་ནས་འཆར་བཀོད་མེད་པའི་སློབ་ཚན་ནི་འགན་མི་འཁུར་བའི་སློབ་ཚན་ཞིག་ཡིན་པ་དང་། ལེགས་གྲུབ་མ་བྱུང་བའི་སློབ་ཚན་ནི་ངོ་མཚར་གསོན་ཉམས་དོད་པའི་སློབ་ཚན་ཞིག་ག་ལ་ཡིན། སྔོན་བཀོད་འཆར་གཞིའི་ཁྲོད་དུ་ལེགས་གྲུབ་ཐུབ་པ་ཡོད་དགོས་པ་དང་། ལེགས་གྲུབ་ཐུབ་པའི་ཁྲོད་དུ་སྔོན་བཀོད་འཆར་གཞི་ངེས་པར་ཡོད་དགོས་པ་དེ་ཆེས་གལ་ཆེ་བ་ཡིན་ནོ། །
(གསུམ།)སློབ་སྦྱོང་གི་གཏིང་ཟབ་ཚད་ལ་འཚོལ་ཞིབ་བྱེད་པ།
དེའི་ངོ་བོའི་ཐོག་ནས་བཤད་ན། འཚོལ་ཞིབ་སློབ་སྦྱོང་ནི་ཤེས་རྟོགས་སློབ་སྦྱོང་ཞིག་ཡིན་ཅིང་། དེར་གཏིང་ཟབ་པའི་གནད་དོན་གྱི་རང་བཞིན་དང་། རྒྱ་ཁྱབ་ཐེ་ཞུགས་ཀྱི་རང་བཞིན། ཕུན་སུམ་ཚོགས་པའི་ལག་ལེན་གྱི་རང་བཞིན། བློ་ཡི་སྒོ་མོ་འབྱེད་པའི་རང་བཞིན་བཅས་ལྡན་ཡོད། དེས་བསླབ་གཞི་གསར་པ་དང་། བསླབ་ཚན་གསར་པ། མཐོ་རྒྱུགས་གསར་པ་སོགས་དང་། དེ་བས་ཀྱང་ཀྲུང་གོའི་རྣམ་པ་ཅན་གྱི་དེང་རབས་ཅན་གྱི་སློབ་གསོའི་ཁ་ཕྱོགས་དགོངས་དོན་གྱིས་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་གནད་དོན་གཞི་རྟེན་དུ་བྱས་ནས་ཚན་རིག་ཞིབ་འཇུག་གི་རྣམ་པ་ཞིག་གསར་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན་གྱི་ཡོད།
སློབ་སྦྱོང་གི་གཏིང་ཟབ་ཚད་ཇི་འདྲ་ཡིན་པ་འཚོལ་ཞིབ་བྱེད་པར། གཙོ་བོ་སློབ་མར་གནད་དོན་ཡོད་མེད་ཀྱི་འདུ་ཤེས་དང་གནད་དོན་འདོན་པའི་ནུས་པ་ཡོད་མེད་ལ་བལྟ་དགོས་ལ། གནད་དོན་གྱི་གྲངས་འབོར་མང་ཉུང་དང་སྤུས་ཚད་མཐོ་མིན་བཅས་ལ་བལྟ་དགོས་པ་ཡིན། སློབ་ཚན་གཅིག་གི་ནང་སློབ་མས་གནད་དོན་ཇི་ཙམ་མང་ན་དེ་ཙམ་གྱིས་བཟང་བས་དེས་དགེ་རྒན་གྱིས་སློབ་ཁང་སློབ་ཁྲིད་ཀྱི་ཁྲོད་བློ་སྒོ་འབྱེད་མཁས་པོ་བྱུང་བ་གསལ་བཤད་བྱེད་ཐུབ་པ་ཡིན། དེ་བཞིན་ད་དུང་སློབ་མའི་གནད་དོན་ལ་དགེ་རྒན་གྱིས་ལན་འདེབས་མི་ཐུབ་པའི་གནད་དོན་ཇི་ཙམ་མང་ན་དེ་ཙམ་གྱིས་བཟང་བ་ཡིན། རྒྱུ་མཚན་ནི་དེས་སློབ་མའི་འཚོལ་ཞིབ་བྱེད་ཚད་ཀྱང་དེ་བཞིན་གཏིང་ཟབ་པ་ཡིན་པ་གསལ་བཤད་བྱེད་ཐུབ་ཀྱི་ཡོད།
གཉིས་པ། རིན་ཐང་དོན་གཉེར་གྱི་ཐོག་ནས་མཚོན་དགོས་ཚུལ།— “ལྟེ་གནས་གཅིག་དང་གཞི་རྩའི་གནད་འགག་གཉིས”
(གཅིག)“ལྟེ་གནས་གཅིག”ཅེས་པ་ནི་སློབ་མ་ཕྱོགས་ཡོངས་འཕེལ་རྒྱས་གཏོང་དགོས་རྒྱུ་ལྟེ་བར་འཛིན་པ་དེ་ཡིན།
“སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ལྟེ་བར་འཛིན་པའི”བླང་བྱས་ང་ཚོར་རེ་བ་འདི་དག་བཏོན་ཡོད་པ་སྟེ། ང་ཚོས་སློབ་ཁྲིད་བྱེད་སྐབས་རྒྱུན་ཆད་མེད་པར་རང་གིས་རང་ལ“ངས་སློབ་མར་སློབ་ཁྲིད་བྱས་པའི་ཤེས་བྱ་དང་རྩལ་ནུས་ཀྱིས་ཁོང་ཚོར་ཕན་ཐོགས་ཡོད་དམ། དུས་ནམ་ཞིག་ལ་ཕན་ཐོགས་ཀྱི་ཡོད་དམ། བྱེད་ཐབས་དང་ནུས་པ་འདི་འདྲས་སློབ་མའི་ཚེ་གང་འཕེལ་རྒྱས་ལ་ཕན་ཐོགས་སམ་མི་ཐོགས། རང་ཉིད་ཚད་ལྡན་གྱི་སྤྱི་དམངས་ཤིག་ཡིན་པའི་ངོས་ནས་སློབ་མར་ཚོར་འདུའི་རྣམ་འགྱུར་དང་རིན་ཐང་ལྟ་བ་ཅི་འདྲ་ཞིག་དགོས་མཁོ་ཆེ་བ་ཡོད་དམ”ཞེས་དྲི་བ་འདྲི་དགོས་པའི་བླང་བྱ་དང་རེ་བ་ནན་པོ་བཏོན་ཡོད་པའོ། །
(གཉིས)“གཞི་རྩའི་གནད་འགག་གཉིས”ཀྱི་གྲས་ཤིག་ནི། “ཚད་གཞི་ལྟར་སློབ་ཁྲིད”རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན།
“ཚད་གཞི་ལྟར་སློབ་ཁྲིད”བྱེད་དགོས་ཞེས་པ་ནི་བསླབ་ཚན་གྱི་ཚད་གཞིར་གཞིགས་ནས་སློབ་ཁང་སློབ་ཁྲིད་དམ་སློབ་ཚན་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་བ་དེ་ཡིན། “རྒྱལ་ཁབ་ཀྱི་བསླབ་ཚན་གྱི་ཚད་གཞི་ནི། སློབ་དེབ་རྩོམ་སྒྲིག་དང་། སློབ་ཁྲིད། དཔྱད་དཔོག་ཚོད་དཔོག རྒྱུགས་འདོན་རྒྱུགས་ལེན་བཅས་ཀྱི་གཞི་འཛིན་ས་ཡིན”པས། བསླབ་ཚན་གྱི་ཚད་གཞི་གཅིག་གིས་རིགས་མི་འདྲ་བའི་བསླབ་གཞི་པོད་གྲངས་མང་པོ་རྩོམ་སྒྲིག་བྱེད་ཆོག་པས། ང་ཚོས་སློབ་ཁྲིད་ཁྲོད་གཞི་འཛིན་ས་ནི་རིགས་མི་འདྲ་བའི་སློབ་དེབ་པོད་གྲངས་མང་པོ་ཡོད་པ་དེ་ཡིན་མི་སྲིད་པར་དེ་ནི་རྒྱལ་ཁབ་སློབ་གསོ་པུའུ་ནས་གཏན་འཁེལ་ཟིན་པའི་བསླབ་ཚན་གྱི་ཚད་གཞི་གཅིག་པུ་དེ་ཁོ་ན་ཡིན།
དེ་མིན། མིག་སྔའི་སྦྱངས་འབྲས་རྒྱུགས་ལེན་རྒྱུགས་འདོན་གྱི་ཁྲོད། ང་ཚོས་གཞི་འཛིན་ས་ནི་རིགས་མི་འདྲ་བའི་བསླབ་གཞི་ཡོངས་རྫོགས་ཀྱི་ནང་དོན་དེ་དག་ཡིན་མི་སྲིད་པར་རྒྱུགས་འདོན་རྒྱུགས་ལེན་གྱི་རྩ་འཛིན་གཞི་འཛིན་གྱི་ཡོད་པ་དེ་ཡིན། དེར་བརྟེན། སློབ་ཚན་ཞིག་ལ་གདེང་འཇོག་བྱེད་སྐབས། ཁྲིད་མཆོག་ལེགས་སྦྱང་ངམ་སྤུས་ལེགས་མྱོང་ཁྲིད་ཀྱི་སློབ་ཚན་ཞིག་ཡིན་མིན་གཙོ་བོ་དེ་བསླབ་ཚན་ཚད་གཞིའི་གཞི་རྩའི་བླང་བྱ་དང་བསམ་པའི་ངོ་བོ་དང་མཐུན་མིན་ལ་བལྟ་དགོས་ཤིང་། སློབ་ཚན་འདིར་སློབ་དེབ་ཡོངས “ཁ་གསལ་གཏིང་གསལ”ཐུབ་ཡོད་མེད་ལ་ང་ཚོས་དོ་སྣང་བྱེད་དགོས་པ་ཞིག་མིན་པར་སྙམ།
