དགེ་བའི་བཤེས་གཉེན་ལགས། ངས་ཁྱེད་ལ་བསྟོད་པ་དེ་ལྟར་བྱེད།

文摘   2024-08-13 08:28   西藏  


དགེ་བའི་བཤེས་གཉེན་ལགས། 

ངས་ཁྱེད་ལ་བསྟོད་པ་དེ་ལྟར་བྱེད།            


ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༡  འཛིན་གྲྭ(༡༡)

 མགོན་པོ་བཀྲ་ཤིས།





གལ་ཏེ་ང་རང་སྙན་ངག་པ་ཞིག་ཡིན་ཚེ་ངས་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ཚིག་སྦྱོར་བེད་སྤྱད་ནས་ཁྱེད་ལ་བསྟོད་པ་བྱེད། གལ་ཏེ་ང་རང་རི་མོ་མཁན་ཞིག་ཡིན་ཚེ་ངས་མཛེས་ཤིང་ལྟ་ན་སྡུག་པའི་རི་མོའི་ལམ་ནས་ཁྱེད་ལ་བསྟོད་པ་བྱེད། གལ་ཏེ་ང་རང་གཞས་མ་ཞིག་ཡིན་ཚེ་ངས་རྣ་བའི་བུ་རམ་ལྟ་བུའི་གླུ་གཞས་བླངས་ནས་ཁྱེད་ལ་བསྟོད་པ་བྱེད།

དགེ་བའི་བཤེས་གཉེན་ལགས། གལ་ཏེ་ང་རང་ཆུ་ནང་གི་ཉ་མོ་ཞིག་ཡིན་ཚེ་ཁྱེད་ནི་ལྷུང་ལྷུང་དུ་འབབ་པའི་དལ་འགྲོ་མ་ཡིན། དགེ་བའི་བཤེས་གཉེན་ལགས། གལ་ཏེ་ང་རང་ཁང་སྟེང་གི་དར་ལྕོག་ཞིག་ཡིན་ཚེ་ཁྱེད་ནི་དྲི་ཡི་བཞོན་པ་དེ་ཡིན། དེ་ཡང་ཆུ་མེད་ན་ཉ་མོ་འཚོ་གནས་བྱེད་མི་ཐུབ་ལ་དྲི་བཞོན་མེད་ན་དར་ལྕོག་ལྷབ་ལྷུབ་ཏུ་གཡོ་མི་ཐུབ། ངས་དཔེ་འདི་དག་ལ་བརྟེན་ནས་ཁྱེད་ལ་བསྟོད་པ་བྱེད་འདོད། ངས་ད་དུང་དཔེ་བརྒྱ་ཕྲག་མང་པོ་བཞག་ནས་བསྟོད་པ་བྱེད་འདོད། རྒྱུ་མཚན་གང་ཡིན་ཟེར་ན་དགེ་བའི་བཤེས་གཉེན་ནི་ང་ཚོའི་ཕ་མ་གཉིས་པ་ཡིན་པས་སོ། །

ང་རང་སློབ་ཆུང་གི་སྐབས་དང་སློབ་འབྲིང་གི་སྐབས། ད་ལྟ་འགྲིམ་བཞིན་པའི་མཐོ་འབྲིང་བཅས་དུས་རིམ་དེ་དག་གི་ནང་དུ་ང་ལ་དགེ་བའི་བཤེས་གཉེན་མང་པོ་ཞིག་འཕྲད་བྱུང་། དེ་དག་ལས་བག་ཆགས་ཆེས་ཟབ་ཤོས་བཞག་མཁན་གྱི་རྒན་ལགས་ནི་ངའི་སློབ་ཆུང་སྐབས་ཀྱི་བོད་ཡིག་རྒན་ལགས་ཁོང་རེད། རྒན་ལགས་ཁོང་ནི་བུ་ཕྲུག་གི་དོན་དུ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱེད་མཁན་གྱི་རྒན་ལགས་ཤིག་རེད། ཁོང་གིས་སློབ་ཁྲིད་གནང་སྐབས་སྤྱན་ཟུང་ནས་བྱམས་བརྩེའི་འོད་མདངས་འཚེར་གྱིན་འདུག དེ་བས་ཀྱང་ང་ཚོ་སློབ་ཆུང་ཐོན་ལ་ཉེ་བའི་མཚམས་དེར་ཁོང་གིས་སྐུ་ལས་ཚད་མེད་བསྐྱོན་གནང་སོང་། རྒན་ལགས་ཁོང་གི་བཀའ་དྲིན་ནི་རི་བོ་ཇོ་མོ་གླང་མ་ལས་ཀྱང་མཐོ་ལ་རྒྱ་མཚོ་ཆེན་པོ་བཞི་ལས་ཀྱང་གཏིང་ཟབ་བོ། །

དེ་ཡང་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་ལས། ང་ཚོ་ཤེས་བྱ་ཡོན་ཏན་གང་ཡང་མི་ཤེས་པ་ནས་ཤེས་པ་ཞིག་ཏུ་འགྱུར་བ་དང་། གཞན་དང་འདྲ་མཉམ་མིན་པ་ནས་འདྲ་མཉམ་དུ་འགྱུར་བ། དེ་དག་ཚང་མ་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་ཡིན་པ་ནི་ནམ་ཡང་བརྗེད་ཐབས་ག་ལ་ཡོད། དེ་ཡང་ཤེས་བྱའི་རྒྱ་མཚོ་ཆེན་པོར་ངོམས་མེད་དུ་ཆུ་རྐྱལ་རྒྱག་རྒྱུ་བྱུང་བ་ནི་བཤེས་གཉེན་གྱི་བཀའ་དྲིན་ཅིས་མ་ཡིན། དེ་ལྟར་ངས་བསམ་གཞིགས་སྒོ་ཀུན་ནས་ལེགས་པར་བྱེད་དུས་གནམ་འོག་ན་དྲིན་ཆེ་ཤོས་ནི་ཕ་མ་དང་དགེ་རྒན་ནོ། །

ཟུར་ཁྲིད་དགེ་རྒན།  རིན་ཆེན་རྒྱལ་པོ།









འཕྲིན་སྟེགས་འདིར་དོ་ཁུར་གནང་བ་དང་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།





མཐོ་འབྲིང་བོད་ཡིག་དཔྱད་གཞི་ཀུན་གྱི་ཨ་མ།

༄༅། །སློབ་ཆེན་བདེ་བགྲོད་ལམ་གསར་ལས་བཏུས། མཐོ་རྒྱུགས་རྒྱུགས་དཔེ།

《སློབ་ཆེན་བདེ་བགྲོད་ལམ་གསར》ངེས་པར་དགོས་མཁོ་ཆེ་བས་འབྲེལ་བ་གནང་ཤོག

གསར་དུ་བསྒྲིགས་པའི《མཐོང་བ་མྱོང་གྲོལ》མཚམས་སྦྱོར་སྟབས་བདེ།


《བློ་གསར་འཇུག་བདེའི་ལམ་བུ》ལྟ་སྦྱོང་ཁྲིད་གསུམ་ལ་ཕན་པའི་དཔྱད་གཞི།

མཐོ་འབྲིང་སྐད་ཡིག་འདེམ་སྦྱོང་དཔྱད་གཞི། ཤེས་བྱའི་ཟེགས་མ



通哇雍珠藏文资源
རྨང་གཞིའི་སྐད་ཡིག་སློབ་གསོ། སློབ་ཁྲིད། སློབ་དཔྱོད། གསོ་སྦྱོང་སོགས་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་འདོན་པར་འབུངས་ཤོག
 最新文章