རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
མཛེས་སྡུག་གི་བསླུ་བྲིད།
རང་གིས་རང་ལ་དྲིས་པ། པདྨ་ཚེ་བརྟན།
དྲི་བ།
རྩོམ་རིག་ཅེས་པ་དེ་ཁྱོད་ལ་མཚོན་ན་ཇི་ལྟ་བུ་ཞིག་ཡིན།
ལན།
རྩོམ་རིག་ཅེས་པ་དེ་ང་ལ་མཚོན་ན་ནམ་ཡང་མཛེས་སྡུག་གི་བསླུ་བྲིད་ཅིག་སྟེ། བསླུ་བྲིད་དེའི་ཆེད་དུ་མི་ཚེ་གཅིག་གི་དུས་ཚོད་ཕངས་མེད་དུ་བཏང་ཡང་འགྱོད་མི་སྲིད།
དྲི་བ།
ཁྱོད་ཀྱིས་རྩོམ་རིག་ནི་ནམ་ཡང་མཛེས་སྡུག་གི་བསླུ་བྲིད་ཅིག་ཟེར་དོན་ཅི་ཡིན་ནམ།
ལན།
དེ་ནི་རང་གི་ལྟ་བ་ཞིག་གམ་ཡང་ན་ཚོར་བ་ཞིག་སྟེ། ནམ་རྒྱུན་ང་ཚོ་རྩོམ་རིག་གི་ལས་ལ་ཞུགས་དུས། ཁྱོད་ཀྱི་མདུན་ཕྱོགས་སུ་རི་མཐོན་པོ་ཞིག་འགྱིང་ཡོད་ལ། རི་དེའི་རི་རྩེ་ན་ཁྱོད་ལ་བསླུ་བྲིད་ཅིག་གིས་ལག་ཟུང་གཡུག་གཡུག་བྱེད་བཞིན་ཡོད། ཁྱོད་རང་དཀའ་སྤྱད་འབད་བརྩོན་སྒོས་རི་དེའི་ཀྱག་ཀྱོག་གི་རྐང་ལམ་ཕྲ་མོར་ཞུགས་ནས་རི་མགོར་བསླེབས་དུས། རི་དེའི་ཕ་རོལ་ན་དེ་ལས་ཀྱང་མཐོ་བའི་རི་ཞིག་འགྱིང་ཡོད་ལ། རི་དེའི་རི་རྩེ་ན་དེ་ལས་ཀྱང་ལྷག་པའི་བསླུ་བྲིད་ཅིག་གིས་ཁྱོད་ལ་ལག་ཟུང་གཡུག་གཡུག་བྱེད་པ་མཐོང་ཐུབ། བསླུ་བྲིད་དེ་ལ་མིའི་ཡིད་སེམས་དབང་མེད་དུ་འགུགས་པའི་ནུས་པ་ཞིག་ལྡན་པས། ཁྱོད་རང་ཡང་བསྐྱར་ཕ་རོལ་གྱི་རི་དེའི་སྟེང་དུ་འཛེག་རྒྱུའི་ལམ་ལ་ཆས་འགྲོ། དེ་བས་རྩོམ་རིག་ནི་ནམ་ཡང་མཛེས་སྡུག་གི་བསླུ་བྲིད་ཅིག་རེད་ཅེས་བརྗོད་པ་ཡིན།
དྲི་བ།
རྩོམ་རིག་ཅེས་པ་དེ་ནི་ནམ་ཡང་མཛེས་སྡུག་གི་བསླུ་བྲིད་ཅིག་ཡིན་ན། མི་ཚེ་གང་བོར་དེ་ལ་བསྙེགས་ན་དངོས་ཡོད་ཀྱི་ནང་དོན་ཅི་ཞིག་ལྡན་ནམ།
ལན།
དེ་ལྟར་དྲིས་ན་ཧ་ཅང་ལན་འདེབས་དཀའ་བ་ཞིག་རེད། ནམ་རྒྱུན་ང་ཚོས་བྱ་བ་ཞིག་བསྒྲུབས་ན་ཐོག་མར་དེ་ལ་དངོས་ཡོད་ཀྱི་ནང་དོན་ཞིག་གམ་ཡང་ན་ཐད་ཀར་གྱི་འབྲས་བུ་ཞིག་ལྡན་མིན་ལ་ལྟ་སྲིད། ཡིན་ཡང་རྩོམ་རིག་ནི་དེ་ལྟ་བུ་ཞིག་མིན། གནས་སྐབས་སམ་དངོས་ཡོད་ཀྱི་ནང་དོན་ཞིག་འཚོལ་བའི་ཆེད་དུ་རྩོམ་རིག་གི་ལམ་དུ་ཞུགས་པ་ནི་ནོར་འཁྲུལ་ཞིག་ཡིན། དེ་ནི་དཔེར་ན་ནམ་རྒྱུན་མི་རྣམས་ཀྱིས་བཤད་པའི་བྱང་ཕྱོགས་ཤམ་བྷ་ལ་ལྟ་བུར་མཚོན་ན། དོན་དངོས་སུ་དེ་ལྟ་བུའི་གནས་མཆོག་ཅིག་མེད་པ་སུས་ཀྱང་ཤེས་མོད། ཡིན་ཡང་དེ་ལ་རང་ཤུགས་ཀྱིས་མཛེས་སྡུག་གི་བསླ་བྲིད་ཅིག་ལྡན་པས་བསྐལ་བ་གྲངས་མེད་དུ་མི་ཁྲི་ཕྲག་མང་པོའི་མི་ཚེའི་ཕུགས་བསམ་མཚོན་བྱེད་དུ་གྱུར་ཡོད། དེ་བས། རྩོམ་རིག་གི་མཛེས་སྡུག་གི་བསླུ་བྲིད་དེ་ལ་ཕྱོགས་གཞན་ཞིག་ནས་བཤད་ན་རང་ཤུགས་ཀྱིས་དངོས་ཡོད་ཀྱི་ནང་དོན་ཞིག་ལྡན་པ་མ་ཡིན་ནམ།
དྲི་བ།
རྩོམ་རིག་ཅེས་པ་དེའི་སྟེང་ལ་དེ་འདྲའི་མཛེས་སྡུག་གི་བསླུ་བྲིད་ཅིག་ནི་ཇི་ལྟར་གྲུབ་པ་ཡིན་ནམ།
ལན།
དེ་ནི་ཕུལ་དུ་བྱུང་བའི་རྩོམ་པ་པོ་ཁྲི་ཕྲག་མང་པོའི་ཕུལ་དུ་བྱུང་བའི་རྩོམ་རིག་གི་བརྩམས་ཆོས་དང་། རྩོམ་རིག་རང་སྟེང་ན་འཛོམས་པའི་མིའི་སྤྱོད་སྟངས་དང་ལྐོག་གྱུར་གྱི་སེམས་ཁམས་སོགས་ཆེས་ཞིབ་ཕྲའི་སྒོ་ནས་མཚོན་ཐུབ་པའི་ནུས་པ་ལྡན་པ་སོགས་ཀྱི་སྟེང་ནས་གྲུབ་པ་རེད།
དྲི་བ།
ཁྱོད་ལ་མཚོན་ན་རྩོམ་རིག་གི་བསླུ་བྲིད་ཆེས་ཆེན་པོ་དེ་ཅི་ཡིན།
ལན།
ང་ལ་མཚོན་ན་དེ་ནི་རྩོམ་རིག་གིས་འཇིག་རྟེན་ཁམས་ཀྱི་ཆེས་རྙོག་དྲ་ཆེ་ཞིང་ཆེས་མཚོན་པར་དཀའ་བའི་མིའི་སེམས་ཁམས་མཚོན་ནུས་པའམ་ཕྱོགས་མང་པོ་ནས་མཚོན་ཡོད་པ་དེ་ཡིན། རྩོམ་རིག་གིས་མིའི་དགའ་སྐྱོ་ཆགས་སྡང་སོགས་ཕུན་སུམ་ཚོགས་པ་དང་གཏིང་ཟབ་ས་ནས་མཚོན་ཡོད་པ་དང་མཚོན་ཐུབ་པས་སྔ་མོ་ནས་ང་ཡི་ཡིད་སེམས་བཀུག
དྲི་བ།
གནས་སྐབས་ཀྱི་དུས་འདི་འདྲ་ཞིག་གི་ནང་དུ། ཁྱོད་ཀྱིས་ད་དུང་མཛེས་སྡུག་གི་བསླུ་བྲིད་ཙམ་ཁོ་ན་ལྡན་པའི“སྟོང་བའི་ལས”དེ་འདྲ་ཞིག་གཉེར་ན་དེ་ནི་ཤིན་ཏུ་མི་འོས་པ་ཞིག་གམ་ཡང་ན་གླེན་རྟགས་ཤིག་མ་ཡིན་ནམ
ལན།
དེ་ནི་ཤིན་ཏུ་མི་འོས་པའི་བྱ་བ་ཞིག་གམ་ཡང་ན་གླེན་རྟགས་ཤིག་སོགས་གང་ཡིན་རུང་ང་རང་སེམས་གཏིང་ནས་དེ་ལ་དུངས་པས་ད་ལྟའི་ཟང་ཟིང་གི་དུས་འདིར་དེའི་ལམ་ལ་ཞུགས་པར་འགྱོད་པ་མེད་ལ། རྗེས་ཕྱོགས་ཀྱང་དེའི་ཕྱོགས་སུ་འབད་ངེས་ཡིན།
ཡོང་ཁུངས། འོད་འཛིན་སྤྱི་སྟེགས།