(གསུམ)“གཞི་རྩའི་གནད་འགག་གཉིས”ཀྱི་གྲས་གཉིས་པ་ནི། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རང་བཞིན་ཏེ་མི་ཆོས་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན། སྒོ་འབྱེད་རང་བཞིན། ལག་ལེན་རང་བཞིན་བཅས་མཚོན་པ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན།
མི་ཆོས་རང་བཞིན་ཞེས་པ་ནི་གཙོ་བོ་མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་ཡིན། སློབ་ཚན་གཅིག་གི་སློབ་ཁྲིད་ནང་དོན་འཚོ་བ་ཅན་དང་། གདམ་གའི་རང་བཞིན་ཅན་གྱི་རང་གཤིས་ཅན། གསར་གཉིས་སློབ་གསོའི་དགོངས་དོན་བཞིན་གནས་སོ་སོའི་ཁྱད་ཆོས་སོགས་ལྡན་པ། སློབ་ཁྲིད་བྱེད་སྟངས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་དགོས་པ། སློབ་ཚན་གཅིག་རང་གི་སྟེང་ནས་ཕྱོགས་བསྡུས་རང་བཞིན་མཚོན་དགོས་པའི་བླང་བྱ་བཏོན་གྱི་ཡོད་པས། འབྲེལ་ཡོད་ཤེས་བྱའི་ཕྱོགས་བསྡུས་ཡིན་ཆོག་ལ། སློབ་ཁྲིད་དམིགས་ཡུལ་གྱི་ཕྱོགས་བསྡུས་ཀྱང་ཡིན་ཆོག་ལ། གནད་དོན་ལ་བལྟ་བའི་ཟུར་མི་འདྲ་བའི་ཕྱོགས་བསྡུས་ཀྱང་ཡིན་ཆོག་པས་མི་གཤིས་བསམ་བློའི་ནུས་པ་ལྡན་པ་དང་ཕྱོགས་ཡོངས་ནས་འཇོན་ནུས་ལྡན་པའི་ཚད་ལྡན་གྱི་མི་གཤིས་ཀུན་སྤྱོད་ལྡན་པའི་མི་སྣ་གསོ་སྐྱོང་བྱེད་དགོས་པ་དེ་ཡིན།
སྒོ་འབྱེད་རང་བཞིན་ཞེས་པ་ནི་དགེ་རྒན་གྱི་སློབ་ཁྲིད་བསམ་བློ་དེ་སྒོ་ཡངས་དཀྱིལ་ཆེ་ཡིན་དགོས་པ་ལས། བསམ་བློ་དང་རིགས་པའི་གཞུང་ལུགས་ག་གེ་མོ་ཞིག་ཁོ་ནར་གཏན་འཇགས་ཀྱིས་སློབ་ཁྲིད་བྱེད་པ་མ་ཡིན་པར། གཞན་གྱི་ལེགས་ཆ་དགེ་སྒྲུབ་བསྡུ་ལེན་བྱས་ནས་རང་ཉིད་ཀྱིས་ལེགས་པར་སྤྱོད་ཐུབ་པར་དགོས་པའི་བླང་བྱ་བཏོན་ཡོད་པ་དང་། སློབ་ཁྲིད་ཀྱི་དམིགས་ཚད་སྒོ་འབྱེད་སྒོ་ཡངས་ཡིན་པས། དམིགས་ཚད་གཏན་འཁེལ་བྱ་རྒྱུ་དེ་སློབ་ཁྲིད་ཀྱི་ནང་དོན་ལེགས་གྲུབ་བྱུང་ཚད་ཙམ་མ་ཡིན་པར་སློབ་མའི་ཕྱོགས་ཡོངས་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྙིང་སྟོབས་གསོ་སྐྱོང་བྱེད་དགོས་པ་སོགས་ཕྱོགས་མང་པོའི་ཐད་ནས་སློབ་གསོ་སློབ་ཁྲིད་ལ་ཞུགས་དགོས་ཀྱི་ཡོད། སློབ་ཁྲིད་ཀྱི་ནང་དོན་ནི་སྒོ་འབྱེད་ཡིན་ལ། རིག་ཚན་ཁག་གི་སློབ་ཁྲིད་ཀྱི་སྣ་གཅིག་རང་བཞིན་ལ་འགྱུར་བ་བཏང་ནས་སྤྱི་ཚོགས་རིག་ཚན་གྱི་ཕྱོགས་བསྡུས་བརྒྱུད་རིམ་གྱི་སྒོ་འབྱེད་ཡིན་པ་མཚོན་པར་སློབ་ཁྲིད་ལ་ཞུགས་དགོས་གལ་ཆེ་བར་བསམ། དེས་ན། སློབ་ཚན་གཅིག་མཇུག་སྒྲིལ་སྐབས་ཕྱོགས་བསྡོམས་དང་ཡར་རྒྱས་ཀྱི་རྨང་གཞིའི་ཐོག་སློབ་མས་འབྲེལ་ཡོད་ནང་དོན་དང་གནད་དོན་ལ་མུ་མཐུད་སློབ་སྦྱོང་བྱེད་འདོད་པའི་བློའི་སྐུལ་སློང་འཕེལ་བ་དང་། སློབ་ཚན་གྲོལ་རྗེས་རང་འགུལ་ངང་སྣ་མང་ཤེས་བྱར་རྒྱུས་མངའ་བྱེད་འདོད་པའི་ཆ་འཕྲིན་བསྡུ་རུབ་དང་གནད་དོན་ཐག་གཅོད་བྱེད་དུ་འཇུག་དགོས་པ་དེ་དེ་བས་གལ་ཆེ་བར་ངེས།
གསུམ་པ། སློབ་སྦྱོང་གི་རྣམ་པའི་ཐོག་ནས་མངོན་དགོས་ཚུལ། དཔེ་ཀློག་དང་རང་འགུལ་གྱི་དྲིས་ལན་དང་འབྲེལ་བ་བྱེད་པ་དང་། རང་སྟོབས་ཀྱི་གྲོས་བསྡུར་དང་རང་དཔྱད་ཀྱིས་ཕན་ཚུན་བརྡར་ཤ་གཅོད་ཐུབ་པ་དགོས།
(གཅིག)འབྲེལ་གཏུག་དཔེ་ཀློག་བྱེད་པ།
“འབྲེལ་གཏུག”ཅེས་པ་ནི་ཕྱོགས་བསྡུས་དང་ཡང་ན་ཕན་ཚུན་འབྲེལ་བས་སྦྲེལ་བ། “དཔེ་ཀློག”ཅེས་པ་ནི་ཡིག་ཐོག་གི་དཔྱད་གཞིའི་ནང་ནས་དོན་སྙིང་བླང་སྟེ་རིག་སྟོབས་མིན་པའི་རྒྱུ་རྐྱེན་ལ་ཤུགས་རྐྱེན་ཐེབས་པའི་བརྒྱུད་རིམ་ཞིག་ཡིན་གྱི། འབྲེལ་གཏུག་དཔེ་ཀློག་ཅེས་པ་ནི་དགེ་རྒན་གྱི་ཁྲིད་སྟོན་འོག་སློབ་མས་འབྲེལ་ཡོད་ཡིག་ཐོག་དཔྱད་གཞིའི་ཡིག་རིགས་ཁྲོད་ནས་ཤེས་བྱའི་གནད་འགག་གམ་ཆ་འཕྲིན་བསྡུ་ལེན་དང་། དོན་གྱི་སྙིང་པོ་བླང་ཐུབ་པའི་རིག་སྟོབས་མིན་པའི་རྒྱུ་རྐྱེན་ལ་ཤུགས་རྐྱེན་ཐེབས་པའི་བྱེད་སྒོ་ཞིག་གོ ། སློབ་ཚན་གཅིག་སློབ་ཁྲིད་བྱས་པ་དེ་ཕུལ་བྱུང་ཡིན་མིན་ནི་ང་ཚོས་སློབ་མས་དཔེ་ཀློག་བྱེད་པའི་བརྒྱུད་རིམ་ཁྲོད་དམིགས་ཡུལ་ལ་དམིགས་ནས་འབྲེལ་ཡོད་ཤེས་བྱ་ལ་འཕྲེད་གཞུང་གཉིས་ནས་འབྲེལ་བ་ཐུབ་པ་དང་ཕན་ཚུན་འབྲེལ་མཐུད་བྱས་ཏེ་རང་ཉིད་ཀྱི་ཕྱོགས་བསྡུས་ནུས་པ་དང་ཕྱོགས་བསྡུས་ཀྱི་བྱང་ཚད་མཐོར་འདེགས་གཏོང་ཐུབ་མིན་ལ་བལྟ་དགོས།
(གཉིས།)རང་འགུལ་ངང་དྲི་བར་ལན་འདེབས་པ།
