༢༠༢༤ལོའི་མཐོ་རྒྱུཌ་བོད་སྐད་ཡིག་རྒྱུགས་གཞིར་རགས་ཙམ་དཔྱད་པ། མར་མེ།

文摘   2024-11-21 09:00   西藏  

༢༠༢༤ལོའི་མཐོ་རྒྱུགས་བོད་སྐད་ཡིག་རྒྱུགས་གཞིར་རགས་ཙམ་དཔྱད་པ།

ལྷ་ས་གྲོང་ཁྱེར་མཐོ་འབྲིང་གཉིས་པ། 

ཚེ་དབང་ནོར་བུ།



ཁབ་མིག་སྐུད་པས་མི་ཁེངས་རུང་། །ཁབ་མིག་སྟོང་པར་མི་ལུས་ཙམ། །ཞེས་པ་ལྟར། སྔོན་མི་བྱུང་བ་དང་སྔོན་མི་བཤད་པའི་ནང་དོན་གསར་པ་བཤད་པའི་སྤོབས་པ་མ་མཆིས་རུང་།  ཐོག་མར་སྐུལ་སློང་བཟང་པོ་ཞིག་འཁྱེར་ནས་རང་ནུས་གང་ལྕོག་གིས་ད་ཐེངས་ཀྱི་རྒྱུགས་གཞིར་དབྱེ་ཞིབ་རགས་པ་ཙམ་ཞུས་པ་དེ་སྐུལ་སློང་གཙང་མའི་བློ་ཞིག་གིས་ཞུ་བར་འདོད་དོ། ། 






དང་པོ།  སྔོན་འགྲོ།  

   མཐོ་རྒྱུགས་ནི་རྒྱལ་ཡོངས་སུ་དུས་ཚོད་དང་སློབ་ལོ། སློབ་གནས་བཅས་གཅིག་གྱུར་གྱི་ཐོག་ནས་རྒྱུགས་ལེན་བྱེད་པའི་རྒྱལ་ཁབ་རིམ་པའི་ཡིག་རྒྱུགས་ཤིག་ཡིན།  ཡིག་རྒྱུགས་ལ་ཞུགས་མཁན་གྱི་ཁོངས་ནས་སྤྱིར་བཏང་མཐོ་རིམ་སློབ་གྲྭ་ཁག་གིས་ལོ་རེའི་སློབ་བསྡུའི་འཆར་གཞི་ལྟར་རྒྱལ་ཁབ་དང་མི་རིགས་ལ་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་བཟང་འདེམས་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཡིན་གཤིས། མཐོ་རྒྱུགས་ཀྱི་ནང་དོན་ལ་ཡིད་ཆེས་ཀྱི་ཚད་མཐོ་ལ་རྒྱུགས་གཞིར་ཡང་རྒྱལ་ཡོངས་ཀྱི་འདྲ་མཉམ་གྱི་རང་བཞིན།  དྲང་གཞག་གི་རང་བཞིན། ཁྲིམས་ལུགས་ཀྱི་རང་བཞིན་བཅས་ལྡན་པས་ཡིད་ཆེས་འཕེར་བ་མ་ཟད་རྒྱུགས་གཞིར་སྤུས་དག་གི་རང་བཞིན། ཡོངས་ཁྱབ་ཀྱི་རང་བཞིན། དོན་དངོས་ཀྱི་རང་བཞིན། རྒྱུན་འཛིན་གྱི་རང་བཞིན་བཅས་དང་ལྡན་རྐྱེན། གླེང་རིན་ཆེ་ལ་ཕན་འབྲས་ལྡན་པའི་བྱ་བ་ཞིག་དང་། ལྷག་དོན་དུ་མཐོ་འབྲིང་སྐད་ཡིག་དགེ་རྒན་ཞིག་གི་ངོས་ནས་བརྗོད་ཀྱང་ལོ་རེའི་མཐོ་རྒྱུགས་ལ་དོ་སྣང་དང་དབྱེ་ཞིབ་གནང་རྒྱུ་གལ་ཆེ་གཤིས། གལ་པོ་ཆེ་ལ་ནན་ཏན་ཚུལ་གྱིས་ངེད་སློབ་གྲྭའི་བོད་ཡིག་ཚོགས་ཆུང་ནས་བོད་ཡིག་དགེ་རྒན་རྣམས་སྒྲིག་འཛུགས་ཀྱིས་སློབ་དཔྱོད་བྱེད་སྒོ་བེད་སྤྱད་དེ་ཐུན་མོང་ཐོགབོད་རང་སྐྱོང་ལྗོངས་ཀྱི2019ལོའི་སྤྱིར་བཏང་མཐོ་རིམ་སློབ་གྲྭར་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་ལེན་གྱི་བོད་སྐད་ཡིག་རྒྱུགས་ལེན་རྩ་འཛིན་དང་གསལ་བཤད དེ་བཞིན་ལོ་གསུམ་གྱི་མཐོ་རྒྱུགས་བཅས་ལ་ཐེངས་མང་དབྱེ་ཞིབ་བྱས་ནས་ནང་དོན་ཐད་རྒྱུགས་ལེན་རྩ་འཛིན་དང་དཔྱད་སྡུར། རྒྱུགས་ལེན་བྱ་ཐབས་ལ་དབྱེ་ཞིབ། རྒྱུགས་ལེན་གྱི་ཤེས་བྱའི་གནད་ཁག་ལ་ཕྱོགས་བསྡོམས། ཕྱིས་འབྱུང་རྒྱུགས་གཞི་འདོན་ཕྱོགས་ཐད་ཀྱི་བསམ་གཞིག་བཅས་ལ་སློབ་དཔྱོད་བྱེད་སྒོ་ཐེངས་མང་སྤེལ་བ་དང་།  ཡང་སྒོས་མཐོ་རྒྱུགས་དབྱེ་ཞིབ་ཚོགས་ཆུང་ནས་ཕྱར་བ་གྲུ་འདེགས་ཀྱིས2024ལོའི་མཐོ་རྒྱུགས་ལ་ཆེད་དམིགས་ཀྱིས་དབྱེ་ཞིབ་དང་དཔྱད་གཞི་བཙལ་འཚོལ། བགྲོ་གླེང་། བསམ་གཞིག་བཅས་བྱས་པའི་ནང་དོན་ཁག་གུས་པས་འཐུས་ཚབ་ཞུས་ཏེ་དགེ་བའི་བཤེས་གཉེན་ལྷན་རྒྱས་ལ་བགྲོ་གླེང་ཞུ་རྒྱུ་ཡིན།

