ལམ་སྟོན་གྱི་སྒྲོན་མེ།
ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༣ འཛིན་གྲྭ(༡༢)
བསྟན་འཛིན་ནོར་བུ།
《ཚོམས》ལས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་ཞེས་པའི་མཚན་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བསྟེན་ནས་བྱུང་། །ཞེས་པ་ལྟར་སྐྱེ་འགྲོ་ཡོངས་ཀྱི་སྨག་རུམ་གྱི་མུན་པ་སེལ་བར་གནང་མཁན་གྱི་དགེ་བའི་བཤེས་གཉེན་ནི་ཉིན་མོར་མཚམས་འཇོག་མེད་པར་ཀུན་གསལ་ལམ་བུའི་སྟེང་དུ་རྒྱུ་འོང་བྱེད་པའི་ནམ་མཁའི་ནོར་བུ་དང་མཚུངས་ཏེ། སྐྱེ་འགྲོ་དུ་མ་ཞིག་གི་ལུས་ཐོག་ལ་ལྡན་པའི་དུག་ལྟ་བུའི་ལེ་ལོ་དང་ཕྲག་དོག རྣམ་གཡེང་ལ་སོགས་པའི་མི་དགེ་བའི་ལས་མཐའ་དག་སྤོང་ཞིང་ཅང་ཤེས་རྟ་ཕོ་ལྕག་གིས་སྐུལ་ཏེ་ཤེས་བྱ་རིན་ཆེན་ནོར་བུའི་གླིང་ནས། ལག་ལྡན་པད་མཚོར་འཇུག་པ་ཇི་བཞིན་ཤེས་བྱའི་ནོར་བུ་ལ་དཀའ་སྤྱད་འབད་བརྩོན་གནང་བཞིན་ཡོད། དེ་དག་སྨན་གྱི་ལྗོན་ཤིང་ལྟ་བུ་རང་རྒྱུད་ལ་འབྱོར་རྗེས་ཕངས་སེམས་ཅི་ཡང་མེད་པར་བུམ་པ་གང་བྱོའི་ཚུལ་གྱིས་ངེད་སློབ་བུ་ཡོངས་ལ་རླབས་ཆེན་གྱི་ཤེས་བྱའི་སྦྱིན་པ་གནང་བ་ནི་བསྙད་ན་འདྲེན་མི་ཐུབ་པ་དང་སྟོན་ན་བལྟས་མི་ཚར་བས་ཅི་འདྲའི་ངོ་མཚར་ལྡན་པ་ཞིག་ཨང་།
དལ་བ་བརྒྱད་དང་འབྱོར་པ་བཅུ་སྟེ་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་ཆེན་འདི་ཉིད་ཀྱི་ཁ་ཕྱོགས་གསལ་བར་སྟོན་མཁན་གྱི་སློབ་དཔོན་དམ་པ་དག་ནི་སྨག་རུམ་གྱི་ལམ་བུ་གསལ་བར་བསྟན་ནས་སྐྱེ་འགྲོ་ཡོངས་ལ་རམ་འདེགས་གནང་མཁན་གྱི་ཀུ་མུད་གཉེན་དང་འདྲ་སྟེ། རྗེ་པོ་ཏོ་བ་རིན་ཆེན་གསལ་གྱིས། དལ་འབྱོར་རྙེད་པ་དཀའ་བར་གོ་གྱུར་ན། །འཆལ་བ་བློ་བདེར་སྡོད་པ་ག་ལ་སྲིད། །ཞེས་གསུངས་པ་ལྟར་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་ནང་ནས་མི་ལུས་རིན་པོ་ཆེ་འདི་ཉིད་ཐོབ་པ་ནི་ཤིན་ཏུ་དཀའ་བས་འདི་ཉིད་དོན་དང་ལྡན་པ་ཞིག་དང་འགྱོད་པ་གཏན་ནས་མེད་པ་ཞིག་ཏུ་འགྱུར་ཆེད་དུ། སྐྱེ་བོ་དུ་མར་ལེགས་ཆ་ཡོངས་སུ་རྫོགས་པ་རང་རྒྱུད་དུ་འབྱོར་རུ་བཅུག་རྒྱུ་ནི་རིན་ཆེན་གྱི་དངོས་པོ་ཁྲི་ཁྲག་དུ་མ་ཡོད་པ་ལས་ལྷག་པས་གང་ཟག་ཡོངས་ཀྱིས་རྟོགས་ངེས་ཡིན་པ་ནི་སྨོས་ཅི་དགོས།
འཛམ་གླིང་དུ་ཆེས་སྙན་གྲགས་ཆེ་བ། རང་མི་རིགས་འདི་ཉིད་ལ་ཕན་ཐོགས་ཡོད་པའི་བྱ་བ་བྱེད་པ་དང་། འཛམ་གླིང་ལ་གྲུབ་འབྲས་རྒྱ་ཆེར་ལྡན་པའི་བྱ་བ་བྱེད་ཐུབ་པ་ནི་དངོས་གནས་དགེ་བའི་བཤེས་གཉེན་རྣམས་ཀྱི་སྐུ་དྲིན་ཡིན་པ་སྨོས་མི་དགོས་པ་རེད། དཔེར་ན། དུས་རབས་བདུན་པ་བོད་ཀྱི་བཙན་པོ་སོ་གསུམ་པ་སྲོང་བཙན་སྒམ་པོའི་སྐབས་སུ་སྐུ་འཁྲུངས་པའི་འཕྲུལ་བློན་མཛངས་མི་བདུན་གྱི་ཡ་གྱལ་ཐོན་མི་སམ་བྷོ་ཊས་གསར་གཏོད་གནང་བའི་བོད་སྐད་ཡིག་འདི་ཉིད་ནི་ཁོང་གི་སློབ་དཔོན་བྲམ་ཟེ་ལི་བྱིན་དང་པཎྜི་ཏ་ལྷ་རིག་པའི་སེང་གེ་རྣམ་གཉིས་བསྟེན་པའི་སྐུ་དྲིན་ཡིན་པ་རེད།
《རྒྱལ་སྲས་ལག་ལེན་སོ་བདུན་མ》ལས། གང་ཞིག་བསྟེན་ན་ཉེས་པ་ཟད་འགྱུར་ཞིང་། །ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་འགྱུར་བ། །བཤེས་གཉེན་དམ་པ་རང་གི་ལུས་བས་ཀྱང་། །གཅེས་པར་འཛིན་པ་རྒྱལ་སྲས་ལག་ལེན་ཡིན། །
ཟུར་ཁྲིད་དགེ་རྒན། པད་སྐྱིད།
འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།
སྤུས་ལེགས་མཐོ་འབྲིང་བོད་ཡིག་དཔྱད་གཞི་ཡག་ཤོས།
༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།
《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག
གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།