གྲོང་ཁྱེར་ལྷ་སའི་མཐོ་འབྲིང་བོད་སྐད་ཡིག་དགེ་རྒན་གྱི་ཆེད་ལས་ནུས་རྩལ་མཐོར་འདེགས་ཀྱི་གསོ་སྦྱོང་བཅུ་དྲུག་གི་བྱེད་སྒོ་མུ་མཐུད་སྤེལ་བཞིན་ཡོད།
ས་སྐྱ་པཎ་ཆེན་གྱིས་མཛད་པའི《མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས》ཀྱི་གཞུང་འགྲེལ། སོ་གཅིག
གཞུང་འགྲེལ་གནང་མཁན་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་རྒན་མཁས་བཙུན་མཆོག
དེའང་རྒྱན་ལས།
ལམ་འདི་གཉིས་ཀྱི་དབྱེ་བ་ནི། །
རང་གི་ངོ་བོས་རྣམ་དཔྱད་ན། །
སྙན་ངག་མཁན་གྱིས་དེ་དག་གི །
དབྱེ་བ་བརྗོད་པར་ནུས་མ་ཡིན། །
ཞེས་པ་ལྟར་རོ། །དངོས་པོའི་གནས་སྐབས་ཁ་དོག་རང་བཞིན་ཐ་དད་པ་སྣ་ཚོགས་པའི་ཕྱིར་རོ། །
ངོ་བོས་དངོས་སུ་བསྔགས་པ་ནི། །
རང་བཞིན་བརྗོད་དང་རིགས་ཡིན་ཏེ། །
དེ་སོགས་དེ་ཡི་རྒྱན་བཤད་བྱ། །
ཚིགས་སུ་བཅད་པ་རྩོམ་པའི་ཚུལ་ལ་གཉིས་ཏེ། རང་བཞིན་བསྔགས་པ་དང་། རིགས་བསྔགས་པའོ། །དང་པོ་ནི་དངོས་པོའི་གནས་ལུགས་སྐྱོན་མེད་པར་བརྗོད་པ་ཡིན་ལ། གཉིས་པ་ནི་དེ་དང་རྗེས་སུ་འབྲེལ་བའི་ཆོས་བརྗོད་པ་ཡིན། དེའང་རིགས་ཙམ་བརྗོད་པའི་དཔེ་རྒྱན་ལས།
མཆུ་ནི་ཤིན་ཏུ་དམར་ཞིང་གུག །
གཤོག་པ་ལྗང་ཞིང་སེར་འཇམ་པ་པོ། །
མགྲིན་པ་ཁ་དོག་གསུམ་གྱིས་བྲེས། །
ནེ་ཙོ་འདི་ནི་འཇམ་པའི་ངག །
ཅེས་བྱ་བ་དང་། བྱ་བ་ཙམ་སྟོན་པའི་དཔེ།
སྙན་པའི་སྒྲ་ཡི་སྙིང་པོ་ཡིས། །
མགྲིན་པའི་སྒྲ་ཡི་སྙིང་པོ་ཡིས། །
མགྲིན་པ་ཀུན་ནས་སྤུར་བའི་མིག །
ཕུག་རོན་ཀུན་ནས་བསྐོར་བ་ཡིས། །
རྩེ་འདོད་དགའ་མ་ལ་མཆུ་སྟེར། །
ཡོན་ཏན་བརྗོད་པའི་དཔེ།
ལུས་ཀྱི་བ་སྤུ་ལངས་བྱེད་ཅིང་། །
ཡིད་ནི་དགའ་བར་བྱེད་པ་པོ། །
མིག་ཀྱང་ཅུང་ཟད་ཟིམ་བྱེད་པ། །
དགའ་མའི་རེག་པ་འདི་དང་ལྡན། །
རྫས་བརྗོད་པའི་དཔེ།
མགྲིན་པ་སྔོ་ཞིང་ལག་པ་ན། །
ཐོད་གནས་གཙུག་ན་ཟླ་བ་ཅན། །
རལ་པ་རྣམས་ཀྱང་དམར་ཞིང་སྣུམ། །
སྣང་གྱུར་ཁྱུ་མཆོག་རྒྱལ་མཚན་ཅན། །
རིགས་དང་བྱ་བ་ཡོན་ཏན་རྫས། །
རང་བཞིན་བརྗོད་པ་འདི་ལྟ་བུ། །
བསྟན་བཅོས་རྣམས་ལ་འདི་གཙོ་སྟེ། །
སྙན་ངག་རྣམས་ལའང་འདི་ཉིད་དོ། །
ཞེས་བྱ་བ་སོགས་པ་རྒྱས་པར་བཤད་པ་ལྟར་རོ། །དེའང་རིགས་བརྗོད་པ་དང་། རང་བཞིན་བརྗོད་པའི་དཔེ། རིགས་ནི་ཐམས་ཅད་ལ་ཁྱབ་པ་ལ། རྫས་ནི་ཕྱོགས་གཅིག་ཉེ་ཚེ་བ་སྟེ། དབང་ཕྱུག་ཁོ་ནའི་རལ་པའོ། །མཛེས་པ་དང་བློ་ལ་སོགས་པ་ཡོན་ཏན་དེ་དག་དང་ལྡན་པས་ཤེས་བྱ་ལ་མི་སྲིད་ཀྱི། འོན་ཀྱང་རིན་པོ་ཆེ་དང་། སེང་གེ་དང་། རྒྱ་མཚོ་ལ་སོགས་པ། དགོས་འདོད་འབྱུང་བ་དང་། འཇིགས་པ་མེད་པ་དང་། གཏིང་དཔག་པར་དཀའ་བ་ལ་སོགས་པ་གང་བརྗོད་པར་འདོད་པའི་ཕྱོགས་འགའ་ཞིག་དང་ཉེ་བར་མཚུངས་པ་ལ་དཔེ་ཞེས་བརྗོད་དོ། །