དེ་ཡང་ནག་ལྷ་སྒེག་མོའི་འབེལ་གཏམ་ལས། དུ་བའི་གཙུག་ཕུད་མཁའ་དབྱིངས་འཁྱིལ་མཐོང་ནས། །བསྲེག་བྱེད་གཏུམ་པོའི་གནས་ཤེས་ཇི་བཞིན་དུ། །ཕྱི་ཡིའི་སྤྱོད་ལས་ནང་རྒྱུད་མི་གཏོགས་ན། །རྗེས་དཔག་རིག་པ་ཤེས་བྱའི་གྲངས་ལས་འབུད། །ཅེས་གསུངས་པ་ལྟར། རྒྱུགས་གཞིའི་རྩ་འཛིན་དང་འཕོ་འགྱུར་ལས་མཐོ་རྒྱུགས་ཀྱི་སྤྱིའི་ཁ་ཕྱོགས་རགས་ཙམ་རྟོགས་ནུས་པ་ལས།  






གཅིག   རྒྱུགས་གཞིའི་རྩ་འཛིན། 

     ༡ རྩ་འཛིན་གྱི་དགོངས་དོན་ལྟར།  སྟོང་ཆ་ཁ་སྐོང་གི་དྲི་གཞིར་རྒྱབ་ལྗོངས་གསར་གཏོད་བྱས་ཏེ་དགེ་སློབ་གཉིས་སྐད་ཆ་ཤོད་རེས་ཀྱི་རྣམ་པའི་ཐོག་ནས་ལེགས་བསྒྲུབ་བྱེད་དགོས་པའི་རེ་བ་བཏོན་འདུག་ལ། འདེམ་འཇུག་དྲི་གཞིའི་སྒྲིག་གཞིར་འགྱུར་ལྡོག་བཏང་སྟེ་དུས་བསྟུན་མདུན་སྐྱོད་ཀྱི་ཕྱོགས་སུ་བསྐྱོད་ཐུབ་པ་བྱུང་ཡོད།  དེ་སྔོན་ཚིག་འཛིན་པ་ལས་དོན་མི་འཛིན་པའི་སྐྱོན་དེ་སེལ་ཆེད༢༠༢༤ལོའི་མཐོ་རྒྱུགས་ནང་ཚིག་དོན་གཉིས་ཀ་འཛིན་དགོས་པའི་ལྟ་ཀློག་རང་བཞིན་ཁྱབ་རྒྱ་ཇེ་ཆེར་བཏང་ཡོད་ཅིང་། དེ་བས་སྐད་ཡིག་བཀོལ་སྤྱོད་ཀྱི་ནུས་པ་སྐྱེད་སྲིང་གང་ལེགས་ཐུབ་པ་བྱས་འདུག་པས་སྐད་ཡིག་བསླབ་ཚན་གྱི་ཚད་གཞིར་བསྟུན་ནས་ཁ་ཕྱོགས་གསལ་སྟོན་བྱས་པར་འདོད།

     ༢ སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་རྩོམ་ཡིག་གི་སྐར་མར་འཕར་སྣོན་བྱུང་བ་དང་ཆབས་ཅིག་བརྗོད་པ་འབྲི་རྒྱུ་ལ་སོགས་པའི་རྣམ་པ་དེ་དག་ལས་ལག་པ་འགུལ་རྒྱུའི་ཇེ་མང་དུ་བཏང་ནས་སློབ་མའི་སྦྱོང་སྤྱོད་སྤེལ་གསུམ་ཐད་ལ་བརྩི་མཐོང་དང་ནུས་པ་གང་ལེགས་འདོན་སྤེལ་བྱས་ཡོད།

    ༣ སྐད་ཡིག་བསླབ་ཚན་གྱི་ཚད་གཞིའི་ནང་དུ“སློབ་མར་ཧུར་བརྩོན་གྱིས་ལག་ལེན་གྱི་བྱེད་སྒོར་ཞུགས་པར་སྣེ་ཁྲིད་དང་། རང་བྱུང་ཁམས་ལ་ངོས་འཛིན་དང་སྤྱི་ཚོགས་ལ་ངོས་འཛིན། རང་ཉིད་ལ་ངོས་འཛིན། མི་ཚེ་ལ་འཆར་བཀོད་བཅས་བྱེད་པར་སློབ་སྦྱོང་བྱེད་དུ་བཅུག་ནས་བསླབ་ཚན་འདི་ཉིད་ཀྱིས་ཁྱོན་ཡོངས་ནས་སློབ་མ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ཀྱི་རིན་ཐང་མངོན་འགྱུར་ཡོང་བ་བྱེད་དགོས”ཞེས་པའི་རྩ་དོན་དེར་བརྩི་སྲུང་གང་ལེགས་བྱས་ཡོད་པར་འདོད་དོ། །






གཉིས། རྒྱུགས་གཞིའི་འཕོ་འགྱུར། 

རང་རིགས་ཉམས་པའི་གནས་ལས་སྐྱོབ་པ་ཡི། །བཅོས་མིན་ལྷག་བསམ་རྣམ་དག་དང་ལྡན་ཚེ། །རྒོལ་བའི་མཚོན་ཆ་རང་ལ་མི་གཏད་པར། །ཐབས་མཁས་ལམ་ནས་ཐུན་མོང་དོན་ལ་འབུངས། །ཞེས་གསུངས་པ་ལྟར། སྐད་ཡིག་དགེ་རྒན་གྱི་ངོས་ནས་ཐབས་ལམ་གང་དག་ལ་སློབ་དགོས་ཚུལ་རྒྱུགས་གཞིའི་འཕོ་འགྱུར་ལས་མཐོང་དགོས་པ་ནི།

    ༡ སྐབས་སུ་བབས་པ༢༠༢༤ལོའི་རྒྱུགས་གཞིའི་སྒྲིག་གཞི་ཡང་རྒྱུགས་གཞི་ཧྲིལ་པོར་སྔར་གྱི་ཆ་ཤས་གསུམ་དུ་གྲུབ་པ་རྒྱུན་འཛིན་བྱས་པའི་རྨང་གཞིའི་སྟེང་འགྱུར་བ་ཅུང་ཟད་བྱུང་ཡོད་དེ། ཆ་ཤས་དང་པོ་ངེས་སྦྱོང་སྐབས་ཀྱི་སྟོང་ཆ་ཁ་སྐོང་གི་ནང་དོན་སྔར་མེད་པ་ནས་ཡོད་པར་བཟོས་པ། དེས་མཐོ་རྒྱུགས་ཁྲོད་ཀྱི་གཏན་ཆགས་ཀྱི་སྒྲིག་གཞི་དང་ཤེས་བྱའི་རིགས་དབྱེ་ཁག་གི་སྐར་མའི་ཟིན་ཚད་སོགས་ལ་འགྱུར་བ་བཏང་ཡོད་པས་སྐར་ཟིན་ཚད༥ཡིས་མཐོ་རུ་ཕྱིན་ཡོད། ༢༠༢༣ལོའི་དྲི་བ་དྲིས་ལན་གྱིས་ཟིན་པའི་སྐར༨དེ༢༠༢༤ལོའི་མཐོ་རྒྱུགས་ནང་མེད་པ་བཟོས་པའི་འགྱུར་བ་ཕྱིན་ཡོད་ལ། དེ་བཞིན། ༢༠༢༣ལོའི་འཚོལ་དཔྱད་རང་བཞིན་གྱིས་ཟིན་པའི་སྐར༦དེ༢༠༢༤ལོའི་མཐོ་རྒྱུགས་ནང་མེད་པ་བཟོས་པའི་འགྱུར་བ་བཏང་ཡོད་པ། ༢༠༢༣ལོའི་རྩོམ་ཡིག་གིས་ཟིན་པའི་སྐར༥༥ནས༢༠༢༤ལོའི་རྩོམ་ཡིག་གིས་ཟིན་པའི་སྐར༦༠རུ་འགྱུར་བ་བཏང་འདུག

    ༢ ཆེས་མངོན་གསལ་དོད་པའི་འགྱུར་བ་ནི་དུས་རྒྱུན་འཆར་ཅན་དུ་ཐོན་བཞིན་ཡོད་པའི་དག་ཆར་ཡང་དག་མིན་དང་བྱ་བྱེད་ལས་གསུམ། བྱ་ཚིག་བྱེད་ཚིག་སོགས་མིང་གི་འདོགས་ཚུལ། བརྩམས་ཆོས། རྩོམ་པ་པོ། རྩོམ་སྟངས། རྣམ་གྲངས་འདྲེན་པ། བརྗོད་དུམ་གྱི་སྐད་ཆའི་གོ་རིམ་སྒྲིག་སྟངས། བརྡ་རྙིང་གི་འགྲེལ་པ། ཚིག་ཕྲད་ཀྱི་ཁ་སྐོང་། རྟགས་གསལ་གྱི་གྲུབ་ཆ་ངོས་འཛིན་བཅས་ཀྱི་དྲི་བ་དག་འདི་ལོའི་འདེམ་འཇུག་ཁྲོད་ཐོན་མེད་པ་དེ་རེད། གཞན་ཡང་། འདེམ་འཇུག་དྲི་གཞིར་དཔྱད་གཞི་དྲུག་བཏོན་ཡོད་པ་དེ་དག་གི་ནང་དོན་རྣམས་སྤྱིར་ངེས་སྦྱོང་གི་སློབ་དེབ་ལས་བྱུང་བ་ཤ་སྟག་ཡིན། དུས་རྒྱུན་ངེས་སྦྱོང་སྣེ་གཅིག་འདེམ་འཇུག་ཁྲོད་དུ་ཐོན་པའི་ཚད་མའི་སྤྱི་བྱེ་བྲག་དང་རྟགས་ཀྱི་དབྱེ་བ་ངོས་འཛིན། ཚིག་རྒྱན་ལས་རབ་རྟོག་རྒྱན་སོགས་དང་འབྲེལ་བའི་དྲི་བའི་རིགས་དེ་དག་འདེམ་སྦྱོང་ཀ་པའི་ཁྲོད་དུ་ཐོན་པ། དུས་རྒྱུན་ངེས་སྦྱོང་དུ་ཐོན་པའི་གཏམ་བཤད་སོགས་འཇོན་ནུས་བརྟག་བཤེར་གྱི་ཤེས་བྱ་དང་འབྲེལ་བའི་དྲི་བ༢༠༢༤ལོའི་འདེམ་སྦྱོང་ཁ་པའི་ནང་དུ་ཐོན་པ་སོགས་ལས་མངོན་པ་བཞིན་ནོ། །






