གྲོགས་པོ་ཞིག་དྲན་ཚུལ། ལྷུག་རྩོམ། རོང་པོ་རང་འཚོལ།

民生   2024-09-04 09:30   西藏  





  རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།     


གྲོགས་པོ་ཞིག་དྲན་ཚུལ།

 
རྩོམ་པ་པོ། རོང་པོ་རང་འཚོལ།




   ང་དང་གྲོགས་པོའི་བར་གྱི་གནས་ཚུལ་དག་ཇི་ལྟར་གླེང་ན་འོས་སམ། རེད། གང་དྲན་དྲན་གྱི་རྗེས་སུ་འབྲང་རྒྱུ་ཡིན།

   རིམ་གྱིས་ང་རང་ན་ཚོད་ཀྱི་སྐས་རིམ་མཐོ་ས་ཞིག་ཏུ་འཕངས་ཟིན་པས། ངས་རང་གི་བྱིས་དུས་སམ་འདས་ཟིན་པའི་དངོས་པོ་དག་ནམ་ཡང་ཕྱིར་ཁྱེར་ཐབས་མེད་པ་གསལ་པོ་ལོས་ཤེས། དཀྱུས་མའི་མི་དག་ལ་མཚོན་ན། མི་ཚེ་ནི་རྨི་ལམ་ཞིག་ལྟར་གསལ་ལ་མི་གསལ་གྱིས་ཡལ་བཞིན་འདུག་པས། སྐབས་རེ་འདས་སོང་ལ་བསམ་གཞིག་བྱེད་པ་ནི་སྡུག་བསྔལ་ཞིག་དང་དུ་ལེན་པ་དང་ཧ་ཅང་འདྲ། རྒྱུ་མཚན་ནི། འདས་ཟིན་པའི་དངོས་པོ་མང་པོ་ཞིག་གིས་རང་ཉིད་ལ་ཕངས་སེམས་སྟེར་བའི་རྒྱུ་ལས་མ་འདས། དེས་ན་ང་རང་དུས་རྒྱུན་གཡས་གཡོན་རྒྱབ་མདུན་མང་པོར་བསམ་བློ་གཏོང་རྒྱུ་ལ་དེ་ཙམ་དགའ་མོས་མེད། འོན་ཏེ། ཇི་སྲིད་ཚེ་སྲོག་གི་འགྱུ་བ་མ་ཆད་ཅིང་རྣམ་རྟོག་གི་འཁྲི་བ་མ་ཆོད་པ་དེ་སྲིད་དུ། མིག་བཙུམས་ཀྱང་རང་གི་འདས་སོང་དག་ཞེ་ལ་འཁོར་ཡོང་བ་མ་ཡིན་ནམ། དྲི་བ་འདི་ཁྱོད་ཀྱིས་ང་ལ་འདྲི་ཆོག་ཆོག་ཅིག་རེད།
   ཁོའི་མིང་ལ་ཅིས་སྦོས་ཟེར། མིང་བཙོག་དེ་ཁ་ལ་ལེན་བདེ་ཡང་དོན་གོ་རྒྱུ་མེད་པ་ཞིག་རེད། ཁོ་རང་མིང་བཙོག་དེ་འདྲ་ཞིག་ཇི་ལྟར་ཐོགས་པ་ཡིན་ནམ། ཉམས་མ་བཞག་ན་བྱ་དངོས་ཐམས་ཅད་རྒྱུན་ལྡན་ཞིག་ཡིན་འདུག་ཀྱང་། ཞིབ་ཏུ་བསམས་ན་དགོག་བྲོ་བ་མང་པོ་ཡོད། ཅིས་སྦོས། ཁོའི་མིང་འདི་ཡང་དགོད་བྲོ་བ་ཞིག་ཡིན།
   ང་གཉིས་གྲོགས་པོར་འགྱུར་དུས་ནི་དབྱར་གཞུང་ཞིག་ལ་ཡིན། དེ་དུས་རྒྱུ་རྐྱེན་ཡག་པོ་ཞིག་གིས་ང་གཉིས་བརྒྱད་ལུང་པའི་ཕུ་རུ་ཁལ་རང་འགྲོ་རྒྱུ་ཁེལ་བྱུང་། ཁལ་རང་ཟེར་བ་འདི་ཁྱེད་ཅག་གིས་ཤེས་ཀྱི་མེད་སྲིད། དེ་ནི་ང་ཚོའི་ཡུལ་སྐད་ཅིག་སྟེ། ཁལ་ཞེས་པ་ནི་ཁལ་འགེལ་སའི་གཡག་དང་། རང་ཞེས་པ་རྐྱང་པའམ་ཁོ་ན། ཁལ་རང་ཞེས་པ་ཁལ་ཁོ་ནའི་རྫི་བོ་བྱས་ནས་འདུག་པ་ལ་གོ་ན་འགྲིག བརྒྱད་ཅེས་པ་དེ་ངེད་རུ་བ་དང་སྡེ་བ་གཞན་འདྲེས་མཚམས་ཀྱི་ལུང་པ་ཞིག་གི་མིང་ཡིན་ཞིང། ལོ་དེར་ང་གཉིས་ལུང་པ་དེའི་ཕུ་རུ་ཉིན་བཅུ་གྲངས་ཙམ་ཁལ་རྫི་བྱས་ནས་སྡོད་དགོས་བྱུང་།
   མ་གཞི་ནས་ཁོ་ནི་ངའི་ཞང་པོ་འདས་པོ་ཚང་གི་མག་པ་དང་། ཞང་པོ་ཚང་ནི་ངེད་ཚང་དང་ཐག་མི་རིང་བའི་སར་ཡོད་པས། ང་ཚོ་དེའི་སྔ་རོལ་ཞིག་ནས་རྒྱུན་དུ་རྫི་བོ་མཉམ་འགྲོ་དང་ཕན་ཚུན་མཉམ་ཕྲད་བྱ་ཆོག་པ་ཞིག་ཡིན། དེ་དུས་ཁོས་སྐབས་རེར་ཆང་དམ་བེ་ཆུང་ངུ་རེ་ཁྱེར་ནས་རྫི་བོར་ཡོང་ཞིང་། རི་མཐོ་ས་གཙང་གི་ལྟེབ་ཁུགས་དག་ལ་ང་ཚོ་ཆང་གིས་ཅུང་ཟད་བད་དེ་ཁ་བརྡ་གློད་པའི་ཚུལ་དང་། འགན་ཁུར་དང་སེམས་ངལ་གང་ཡང་མེད་པར་བདེ་ཐང་ངང་ལྗོངས་རྒྱུ་ལྟ་བུའི་འཚོ་བ་རོལ་སྟངས་དེ་དག་དྲན་ཡོང་དུས། ད་ཆའང་ང་རང་སླར་བྱིས་དུས་ཀྱི་དགའ་ཚལ་དེར་ཞུགས་ཆོག་ན་སྙམ། འོན་ཏེ། དུས་ཚོད་ཀྱིས་ང་ཚོ་རྒས་ཞེས་པའི་ས་མཚམས་ཞིག་ལ་འདེད་འགྲོ་བ་མ་ཡིན་ནམ། དེས་ན། ཕྱིར་ཡོང་མེད་པའི་ལོ་ཟླ་དག་དྲན་དུས་རང་ལ་དགའ་རྒྱུ་སྐྱོ་རྒྱུ་གཉིས་ཀ་ཡོང་བ་ཞིག་རེད།