“རང་འགུལ་གྱི་དྲི་བ་དྲིས་ལན”ཞེས་པ་ནི་སློབ་མས་རང་ཚུགས་དང་ཧུར་བརྩོན་གྱིས་གནད་དོན་བཏོན་པ་དང་དྲི་བར་ལན་འདེབས་རྒྱུ་དེ་ཡིན། རིག་བྱེད་མཁས་པས་ཀྱང་། སློབ་ཁྲིད་ཀྱི་མཐའ་མཇུག་དམིགས་ཡུལ་ནི་སློབ་མས་ཡང་དག་པའི་སྒོ་ནས་གནད་དོན་འདོན་དགོས་པ་དང་དྲི་བར་ལན་འདེབས་པའི་ནུས་པ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་པར་ཁས་ལེན་གནང་གི་ཡོད་ལ། སྔོན་གྱི་དུས་ན་རང་རིགས་ཀྱིས་ཀྱང་རྩོད་གཞི་སློང་བ་དང་། རྩོད་ལན་འདེབས་པའམ་རྟགས་གསལ་གཏོང་བ། དགག་གཞག་བྱེད་པ་དང་རྩོད་པ་སྤོང་བ་སོགས་བྱེད་པ་དེ་བཞིན་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་སློབ་མར་དྲི་བ་འདོན་པར་སྐུལ་མ་གཏོང་དགོས། རྒྱུ་མཚན་ནི་གནད་དོན་ཞིག་བཏོན་པ་ནི་གནད་དོན་ཞིག་ཐག་གཅོད་བྱེད་པ་ལས་གལ་ཆེ་བས་ཡིན་ནོ། །
(གསུམ།)རང་ཚུགས་ཀྱིས་གྲོས་བསྡུར་བྱེད་པ།
གྲོས་བསྡུར་ནི་གནད་དོན་ག་གེ་མོ་ཞིག་ལ་བསམ་འཆར་བརྗེ་རེས་དང་རྩོད་གླེང་བྱེད་པའི་བྱ་འགུལ་ཞིག་ཡིན་པ་ཀུན་གྱིས་རྟོགས་ངེས་ཤིང་། རང་ཚུགས་གྲོས་བསྡུར་ཞེས་པ་ནི་དགེ་རྒན་གྱི་ཁྲིད་སྟོན་འོག་སློབ་མས་རང་འདེམས་ཀྱི་གནད་དོན་དང་། གནད་དོན་འདིའི་ཐད་རང་མོས་ཀྱིས་བསམ་འཆར་བརྗེ་རེས་དང་རྩོད་གླེང་བྱས་ཏེ། གནད་དོན་ཐག་གཅོད་བྱེད་པའམ་ཡང་ན་གནད་དོན་གསར་པ་གྲུབ་པའི་བྱ་འགུལ་ལ་ངོས་འཛིན་དགོས་ལ། གྲོས་བསྡུར་ནི་སློབ་མའི་སྐད་ཆའི་མཚོན་ཐབས་དང་རྩོད་སྒྲུབ་ཀྱི་བསམ་གཞིག་ནུས་པ། མཉམ་ལས་ཀྱི་འདུ་ཤེས་དང་མཉམ་ལས་ཀྱི་ནུས་པ་བཅས་གསོ་སྐྱོང་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
(བཞི།)རང་དཔྱད་དང་ཕན་ཚུན་དཔྱད་འཇོག་བྱེད་པ།
རང་དཔྱད་ནི་རང་གིས་རང་ལ་གདེང་འཇོག་བྱེད་པ་སྟེ། རང་ཉིད་གདེང་འཇོག་བྱེད་པོར་བརྩིས་ནས་རང་གིས་རང་ལ་གདེང་འཇོག་བྱེད་པ་དེ་ཡིན། དེའི་དམིགས་ཡུལ་ནི་ཕྱོགས་ཡོངས་ནས་རང་གིས་རང་ལ་ངོས་འཛིན་གསལ་པོ་ཐུབ་པ་དང་ཚུར་ལན་སྙོམ་སྒྲིག་བྱེད་པའི་ཆེད་དུ་ཡིན། ཕན་ཚུན་དཔྱད་འཇོག་བྱེད་པ་ནི་ཕན་ཚུན་གདེང་འཇོག་བྱེད་པ་དང་སློབ་མ་ཕན་ཚུན་ཡར་སྐུལ་སྐུལ་འདེད་བྱེད་པའི་གདེང་འཇོག་བྱེད་ཐབས་ཤིག་ཡིན་པས། དེས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