བྱེ་བྲག་གི་དབྱེ་ཞིབ།

    དཔེ་ཆ་བཞག་ན། འཕོ་འགྱུར་བྱུང་བའི་ནང་གི༢༠༢༤ལོའི་མཐོ་རྒྱུགས་ཀྱི་སྟོང་ཆའི་ནང“ཉིན་ཞིག་བོད་ཡིག་རྒན་ལགས་ཀྱིས་སློབ་མ་ཚོར་རྩོམ་འབྲིའི་ལས་བྱ་ཞིག་བཀོད་སྒྲིག་གནང་བར། སློབ་བུ་བཀྲ་ཤིས་ཀྱིས“ཨ་མ་ལགས་ཀྱི་བདག་ལ་མི་ལུས་སྦྱིན”ཞེས་པའི་རྩོམ་ཡིག་ཅིག་བྲིས། རྒན་ལགས་ཀྱིས་རྩོམ་བྱང་དེ་གཟིགས་འཕྲལ། དེ་ནི་བྱེད་འབྲེལ་གྱི་ཕྲད་སྦྱོར་ཚུལ་ལྡོག་པའི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་ཏེ། བྱེད་པོ་ཨ་མ་ལགས་ཀྱིས་བྱ་བ་མི་ལུས་སྦྱིན་ཡོད་པས། བྱེད་སྒྲའི་ཕྲད་ངེས་པར་དུ་འཇུག་འོས་ཏེ། དེ་ཡང《དཀའ་གནད་གསལ་བའི་མེ་ལོང》ནང་ཇི་ལྟར་གསུངས་ཡོད་ཅེ་ན། སློབ་ཕྲུག་ཡོངས་ནས།  རྣམ་དབྱེ་གང་ལ་སྦྱོར་ཡུལ་དེས། །         དཔེར་ན་བདག་གིས་བཤད་ལྟ་བུ། །ཞེས་ལན་བཏབ”ཅེས་པའི་དྲི་གཞི་འདི་ནི《དཀའ་གནད་གསལ་བའི་མེ་ལོང》གི་རྩ་ཚིག་ཁ་སྐོང་བྱ་རྒྱུའི་དྲི་བ་ཞིག་ཡིན། དེས་སློབ་མས་རྩ་ཚིག་བློ་འཛིན་དང་ངག་བྲིས་ཀྱི་ནུས་པར་བརྟགས་འདུག  དེས་ན། དྲི་གཞི་འདིའི་ཡང་དག་པའི་ལན་ནི། ཉེ་འགྱངས་གང་དུ་བྱ་བ་ཞིག །བྱས་ན་གསུམ་པ་བྱེད་སྒྲ་སྟེ། །ཞེས་པ་དེ་ཡིན་ཞིང་། སློབ་མས་དཀའ་གསལ་རྩ་ཚིག་བློ་འཛིན་མ་བྱས་ན་སྟོང་ཆ་འདི་སྐར་ཐོབ་དཀའ་བ་སྨོས་མེད་ཡིན།

གོང་གི་དྲི་གཞི་དེའི་ཐོག་ནས་སློབ་ཁྲིད་བརྒྱུད་རིམ་ཁྲོད་དུ་སློབ་མས་རྟགས་འཇུག་གི་རྩ་ཚིག་བློ་འཛིན་བྱེད་པར་སྐུལ་ལྕག་གང་མང་གནང་དགོས་པ་གལ་ཆེ་བ་དེ་ཡིན།   

     སྟོང་ཆ་ཁ་སྐོང་བཅོས་སྐབས་སྟོང་པར་བཞག་པ། གཙོ་གནད་ཀྱི་ཚིག་ཉེ་འགྱངས། གསུམ་པ་བྱེད་སྒྲ། མ་འོངས་པར་ཚིག་སྔ་ཕྱི་མཐུད་པ་རྒན་ལགས་ཀྱིས། ང་ཚོས་སྦྱངས་ཟིན་པའི་གཞུང་ལུགས་ཁག་དོན་དངོས་ལག་ལེན་ཐོག་ཉམས་ལེན་མ་བྱས་ན་སྙིང་པོ་གང་ཡང་མེད་དེ། མགོན་པོ་ཀླུ་སྒྲུབ་ཀྱིས། གཞུང་ལུགས་དག་ལ་བྱང་བྱས་ཀྱང་། །ཉམས་སུ་ལེན་པར་མི་བྱེད་ན། །                ། །                 ། །ཞེས་གསུངས། དྲི་གཞི་འདི་ནི་ལེགས་བཤད་སྟོང་ཆ་སྐོང་རྒྱུ་ཡིན་ཞིང་། སློབ་མས་ལེགས་བཤད་བློ་འཛིན་དང་ངག་བྲིས་ཀྱི་ནུས་པར་བརྟགས་པ་དེ་ཡིན། དྲི་གཞི་འདིའི་ཡང་དག་པའི་དཔྱད་ལན་ནི། ལག་ན་སྒྲོན་མ་ཡོད་ཀྱང་ནི། །ལོང་བས་ལམ་ནི་མཐོང་མི་འགྱུར། །ཞེས་པ་འདི་ཁ་སྐོང་དགོས་ཀྱི་ཡོད་པས་རྒྱུན་གཏན་གྱི་སློབ་སྦྱོང་བརྒྱུད་རིམ་ནང་ལེགས་བཤད་དང་མཁས་པའི་ཞལ་གདམས་སོགས་བློ་འཛིན་བྱེད་པའི་གོམས་གཤིས་མེད་ན་དྲི་གཞི་འདི་ལྟ་བུ་ལེགས་འགྲུབ་དཀའ་བ་ཡིན་ཕྱིན། རྒྱུན་གཏན་སློབ་གསོ་སློབ་ཁྲིད་ནང་སློབ་མར་ལེགས་བཤད་དང་གྲགས་ཅན་མི་སྣའི་ཞལ་གདམས་སོགས་བློ་འཛིན་བྱེད་པའི་སྐུལ་མ་ངེས་པར་གཏོང་དགོས་པ་དེ་ཡིན།

