ལམ། འཁྱམས་པོས།

文摘   2024-08-20 16:36   西藏  



   

ལམ། འཁྱམས་པོས།


༡ ལམ་ནི་སྙན་ངག་ཅིག་ཡིན་ན། ངས་ནམ་ཡང་ཕྱིན་མི་ཚར་བའི་ལམ་ཞིག་ལ་བརྟེན་ནས་མཐའ་འཁོར་གྱི་མི་དང་སྤང་རི། རྫ་རི། ནམ་མཁའ། ཆུ་བོ་སོགས་ནི་སྙན་ངག་འཁོན་པའི་ཞེ་སྡང་དེ་ཡིན་ངེས་པས་དེ་དག་གིས་སྟེར་བའི་རྣམ་རྟོག་རྣམས་མགུལ་རྒྱན་དུ་བཅིངས་ནས་གནས་ངེས་མེད་དང་དུས་ངེས་མེད་ལ་ཡིག་ཐོག་ཏུ་བཞུར་བ་ནི་སེམས་ཀྱི་ཆགས་སྡང་ཞིག་ཅི་ལ་མིན།

༢ ལམ་དེའི་ཆར་པ་ནི་བཞུར་མི་ཚར་བའི་མཐོ་སྒང་གི་སྐོམ་སེལ་གྱི་བདུད་རྩི་དེ་ཡིན་ན། ང་ནི་ནམ་ཡང་མཐོ་སྒང་རྩྭ་ཐང་གི་མེ་ཏོག་ཁྲི་མ་འབུམ་གྱིས་འཇམ་མཉེན་ཡལ་འདབ་ཀྱི་ལུས་ཕུང་ཆར་ཆུའི་བརླན་བཤེར་དང་མཉམ་དུ་འཚར་ལོངས་བྱེད་མཁན་དེ་ཡིན་ངེས་ལ་གདུང་སེམས་མཉམ་སྐྱེས་བྱེད་མཁན་གྱི་སྤང་རྒྱན་མེ་ཏོག་དེ་ཅི་ལ་མིན།

༣ ལམ་དེའི་རྩྭ་ཐང་ཡངས་པོ་ནི་སེམས་མལ་གསོ་བའི་གནས་མཆོག་དེ་ཡིན་ན། ང་ནི་འདི་གར་འཚོ་གནས་དང་དུས་བཞིའི་འགྱུར་ལྡོག་ལས་འཕོས་པའི་དབྱངས་རྟའི་འགྱུར་ཁུག་སྙན་མོས་མཆེད་པའི་རྩྭ་ལྗང་ལ་བསྟོད་གླུ་ལེན་མཁན་དེ་ཅི་ལ་མིན།   

༤ ལམ་དེ་ནི་སེམས་ཁོངས་ཀྱི་དད་པས་བསྐྲུན་པ་ཞིག་ཡིན་ན། དད་པ་དེ་ནི་ནམ་ཡང་བོར་དུ་མེད་པའི་མི་ཚེའི་ཐོག་མཐའ་བར་གསུམ་གྱི་རྒྱགས་ཕྱེ་ཡིན་ངེས་ལ། ང་ནི་དེ་ལ་བརྟེན་ནས་མི་ཚེའི་འཕྲང་ལམ་དེར་འཚོལ་ཞིབ་དང་མྱོང་རོལ་བྱེད་མཁན་དེ་ཅི་ལ་མིན།

༥ ལམ་དེ་ནི་རང་ཉིད་ཀྱིས་སྟོབས་ཤུགས་ཡོད་ཚད་བཏོན་ནས་ངའོ་སྙམ་པའི་ང་རྒྱལ་གྱི་མགྲིན་པ་གཟེངས་སུ་གཏོད་ནས་ནམ་མཁའ་ན་ངལ་དུབ་ཀྱི་དབུགས་རིང་དེ་དལ་པོར་གཏོང་ཚེ་ཉེ་འགྲམ་གྱི་རྒད་པོ་བརྒྱད་ཅུ་གོས་དཀར་གྱོན་པ་དེས་རྐང་རྗེན་མས་བྲག་རི་དེ་བཤགས་དུས་ལམ་དེ་ནི་ང་རྒྱལ་གྱི་གོང་བུ་འཇོམས་མཁན་གྱི་མཉེན་པོ་དེ་ཅི་ལ་མིན།

༦ ལམ་དེ་ནི་སྐྱེ་བོ་ཡོད་ཚད་ཀྱི་རང་རང་གི་མོས་པ་ལ་བརྟེན་ནས་མགོ་མཇུག་ཚང་བ་ཞིག་ལ་འབད་པ་བྱེད་ཡུལ་ཞིག་ཡིན་ན་དེ་ལ་དངུལ་ལོར་མང་ཉུང་གི་གཏམ་གླེང་མེད་ལ་འཚོ་བར་ཟབ་འཇུག་གི་བཟང་ངན་ཞིག་ཀྱང་ཡེ་ནས་མེད་པས་ལམ་དེའི་འགྲུལ་བཞུད་པ་ངའི་དོ་ནུབ་གནས་བཅའ་བའི་མགྲོན་ཁང་དེ་ནི་བསམ་གཞིག་གི་བར་སྟོང་ཆེ་ཤོས་དང་སྐར་ཚོགས་ཀྱིས་བཞེངས་པའི་འཇིག་རྟེན་ཞིག་ཅི་ལ་མིན།