་མཐོར་འདེགས་ལ་མཐོང་ཆེན་བྱེད་ཐུབ་ཀྱི་ཡོད། དེ་ཡང་། སློབ་མས་རང་གིས་རང་ལ་དགག་པ་བརྒྱབ་པ་དང་རང་གིས་རང་ལ་གདེང་འཇོག་བྱེད་པ་གཞི་འཛིན་ས་གཙོ་བོར་བྱས་ནས་མི་གཞན་གྱི་གདེང་འཇོག་དེ་གནས་བབས་ཕལ་པར་འཇོག་སྐབས། རང་ཚུགས་རང་བཞིན་དང་གསར་གཏོད་རང་བཞིན་ལ་སྐུལ་འདེད་བཟང་པོ་ཐེབས་ཀྱི་ཡོད་ཅིང་། དེ་དང་མཉམ་དུ། ཞིབ་འཇུག་ལ་ལར། སློབ་འབྲིང་སློབ་མའི་གདེང་འཇོག་ནུས་པ་འཕེལ་རྒྱས་འགྲོ་བའི་ཁྱད་ཆོས་མངོན་གསལ་ཞིག་ནི་ན་མཉམ་ཚོས་རང་གིས་རང་ལ་གདེང་འཇོག་བྱེད་པ་དང་རང་གི་ལྟ་ཚུལ་ལ་མཐོང་ཆེན་བྱེད་པར་ངོས་འཛིན་བྱེད་ཀྱི་ཡོད་པས་ཡིན། ཡིན་ཡང་འདིའི་སྐོར་སློབ་རིམ་གཞན་པའི་སློབ་མའི་ཁྲོད་དུ་མཐོང་དཀོན་པ་ཞིག་རེད།
བཞི་པ། དགེ་རྒན་གྱི་ནུས་པའི་ཐོག་ནས་མཚོན་དགོས་ཚུལ། གཞན་ཡིད་འགུག་པ་དང་། སྣེ་སྟོན་ལེགས་ཁྲིད། མཇུག་འབྲས་སྤུས་ལེགས།
(གཅིག)གཞན་ཡིད་འགུག་པ།
གཞན་ཡིད་འགུག་པའམ་གཞན་དབང་འགུག་ཐབས་ཀྱི་ནུས་པའི་ནང་དུ་འདྲེན་པ་དང་ནང་བཞུགས་བྱེད་ཐབས་ཀྱི་ནུས་པའི་སྐོར་གཉིས་ཚུད་ཡོད་པའི་འདྲེན་པ་ནི་ཞིབ་འཇུག་བྱ་གཞི་འདྲེན་པ་དང་དེར་མཛུབ་སྟོན་བྱེད་ཐབས་ཀྱི་ནུས་པ་ལ་ངོས་འཛིན་དགོས། ནང་བཞུགས་བྱ་རྒྱུ་ནི་མིའི་སེམས་ཁམས་ཀྱི་རྣམ་པའི་གནས་སྟངས་ཤིག་གམ་ཡང་ན་དེ་བས་ཆེས་མཐོ་བའི་ཞིང་ཁམས་ཤིག་ཏུ་གནས་སུ་འཇུག་རྒྱུ་དེ་ཡིན། འདྲེན་པ་ནི་བྱ་ཐབས་དང་ནང་བཞུགས་བྱ་རྒྱུ་ནི་དམིགས་ཡུལ་ཡིན་པས། དེས་དགེ་རྒན་གྱིས་གཙོ་ཁྲིད་བྱེད་པ་དང་སློབ་མ་གཙོར་བཟུང་གཉིས་ཞི་མཐུན་གཅིག་གྱུར་རང་བཞིན་ཡིན་པ་མཚོན་གྱི་ཡོད། གཞན་དབང་འགུག་པའམ་གཞན་ཡིད་འགུག་པ་ནི་སློབ་ཚན་ཞིག་གི་ཐོག་མའི་དུས་རིམ་ནང་དུ་དགེ་རྒན་གྱིས་སློབ་ཁྲིད་ཀྱི་དམིགས་ཡུལ་ལ་གཞིགས་ནས་ཁོར་ཡུག་གཏོད་པ། སྤྲོ་བ་འཕེལ་བ། སློབ་མས་ཞིབ་འཇུག་བྱ་གཞི་ག་གེ་མོ་ཞིག་ལ་སློབ་སྦྱོང་གི་རྣམ་པ་ཡག་ཤོས་སམ་ཡང་ན་ཚད་ངེས་ཅན་ཞིག་ཏུ་སླེབས་པའི་སློབ་ཁྲིད་ཀྱི་བྱ་སྤྱོད་ཅིག་ཡིན།
(གཉིས)སྣེ་སྟོན་ལེགས་ཁྲིད།