    ཐོས་པ་དང་ཤེས་རབ་གཉིས་ཀྱང་རྒྱུ་འབྲས་ཀྱི་འབྲེལ་བར་གྲུབ་པས་ཚད་མ་རིག་པའི“འབྲེལ་བའི”དབྱེ་བ་ལྟར་ན     ཡིན་ནོ། །ཞེས་སྨྲས་པ་དང་ཆབས་ཅིག ཀ་ཁའི་དབྱངས་རྟ་སྙན་མོ་ཞིག་གངས་རི་དང་རྩྭ་ཐང་གི་ཕང་བར་ཐིམ་མོ། །མཁྲེགས་འཛིན་སྐྱོར་སྦྱང་ཙམ་ལས་གོ་བ་ལེན་མི་ཐུབ་ན་དྲི་བ་དེ་རིགས་ལ་སྐར་འཐོབ་མི་ཐུབ་རྐྱེན། ཚད་མའི་རྨང་གཞིའི་ཤེས་བྱའི་རིགས་ལ་གོ་ལེན་རྒྱུར་འབད་དགོས། དྲི་གཞི་འདི་ནི་ཚད་མའི་ཤེས་བྱའི་ནང་དོན་སྟོང་ཆ་ཁ་སྐོང་བྱེད་དགོས་རྒྱུ་དེ་ཡིན་གྱི། སློབ་མའི་ཚད་མའི་རྨང་གཞིའི་ཤེས་བྱའི་ཤེས་ཚད་ལ་བརྟགས་འདུག་པས་དྲི་གཞི་འདིའི་ཡང་དག་པའི་དཔྱད་ལན་ནི། དེ་བྱུང་འབྲེལ་ཡིན་ཞིང་། ཐོས་པ་དང་ཤེས་རབ་གཉིས་རྒྱུ་འབྲས་ཀྱི་འབྲེལ་བ་ཡིན་པ་གང་ཞིག་དེ་བྱུང་འབྲེལ་ཡིན་པས་དེ་གཉིས་ཀྱི་འབྲེལ་བ་མ་རྟོགས་ན་དྲི་གཞི་འདི་ལེགས་འགྲུབ་ཡོང་བ་དཀའ་བ་ན།  རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་ནང་སློབ་མའི་ཚད་མའི་རྨང་གཞིའི་ཤེས་བྱ་བརྟན་པོ་གདིང་ཐུབ་པར་དགོས། དྲི་གཞི་འདི་ནི་ཚད་མའི་ཤེས་བྱའི་ནང་དོན་སྟོང་ཆ་ཁ་སྐོང་རྒྱུ་ཡིན། སློབ་མའི་ཚད་མའི་རྨང་གཞིའི་ཤེས་བྱ་ཤེས་ཚད་ལ་བརྟགས་པ་ལགས་སོ། །





རྩོམ་ཡིག་ལ་འཕོ་འགྱུར་བྱུང་བ།

༢༠༢༣ལོའི་འཚོལ་དཔྱད་རང་བཞིན་གྱིས་ཟིན་པའི་སྐར༦དེ༢༠༢༤ལོའི་མཐོ་རྒྱུགས་ནང་མེད་པར་བྱས་པའི་འགྱུར་བ་ཕྱིན་ཡོད་པས། ༢༠༢༣ལོའི་རྩོམ་ཡིག་གིས་ཟིན་པའི་སྐར༥༥ནས༢༠༢༤ལོའི་རྩོམ་ཡིག་གིས་ཟིན་པའི་སྐར༦༠རུ་འགྱུར་བ་ཕྱིན་པ་དེ་ཡིན།

ཁ་བྱང་ནང་དག་ནོར་མེད་པ། དུམ་མཚམས་ཀྱི་དབྱེ་བ་གསལ་བ།

༡ ཡིག་གཟུགས་ཚད་ལྡན་དང་ཁམས་གཙང་དགོས་པ་གལ་ཆེ།   

༢ དུམ་མཚམས་མང་ཉུང་རན་པོ་དགོས་པ།

༣ རྒྱུགས་ཤོག་གི་ངོས་ཁམས་གཙང་དགོས་པ་ཁོད་སྙོམས་ཤིང་སྣག་ལམ་འདུམ་ལ་མཛེས་ཆ་དོད་པ་དགོས་པ། 

