ང་དང་ཁྱོད།
རྩོམ་པ་པོ། རོང་པོ་རང་འཚོལ།
དལ་མེད་གཙང་པོ་ཕྱོགས་ནས་ཕྱོགས་སུ་འགྲོ། །
སོང་བའི་མཐའ་རུ་ལྡོག་པའི་གནས་ཀྱང་མེད། །
སེམས་ཀྱི་འཆར་སྒོ་འདི་ནས་གང་དུ་མཆེད། །
དྲན་པའི་རོལ་མོ་འདི་ཡིན་འཆད་དུ་མེད། །
དེ་ལྟར་རང་ཉིད་འཆི་བའི་མཚོ་ལ་ཕྱོགས། །
ཆུ་བོའི་འཕྱོ་འཇགས་སེམས་ཀྱི་སྣེ་རུ་ཐོགས། །
འདི་ཡིན་མ་མཆིས་ཀུན་ཀྱང་བཟི་བ་ཉིད། །
འཁྲུལ་བའི་སྟན་དུ་ཡང་ཡང་ཉལ་བ་ཉིད། །
ཁ་སང་ཁོང་དུ་མིད་པའི་ཁ་ཆད་དག །
ད་ཆ་མེ་ཆུ་རླུང་གི་ཟས་སུ་སོང་། །
བྱར་ཡང་མེད་དོ་ཁྱོད་ཉིད་དེ་གར་ཟད། །
བྱས་ཀྱང་གང་ཡོང་ང་ཡང་དེ་གར་ཟད། །
སྤྲིན་དཀར་ཁོ་ན་མཁའ་ནས་མཁའ་རུ་འཕུར། །
བརྩེ་སེམས་གཉུག་མ་ཐོག་འོག་གཉིས་སུ་རྒྱུ། །
གཞན་ནི་མ་མཆིས་ལུས་ཅན་གཡོ་བའི་ཚུལ། །
ཉལ་བའི་གཉིད་ལབ་ཉིད་དང་མཚུངས་པ་ལགས། །
ཁྱོད་ནི་ཕར་ཚུར་གཉིས་ཀྱི་ཟམ་ཆུང་ཙམ། །
ང་ནི་ཐོག་འོག་གཉིས་ཀྱི་འགྲུལ་པ་ཙམ། །
རང་གི་སྐྱིད་སྡུག་རང་གི་སེམས་སུ་བྲིས། །
ལན་ཆགས་ཅི་བྱུང་ཁུང་བུ་གཅིག་ལ་འདེད། །
འཆར་ནུབ་དཀར་ནག་གཉིས་ཀྱི་ཟུར་ཁ་ནས། །
བཅོས་འཛུམ་སྒྱུ་མའི་བུ་ཆུང་ཆད་དུས་མེད། །
ཁྱོད་ནི་སྐྱེ་བ་གཅིག་གི་རྣམ་སྨིན་ཙམ། །
ང་ནི་དེ་ཉིད་མྱོང་བའི་སྦྲང་བུ་ཙམ། །
★
རྩོམ་སྒྲིག་པ། རོང་པོ་རང་འཚོལ། དོ་དམ་པ། རོང་པོ་རང་འཚོལ།