དེ་ལྟའི་དཔེ་ཡི་རབ་དབྱེ་བ། །
སྔོན་གྱི་མཁས་པ་འདི་ལྟར་བཤད། །
དཔེ་ཉེ་བར་མཚོན་པའི་རབ་ཏུ་དབྱེ་བ་སྔོན་གྱི་སྙན་ངག་མཁན་གྱིས་འདི་ལྟར་བཤད་དེ།
ཆོས་དང་དངོས་པོ་བཟློག་པ་དང་། །
ཕན་ཚུན་དཔེ་དང་ངེས་པའི་དཔེ། །
ངེས་པ་མེད་དང་སྡུད་པའི་དཔེ། །
དེ་སོགས་དཔེ་ནི་སྤྲོས་ཏེ་བཤད། །
ཁྱོད་ཀྱི་ལག་་པ་ཆུ་སྐྱེས་ལྟར་དམར། དངོས་སུ་མཚུངས་པའི་ཆོས་སྟོན་པས་ཆོས་ཀྱི་དཔེའོ། །གདོང་པདྨ། མིག་ཨུཏྤལ་འདྲ། ཆོས་གཅིག་གོ་བས་དངོས་པོའི་དཔེ། ཁྱོད་གདོང་ལྟར་རྒྱས་པའི་བུཎྜ་རཱི་ཀར་གྱུར། །གྲགས་པ་ལ་བཟློག་པའི་དཔེ། ཁྱོད་གདོང་ཆུས་སྐྱེས་འདྲ། ཆུ་སྐྱེས་ཁྱོད་གདོང་འདྲ། ཕན་ཚུན་གསལ་བར་བསྡེབས་པས་ཕུན་ཚུན་གྱི་དཔེ།
......(གཞན་དག་ནི་འདིར་བསྡུས་པས་རྩོམ་པའི་རྣམ་གཞག་ལ་འཇུག་ཕྱིར་སྙན་ངག་ལ་མཁས་ཤིང་བྱང་བར་དགོས་པ་ཤུགས་ལས་རྟོགས་ཤིང་དེར་ངེས་པར་སྦྱང་དགོས་པ་གལ་ཆེ་བའོ། །)
རྟག་ཏུ་སངས་རྒྱས་སངས་རྒྱས་སྲས། །
རྣམ་པ་ཀུན་ཏུ་མཆོད་བྱེད་ཅིང་། །
སྐྱེ་བ་ཀུན་ཏུ་སངས་རྒྱས་ཀྱི། །
སྙན་ངག་མཁན་དུ་འགྱུར་བར་ཤོག །
མཁས་པ་རྣམས་འཇུག་པའི་སྒོ་ལས། རྩོམཔ་ལ་འཇུག་པའི་ལེའུ་སྟེ་དང་པོའོ། ། ། །
གསུམ་པ། བཤད་པ་ལ་འཇུག་པའི་ལེའུ།
དང་པོ། ཚུལ་ཇི་ལྟར་བཤད་ཉན་བྱ་བ།
དེ་ལྟར་རྩོམ་པར་འཇུག་པའི་ཚུལ་ཤེས་ནས་བཤད་པ་ལ་འཇུག་པར་བྱའོ། །
འཆད་བྱེད་བཤད་པར་བྱ་བའི་ཡུལ། །
བཤད་པར་བྱ་བ་རྣམ་པ་གསུམ། །
འཆད་པར་བྱེད་པ་སློབ་དཔོན་དང་། །
བཤད་པར་བྱ་བའི་ཡུལ་སློབ་མ། །
བཤད་པར་བྱ་བའི་ཆོས་སོ། །དེ་ལ་སློབ་དཔོན་གྱི་མཚན་ཉིད་གང་ཞེ་ན།
གཙང་མཁས་གཞན་ལ་ཕན་པར་འདོད། །
ཚུལ་ཁྲིམས་དག་པས་ལུས་ངག་གཙང་བ། ཤེས་རབ་དག་པས་ལུང་རིགས་མཁས་པ། ལྷག་བསམ་དག་པས་གཞན་ལ་ཕན་པོའ། །སློབ་དཔོན་གྱི་མཚན་ཉིད་ནི། མདོ་རྒྱུད་ལས་མང་དུ་གསུངས་ཀྱང་རེ་ཞིག་གསུམ་པོ་དེར་འདུས་སོ། །
འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།
དཔྱད་གཞི་འདི་དག་ལས་གང་རུང་ཞིག་ངེས་པར་མཁོ་བས་འབྲེལ་བ་གནང་རོགས།
༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།
《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག
གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།