༤ རྩོམ་ཡིག་འབྲི་བྱེད་ཀྱི་སྨྱུ་གུ་སྦོམ་ཕྲ་སྙོམས་པོ་དགོས་པ།

༥ རྩོམ་མགོ་དང་རྩོམ་ཤོག་ཁ་གསལ་གནད་བསྡུས་ཤིག་དགོས་པ།

༦ སྨྱུ་གུ་མ་འགུལ་སྔོན་ཁ་བྱང་གཏན་འཁེལ་ལེགས་པར་བྱེད་དགོས་པ།

༨ སྨྱུ་གུ་མ་འགུལ་སྔོན་དུ་སྤྱི་ཁོག་བློས་བསླང་བྱེད་དགོས་པ།

༩ བརྗོད་དོན་གཙོ་བོ་དང་རྩོམ་ལུས་ལ་བསམ་གཞིགས་ལེགས་པར་བྱེད་དགོས་པ།

༡༠ རྒྱུགས་ཚད་མ་བཏང་སྔོན་ལ་རྩོམ་འབྲིའི་རྒྱུ་ཆ་མང་པོ་གསོག་འཇོག་བྱ་རྒྱུ་གལ་ཆེན་ཡིན་པ།

༡༡ གཏན་འཁེལ་བྱས་པའི་ཡིག་འབྲུའི་གྲངས་འདང་ངེས་ཞིག་འབྲི་དགོས་པ། རྩོམ་ཡིག་འབྲི་བར་དུས་ཚོད་འདང་ངེས་ཞིག་དགོས་པ་གལ་ཆེ།

    སྤྱིར་བཏང་དུ་མཐོ་རྒྱུགས་སོགས་ཀྱི་སྐབས་སུ་ཡིག་ཚད་ཀྱི་རྩོམ་ལ་རྒྱུགས་ཤོག་ཧྲིལ་པོའི་སྐར་གྲངས་ལས་བརྒྱ་ཆ་མཐོ་པོ་ཞིག་ཟིན་གྱི་ཡོད་པས། རྩོམ་བྲིས་པ་མི་ལེགས་ན་རྒྱུགས་ཚད་ཀྱི་སྐར་གྲངས་མཐོ་དམན་ལ་ཐད་ཀར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པས།  སློབ་མ་འགའ་རེས་རྩོམ་ཕུད་པའི་ནང་དོན་གཞན་འབྲི་བར་དུས་ཚོད་མང་ཆེ་བ་སྤྱད་དེ་རྩོམ་འབྲི་བར་དུས་ཚོད་མང་པོ་ཞིག་འཇོག་གི་མེད་པའམ་སྣང་མེད་ཀྱིས་རྩོམ་འབྲིའི་དུས་ཚོད་མང་འདེང་བའི་དེ་འདྲའི་གནས་ཚུལ་མང་དག་ཐོན་བཞིན་མཆིས་ལ་རྩོམ་ཡིག་འབྲི་སྐབས་དུས་ཚོད་མ་འདང་བས། མཐར་བྲེལ་བྲེལ་འཚུབ་འཚུབ་ཀྱིས་རྩོམ་འབྲིར་བཞུགས་པས་རྩོམ་ཡིག་གི་ནང་དོན་ཁ་བྱང་དང་ཁ་བྲལ་བའམ་རེ་བ་བཞིན་འབྲི་མ་ཐུབ་པས་སྲོག་མེད་ཀྱི་ཚིག་རོའི་ཚུལ་དུ་སོང་བ། བརྗོད་བྱ་དང་ཁ་མ་བྲལ་ཡང་རྩོམ་ཡིག་གི་རྗོད་བྱེད་ཀྱི་ཚིག་སྦྱོར་མི་མཛེས་མི་སྙན་ཞིང་བརྗོད་བྱའི་དོན་དངོས་དང་གའུ་ཁ་སྦྱར་བཞིན་དུ་མ་བྱུང་བས་སྤུས་ཀ་དག་པོ་མེད་པ། ཡང་ན་རྩོམ་ཡིག་འབྲི་བའི་དུས་ཚོད་མ་འདང་བས་རྩོམ་ཡིག་མ་གཞི་ནས་འབྲི་ལོང་མ་བྱུང་བའམ་བྲིས་ཀྱང་ཚེག་འབྲུའི་གྲངས་ཀྱི་རེ་བ་བཞིན་འབྲི་མ་ཐུབ་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་ལྟ་བུ་ནི་ཆེས་ཤིན་ཏུ་མི་འོས་པས་རྩོམ་ཡིག་འབྲི་བར་དུས་ཚོད་འདང་ངེས་ཤིག་འཇོག་དགོས་པ་ཤིན་ཏུ་གལ་ཆེའོ། །