སྣེ་སྟོན་ལེགས་ཁྲིད་ནང་སྣེ་ཁྲིད་གནད་འཁེལ་དང་ཐབས་མཁས་སྣེ་ཁྲིད་ཅེས་པ་གཉིས་བསྡུས་ཡོད་པས། སྣེ་ཁྲིད་གནད་འཁེལ་ཞེས་པ་ནི་མཛུབ་སྟོན་ཞིབ་ཚགས་བྱེད་པ་དེ་ཡིན། ཐབས་མཁས་སྣེ་ཁྲིད་ཅེས་པ་ནི་སྣེ་ཁྲིད་བྱེད་ཐབས་ཀྱི་ཐབས་ཤེས་མཁས་ཤིང་ཡག་པ་སྟེ་གནད་ལ་འཁེལ་བར་གོ་ན་ཆོག་པས། སྣེ་སྟོན་ལེགས་ཁྲིད་ཅེས་པ་ཡང་སློབ་ཚན་གཅིག་སློབ་ཁྲིད་བྱེད་པའི་རིང་དགེ་རྒན་གྱིས་ནུས་ལྡན་གྱི་བྱ་ཐབས་དང་བྱ་ཐབས་སྣ་ཚོགས་སྤྱད་དེ་སློབ་མའི་དཔེ་ཀློག་དང་། དྲི་བར་ལན་འདེབས་པ། གྲོས་བསྡུར་བྱེད་པ། དབྱེ་ཞིབ་ཀྱིས་སྙིགས་དོར་བཅུད་ལེན་གྱིས་ཤན་འབྱེད་བྱེད་པ་སོགས་སློབ་སྦྱོང་བྱེད་སྒོར་མཛུབ་ཁྲིད་ཞིབ་ཚགས་དང་ཐབས་མཁས་ཀྱིས་སྣེ་ཁྲིད་བྱེད་པའི་སློབ་ཁྲིད་ཀྱི་བྱ་སྤྱོད་ཅིག་ཡིན། དེའི་དམིགས་ཡུལ་ནི་སློབ་སྦྱོང་གི་སྐུལ་སློང་དྲག་ཏུ་འཕྱུར་ནས་སློབ་མའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་བྱས་ཏེ་སློབ་ཚན་སློབ་ཁྲིད་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་རྒྱུ་དེ་ཡིན། དེར་བརྟེན། སློབ་ཚན་ཞིག་ཕུལ་དུ་བྱུང་མིན་ནི་སློབ་ཁྲིད་ཀྱི་མཐོ་རླབས་ཤིག་ཡོད་མེད་ལ་བལྟ་དགོས་པ་དེ་ཡིན་ནོ། །
(གསུམ།)མཇུག་འབྲས་སྤུས་ལེགས།
“མཇུག་འབྲས་སྤུས་ལེགས”ཞེས་པ་ནི་སློབ་ཚན་གཅིག་མཇུག་སྒྲིལ་ལ་ཉེ་བའི་སྐབས། དགེ་རྒན་གྱིས་སློབ་མར་སློབ་ཚན་སྤྱིར་ཕྱོགས་སྡོམ་གནད་འཁེལ་དང་དེ་བས་བསམ་གཞིག་བྱེད་ཐབས་ཡར་རྒྱས་སུ་གཏོང་བར་ཁྲིད་སྟོན་ཚགས་ཚུད་པོ་བྱེད་པ་དང་དུས་མཚུངས་སློབ་མས་འབྲེལ་ཡོད་ནང་དོན་དང་གནད་དོན་ལ་མུ་མཐུད་སློབ་སྦྱོང་བྱེད་པའི་འདོད་པ་ཆེས་ཆེར་འཕེལ་བ་དང་འབྲེལ་སློབ་མས་སློབ་ཚན་གྲོལ་རྗེས་རང་འགུལ་ངང་ཆ་འཕྲིན་བསྡུ་རུབ་དང་གནད་དོན་ཐག་གཅོད་བྱེད་པའི་སློབ་ཁྲིད་ཡོངས་ཀྱི་བྱ་སྤྱོད་ཡང་དག་ཅིག་ཡིན། གལ་ཏེ་ཐོག་མའི་སློབ་ཁྲིད་ཀྱི་སྒྱུ་རྩལ་ནི་སློབ་མ་རྣམས་སློབ་ཁྲིད་ཀྱི་ཡུལ་ཁམས་སུ་ཁྲིད་ནས་ཕན་འབྲས་ལེགས་པོ་ཐོབ་པའི་ཆེད་དུ་ཡིན་ན། མཇུག་གི་སྒྱུ་རྩལ་ནི་སློབ་ཁྲིད་ཀྱི་སློབ་ཐུན་ཐུང་ངུ་དེ་མི་ཚེའི་སློབ་ཚན་ཆེན་པོར་ཁྲིད་ནས་ཆེས་ཕུལ་བྱུང་གི་ཕན་འབྲས་ལེགས་པོ་དེ་སློབ་ཁང་སློབ་ཁྲིད་ཀྱི་གནས་ནས་སྤྱི་ཚོགས་ཀྱི་ངོས་སུ་ཁྱབ་པར་བྱེད་པ་ཞིག་ཡིན་པས། སློབ་ཚན་ཞིག་ལ་མི་རྣམས་ཀྱི་ཡིད་དབང་འགུག་པའི་སྣེ་མོའི་མགོ་ཞིག་ཡོད་དགོས་པ་མ་ཟད། ད་དུང་རོ་བརྒྱ་བཅུད་ལྡན་གྱི་ཟད་མེད་བྲོ་བའི་མཐའ་མེད་པའི་མཇུག་ཅིག་ཀྱང་ཡོད་དགོས་སོ། ། དགེ་རྒན་གྱིས་སྣེ་སྟོན་ལེགས་ཁྲིད་བྱས་ཏེ་སྒྱུ་རྩལ་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་སློབ་ཁྲིད་ཀྱི་མཐོ་རླབས་འཕྱུར་ཚེ་སློབ་མའི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ལ་སྐུལ་སློང་ནུས་ལྡན་ཐུབ་ཅིང་། སློབ་ཚན་གྱི་རྣམ་པ་འཁྲུག་པ་ནས་རྣམ་པ་ལྷག་པར་འཁྲུག་ཆ་དོད་པར་གྱུར་བས་སློབ་ཁང་སློབ་ཁྲིད་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་ཕན་ཐོགས་མངོན་པར་ཆེའོ། ། མདོ་བསྡུས་ནས་བཤད་ན། དགེ་རྒན་གྱིས་བསླངས་པའི་སློབ་ཁྲིད་ཀྱི་མཐོ་རླབས་ལ་སྐུལ་མ་གཏོང་བའི་ནུས་པ་དང་། སྤྲོ་སྣང་གི་ནུས་པ། སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི་ནུས་པ། ཤུགས་རྐྱེན་ངེས་ཅན་ཐེབས་པའི་མཛེས་དཔྱོད་ཀྱི་ནུས་པ་བཅས་ལྡན་ཡོད། དེར་ན། སློབ་ཚན་གཅིག་གི་སློབ་ཁྲིད་ཁྲོད། དགེ་རྒན་གྱིས་མཛུབ་སྟོན་ཞིབ་ཚགས་དང་ཐབས་མཁས་ཀྱིས་སྣེ་ཁྲིད་བྱས་ཏེ། གསོན་ཉམས་དང་གསོན་ཤུགས་ལྡན་པའི་སློབ་ཁྲིད་ཀྱི་མཐོ་རླབས་དྲག་ཏུ་འཕྱུར་བར་ངེས་པར་འབད་བརྩོན་བྱེད་དགོས་གལ་ཆེ་བའོ།།
མདོར་ན། སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་ཚང་མར་རང་སོ་སོར་ལེགས་ཆ་དང་ཞན་ཆ་ཡོད་ལ། མཚན་ཉིད་མཚུངས་པའི་མི་དང་མིའི་གཟུགས་དང་འདུ་ཤེས་དང་འདུ་བྱེད་སོགས་ཀྱི་ཕུང་པོ་ཡང་མི་འདྲ་བས་རང་རང་གི་གོམས་གཤིས་སོགས་ཁྱད་ཆོས་ཀྱང་མི་འདྲ། དེའི་ཕྱིར། སློབ་ཚན་གཅིག་ལེགས་འགྲུབ་འབྱུང་ཐུབ་མིན་ནི་དགེ་རྒན་སོ་སོས་སྐྱོན་སྤང་དགེ་སྒྲུབ་དང་སྙིགས་དོར་བཅུད་ལེན། བླང་དོར་ལེགས་འགྲུབ་ཐུབ་མིན་ལ་བལྟ་དགོས་པས། རང་རང་སོ་སོའི་ཐུན་མིན་གོམས་གཤིས་ལྟར་རང་ཉིད་ཀྱི་དགེ་མཚན་གང་ལེགས་ལེགས་ཀྱིས་འདོན་སྤེལ་བྱེད་ཐུབ་མིན་ལ་བལྟ་དགོས་པ་དེ་ཆེས་གལ་ཆེ་བའི་ནང་གི་གལ་ཆེ་བ་ཡིན་ནོ་སྙམ་ཏེ་རྙོག་གཏམ་འདི་དག་ཐལ་སོང་བས་ཀློག་པ་པོ་ཀུན་པོས་བླང་དོར་གནང་བར་ཞུ་རོགས་དང་། སྙིང་པོ་མེད་ན་བཏང་སྙོམས་སུ་འཇོག་པར་མཛོད། །
འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།