༦ ལམ་དེའི་སྟེང་གི་ཟ་ཁང་དང་མགྲོན་ཁང་གི་སྦྱིན་བདག་ནི་མི་ཡུལ་ན་མི་རང་འགའ་བའི་རླབས་ཆེན་གྱི་ཕུགས་བསམ་དེ་ཉམས་སུ་བཞེས་མཁན་རྣམས་ལ་མཐུན་རྐྱེན་སྐྲུན་མཁན་བཟང་ཤོས་དེ་ཡིན་ངེས་ཀྱང་ཡོད་ཚད་དངུལ་ལོར་ལ་སྐྱབས་བཅོལ་བའི་གནམ་འོག་ན་སྡིག་པ་ཆེ་ཤོས་ཀྱི་སྦྱིན་བདག་ཅིག་ཅི་ལ་མིན།

༧ ལམ་དེ་ནི་ཕྱི་ནང་ལྟ་གྲུབ་ཀྱིས་བཞེངས་པའི་ལམ་དེ་ཡིན་ངེས་ལ་བན་བོན་སོགས་ཀྱི་དད་ཅན་པ་ཀུན་ལ་དབང་བའི་ལམ་ཡང་ཡིན་སྲིད། ཡིན་ནའང་རང་རང་གི་མོས་པ་ཆེན་པོས་ལམ་དེ་བཤགས་ཀྱིན་ལམ་དེའི་སྟེང་ལ་རང་གི་དད་པ་ལོངས་སུ་སྤྱོད་བཞིན་ལམ་དུ་གསལ་བའི་རི་མོའི་རྒྱགས་ཕྱེའི་མལ་བསྟན་དེ་ཡང་དེ་ལྟར་རྒྱ་ཆེ་ནས་རྒྱ་ཆེར་མཆེད་འགྲོ་བ་ཞིག་ཅི་ལ་མིན།

༨ ལམ་དེ་ནི་བསྐལ་བ་ཆགས་དུས་ཀྱི་དམུ་ཐག་དེ་ཡིན་ངེས་ལ། ས་མཐོའི་འཕྱི་བ་རྣམས་ཀྱིས་ཏིང་འཛིན་སྒོམ་ཡུལ་ཞིག་དང་ཨབ་རས་འགྲོ་བ་མིར་བྲོ་གར་གྱི་མཆོད་པ་འབུལ་ཡུལ་གྱི་ལམ་སྣེ་ཞིག་ནས་མགོ་ནག་མིའི་ཟ་འཕྲོ་དང་འཐུང་འཕྲོར་ཞེན་པའི་སྐྱོ་གར་གྱི་འཁྲབ་ར་ཞིག་ཅི་ལ་མིན།

༩ ལམ་དེ་ནི་མཚར་གཏམ་སྣ་ཚོགས་ཀྱིས་བཞེངས་པའི་ལྷ་སྒྲུང་དེ་ཡིན་ངེས་ན། ངའི་གོམ་པ་རེ་རེས་གཏམ་རྒྱུད་ཀྱི་མཚར་གཏམ་རེ་རེ་ངག་ཏུ་གྱེར་གྱིན་ནམ་ཡང་དད་སེམས་ཆུན་པོའི་མཛེས་སྣང་ཞིག་གི་ཁྲོད་དུ་མི་ཚེ་ལ་གཡང་ཆགས་དང་དོན་ལྡན་གྱི་མི་ཚེའི་བགྲོད་ལམ་ལ་གོམས་ནས་མུ་མཐུད་མདུན་སྐྱོད་དང་རེ་བའི་ཁྲོད་དུ་མི་ཚེ་བསྲིངས་བཞིན་པ་ཅི་ལ་མིན།

༡༠ ལམ་དེ་ནི་རྔུལ་ཆུའི་ཐིགས་པའི་ཁྲོད་དུ་མཐོང་སྣང་ལ་རིག་པའི་གངས་དཀར་གཙུག་རྒྱན་དུ་བཞེས་པའི་གངས་ཏི་སིའི་རི་བོ་དེ་ཡིན་ངེས་ན། ངའི་སེམས་ཀྱི་གཏིང་རིམ་ན་ཚ་དྲོད་ཀྱིས་ཁེངས་པའི་དུག་རླངས་ཚ་པོ་དག་ཁྱེད་ཀྱི་གྲང་རླུང་ལ་རེ་ཞིང་ནམ་ཡང་བསིལ་རླུང་ལ་གོམས་པའི་མཐོ་སྒང་སེམས་ཀྱི་སྤུ་རིས་ནི་མེས་པོའི་མེས་པོ་ནས་བརྒྱུས་འོང་བའི་ལམ་དེ་ཅི་ལ་མིན།




ཁྱམས་པོས་མངའ་རིས་སུ་བསྐྱོད་པའི་ལམ་ལས་བསྐྱེད་པའི་ཚོར་སྣང་དེ་མངའ་རིས་སུ་སྦྱར།








འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།



མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ


通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章