     ༢༠༢༤ལོའི་མཐོ་རྒྱུགས་རྒྱུགས་གཞི་འདོན་སྟངས་འདི་ནི་མཐོ་རྒྱུགས་གསར་པའི་རེ་བ་བཞིན་དུ་བཏོན་པའི་རྒྱུགས་འདོན་རྣམ་པ་གསར་པ་ཡིན་ཞིང་། དཔྱད་གཞི་ལྟ་ཀློག་དང་དབྱེ་ཞིབ་བྱེད་པར་དུས་ཚོད་ངེས་ཅན་དགོས་པས་དྲི་བ་ལྷག་མ་རྣམས་ལེགས་འགྲུབ་ཡོང་བར་དུས་ཚོད་མ་འདང་བའི་གནས་ཚུལ་ཐོན་ཡོད།  རྩོམ་ཡིག་སྐོར་གྱི་དྲི་གཞི་འདི་ནི་དཔྱད་གཞིའི་རེ་འདུན་ལྟར་རང་ཉིད་ལ་དྲིན་ཆེ་བའི་མི་སྣ་ཞིག་གི་བཀའ་དྲིན་དྲན་ཞིང་། བཀའ་དྲིན་ཚོར་བ། བཀའ་དྲིན་གཟོ་བའི་སྐོར་གྱི་རྩོམ་ཡིག་ཅིག་བྲི་རྒྱུ་སྟེ། སློབ་མའི་དཔྱད་གཞིར་གོ་བ་ལེན་པའི་ནུས་པ་དང་། རྩོམ་འབྲིའི་ནུས་པ་ལ་བརྟག་དཔྱད་ཀྱིས་དཔྱད་གཞི་བཀླགས་ནས་རྩོམ་ཡིག་བྲི་རྒྱུ་སྟེ། གཙོ་བོར་སློབ་མས་ཟས་གོས་གནས་མལ་ཕངས་མེད་དུ་གནང་མཁན་གྱི་ཕ་མ་སྤུན་མཆེད་དང་། ལས་སློབ་སྤྱོད་གསུམ་ལེགས་ལམ་དུ་ཁྲིད་མཁན་གྱི་དགེ་བའི་བཤེས་གཉེན་སོགས་ཀྱིས་བྱམས་བརྩེའི་ཐུགས་འཁུར་དང་། ལྷག་བསམ་གྱི་གཉོར་སྐྱོང་འོག་བདེ་ཐང་ངང་འཚར་ལོངས་འབྱུང་བཞིན་ཡོད་པའི་ཚུལ་ལ་བསམ་སྟེ། ཁོང་ཅག་གི་བཀའ་དྲིན་བསམ་བཞིན་དྲིན་གཟོའི་སེམས་པ་མཚོན་པའི་རྩོམ་ཡིག་ཅིག་འབྲི་དགོས་ཤིང་། རྩོམ་འབྲིའི་བརྗོད་བྱ་འཚོ་བ་དངོས་དང་ཐག་ཉེ་བས་སློབ་མ་རང་ཉིད་ཀྱི་བསམ་ཚུལ་འབྲི་བདེ་བ། རྩོམ་ཡིག་གི་ནང་དོན་བཀོད་སྒྲིག་བྱེད་སླ་བའི་ཁྱད་ཆོས་ཀྱིས་རྒྱུན་གཏན་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ་སློབ་མར་རྩོམ་ཡིག་འབྲི་སྦྱོང་གང་མང་གིས་རྩོམ་འབྲིའི་ནུས་པ་བསྐྱེད་བསྲིངས་གནང་གལ་ཆེ།







རང་གི་བསམ་ཚུལ་གཉིས།

དང་པོ། དགེ་རྒན་རང་ངོས་ནས་སློབ་ཁྲིད་ཀྱི་ནུས་རྩལ་གོང་མཐོར་གཏོང་དགོས།

   དགེ་རྒན་ནི་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་ནུས་པ་གཙོ་བོ་འདོན་མཁན་དེ་ཡིན། དེས་ན། བོད་ཡིག་དགེ་རྒན་གྱི་སློབ་ཁྲིད་ནུས་པས་སློབ་གྲྭ་གང་དེའི་བོད་སྐད་ཡིག་གི་སློབ་ཁྲིད་སྦྱངས་འབྲས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་སྲིད། གལ་ཏེ་དགེ་རྒན་གྱི་སློབ་ཁྲིད་ནུས་པ་དེ་ཙམ་ལེགས་པོ་མེད་ན་སློབ་མའི་སྦྱངས་འབྲས་ཀྱང་ལེགས་པོ་ཡོང་མི་སྲིད་པ་ནི་བརྗོད་མི་དགོས། སྤྱིར་རིག་ཚན་གྱི་ནུས་པ་ཅུང་དམན་པའི་དགེ་རྒན་ཉུང་ཤས་ཀྱིས་རིག་ཚན་གྱི་ནུས་པ་མཐོར་འདེགས་གནང་རྒྱུར་དོ་སྣང་དེ་ཙམ་མི་བྱེད། དུས་རྒྱུན་སློབ་ཁྲིད་བྱེད་པའི་སྐབས་སུ་སློབ་ཚན་ཐད་ཀར་ཀློག་པ་ལས་སློབ་ཚན་གྱི་ནང་དོན་རྒྱས་བཤད་དང་གསལ་འགྲེལ། དབྱེ་ཞིབ་སོགས་ནན་ཏན་མི་བྱེད་པ། སྦྱང་གཞིའི་དྲིས་ལན་དེ་ཡང་དཔྱད་གཞིའི་སློབ་དེབ་ཀྱི་དཔྱད་ལན་ཐད་ཀར་སློབ་མར་བཤུ་རུ་འཇུག་པ་ལས་སློབ་མའི་བསམ་གཞིག་གི་ནུས་པ་དང་ལག་པ་འགུལ་བའི་ནུས་པ་སོགས་སྦྱོང་བརྡར་བྱ་རྒྱུར་ཧོལ་རྒྱུགས་ཤོར་བ། སྦྱང་གཞི་བཀོད་སྒྲིག་དེ་ཡང་སྦྱང་གཞི་ལྷན་ཐབས་སོགས་ཀྱི་ནང་བཀོད་སྒྲིག་བྱེད་པ་མ་ཟད་བཅོས་རྒྱག་གི་སྤུས་ཚད་ཞན་པ། སློབ་གསོ་སློབ་ཁྲིད་ཀྱི་ཐབས་ལམ་གསར་པ་དང་གཞུང་ལུགས་གསར་པར་ཐོས་བསམ་མི་བྱེད་པ། དུས་རྒྱུན་དགེ་རྒན་ཉམས་མྱོང་ཅན་དང་དགེ་རྒན་གྲགས་ཅན་ལ་རང་འགུལ་གྱིས་དཀའ་གནད་དང་དོགས་གནད་སོགས་བཀའ་འདྲི་མི་ཞུ་བ། སློབ་ཕྱིའི་དུས་ཚོད་ཀྱི་ནང་དུ་དཔེ་ཀློག་ཐོས་བསམ་གྱི་ལམ་ནས་རང་གི་ནུས་རྩལ་གོང་མཐོར་གཏོང་རྒྱུར་མཐོང་ཆེན་མི་བྱེད་པ་སོགས་ཀྱི་གོམས་གཤིས་ཡོད་པས། སློབ་མའི་སྐད་ཡིག་གི་སྦྱངས་འབྲས་དང་ནུས་རྩལ་སོགས་ཕྱོགས་ཡོངས་ནས་མཐོར་འདེགས་ཡོང་ཆེད་བོད་ཡིག་དགེ་རྒན་གྱིས་ངེས་པར་དུ་རང་ངོས་ཀྱི་སློབ་ཁྲིད་ནུས་རྩལ་གོང་མཐོར་གཏོང་དགོས།

བརྒྱ་བཤད་ཚིག་གི་རྩ་བ། །སྟོང་བསྲུབས་འོ་མའི་མར་ལོ། །ཞེས་གསུངས་པ་ལྟར། གཙོ་བོ་མཐོ་རྒྱུགས་ལ་ཞུགས་མཁན་གྱི་སློབ་མ་རང་ངོས་ནས་འབད་རྒྱུར་རག་ལུས་ཡོད་རྐྱེན།

གཉིས་པ། སློབ་མ་རང་ངོས་ནས་བོད་སྐད་ཡིག་ལ་དགའ་ཞེན་སྐྱེད་སྲིང་བྱེད་པ།

    སློབ་ཁྲིད་ཀྱི་སྦྱངས་འབྲས་མངོན་འགྱུར་བྱེད་མཁན་ནི་སློབ་མ་རང་ཉིད་ཡིན་ཞིང་། སློབ་མ་རང་ཉིད་ངོས་ནས་བོད་སྐད་ཡིག་རིག་ཚན་ལ་འཛིན་པའི་འདུ་ཤེས་དང་སྐད་ཡིག་འདི་ཉིད་ལ་སྦྱངས་བརྩོན་གང་འདྲ་བྱེད་པ་ནི་ཧ་ཅང་གལ་ཆེ་བའི་གནད་དོན་ཞིག་ཡིན། སློབ་མ་གང་དེའི་བོད་སྐད་ཡིག་གི་སྦྱངས་འབྲས་གོང་མཐོར་གཏོང་དགོས་ན་ཐོག་མར་རིག་ཚན་འདི་ལ་དགའ་ཞེན་བྱེད་དགོས། སློབ་མར་བོད་སྐད་ཡིག་རིག་ཚན་ལ་སེམས་བསམ་པའི་གཏིང་ནས་དགའ་ཞེན་མེད་ན་སྣོད་ཁ་སྦུབ་ལ་ཆུ་བླུགས་པ་དང་མཚུངས་པས་དགེ་རྒན་གྱིས་ཞིབ་ཚགས་དང་ནན་ཏན་གྱིས་སློབ་ཁྲིད་ཇི་འདྲ་བྱས་ཀྱང་སློབ་ཁྲིད་ཀྱི་གྲུབ་འབྲས་གོང་མཐོར་འགྲོ་དཀའ། གཞན་ཡང་། རིག་ཚན་གང་ཡིན་ཡང་རིག་ཚན་དེར་གྲུབ་འབྲས་ཐོབ་དགོས་ན། དེའི་ཐད་འབད་བརྩོན་ཧུར་ཐག་བྱ་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན། བོད་སྐད་ཡིག་གི་སྦྱངས་འབྲས་ཞན་པའི་སློབ་མ་ཕལ་ཆེ་བ་ནི་དུས་རྒྱུན་བོད་སྐད་ཡིག་རིག་ཚན་ལ་འབད་བརྩོན་ཧུར་ཐག་བྱ་རྒྱུ་ལྟ་ཅི། དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་སྦྱང་གཞི་ཡང་ལེགས་སྒྲུབ་བྱེད་ཀྱི་མེད་པས། དཀའ་བ་མི་སྤྱད་འབྲས་བུ་ཐོབ་པའི་ཆོས་ཉིད་ཅིག་གང་དུ་ཡོད། དེས་ན། སློབ་མས་རང་གི་བོད་སྐད་ཡིག་གི་སྦྱངས་འབྲས་གོང་མཐོར་གཏོང་དགོས་ན་བོད་སྐད་ཡིག་གི་རིག་ཚན་དེར་དགའ་ཞེན་དང་། དུས་དང་རྣམ་པ་ཀུན་ཏུ་རིག་ཚན་དེར་འབད་བརྩོན་ལྷོད་མེད་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེའོ། །

མཇུག་བསྡུ། ཐེངས་འདིའི་རྒྱུགས་གཞི་དབྱེ་ཞིབ་བྱས་པའི་བརྒྱུད་རིམ་ཁྲོད་ཁོ་བོའི་སྐད་ཆའི་བཤད་ཕྱོགས་དང་ནང་དོན་ལ་ནོར་འཚོལ་ཡོད་སྲིད་པས་ལྷན་རྒྱས་ནས་ལེགས་སྤེལ་ཉེས་འགོགས་དང་སྙིགས་དོར་བླང་དོར་གནང་བར་ཞུ་བ་དང་། མཁྱེན་རྒྱ་ཡངས་པ་ཅན་ཚོས་དགོངས་བཞེས་ཡོད་པ་ཞུའོ། །  སྐབས་དེ་དང་བསྟན་ནས་ད་ཐེངས་གར་སྟེགས་བཟང་པོ་དེ་འདྲ་ཞིག་གནང་བར་ཡང་གུས་པས་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུའོ། །






འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།




མཐོ་འབྲིང་བོད་ཡིག་དཔྱད་གཞི།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ

通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章