   ངས་གསལ་པོ་དྲན་གྱི་འདུག ང་གཉིས་ཁལ་རང་བསྡད་པའི་ཉིན་དེ་དག་དང་། ང་གཉིས་གུར་ཕུབ་ནས་འདུག་སའི་ཐང་བདེ་མོ་དེ། གུར་སྡུག་ནང་གི་ང་གཉིས་ཀྱི་རྒྱགས་བྲོ། གུར་མཐའི་མེ་ཏོག་གི་བཀྲག་མདངས་དང་དྲི་བསུང་། གཡུ་མདོག་གི་ལུང་གཞུང་རིང་མོ། ཅུང་ཟད་ཁད་རིང་བའི་ས་ན་འུ་གཉིས་ཀྱིས་ཉིན་རེ་བཞིན་མིག་གིས་བསྲུང་དགོས་པའི་ཁལ་གཡག ཉི་ནུབ་མཚམས་ཀྱི་སྨུག་སྤྲིན་དང་འཇའ་ཚོན་སོགས་་་
   དབེན་ཐིང་ཐིང་གི་རི་ཁུག་ལུང་ཁུག་དེ་ན། ཕན་ཚུན་མཛའ་སེམས་ཀྱིས་དམ་དུ་བསྡམས་པའི་མི་གཉིས། སྐབས་རེ་ལོགས་ཀྱི་ཆུ་འགྲམ་དུ་ཕྱིན་ནས་རང་བྱུང་གི་ཆུ་རྒྱུན་དྭངས་མོ་དེས་གདོང་དང་རྐང་པ་བཀྲུ། བཀྲུས་ཟིན་རྗེས་ཕན་ཚུན་རོགས་རེས་བྱས་ཏེ་སྐྲ་ཤད། སྐྲ་ཤད་སྐབས་ཁོའི་དམར་མདངས་རྒྱས་པའི་གཞིན་རས་དང་མིག་ཟུང་། སྐབས་རེར་ཅབ་རྡེའུ་རྩེ་བ། སྐབས་རེར་ཁོས་དྲེགས་པས་ཟིན་པའི་དཔེ་དེབ་ཅིག་སྔས་ཟུར་དུ་འཇོག་ཞོར་མི་ལའི་རྣམ་མགུར་འཆད་པ། དེ་དག་རེ་རེ་ནས་རེ་རེ་བཞིན་ངའི་མིག་མཐའ་རུ་འཁོར་ཡོང་།
   དེ་དུས་ང་རང་སློབ་ཆུང་ཐོན་མ་ཐག་ཡིན་པས། ཉིན་ཤས་ནས་གྲོང་ཁྱེར་གྱི་སློབ་གྲྭ་ཞིག་ཏུ་འགྲོ་རྒྱུ་ཁེལ་ཡོད། དེའི་སྟབས་ཀྱིས་དུས་ཡུན་ཐུང་ཐུང་ཞིག་ཇི་ལྟར་འགྲོ་བ་མ་ཚོར་བའི་ངང་ང་རང་ཕྱིར་ཁྱིམ་དུ་ལྡོག་དགོས་བྱུང་། ལུང་པ་སྟོང་པ་ཞིག་ནས་མཛའ་གཅུགས་གསེར་ཐག་གིས་དམ་དུ་བསྡམས་པའི་མི་གཉིས་ཁ་ཁར་གྱེས་ཚུལ་དེ། ཕྱི་བལྟས་ཡང་བལྟས་བྱེད་བཞིན་ལག་གཡུག་ཁོ་ནས་འཇོག་དགོས་བྱུང་སོང་བའི་དུས་སྐབས་དེ། ཆེས་སྤྱིར་བཏང་ཡིན་ཡང་བརྗེད་ཐབས་མེད་པའི་དབྱར་གཞུང་གི་ཞོགས་པ་དེ། ལུང་པ་སྟོང་པ་ཞིག་ནས་སེམས་པ་སྟོང་པར་གྱུར་པའི་ཉིན་མོ་དེ། དུས་ད་ལྟའང་ངའི་ཡིད་ངོར་གསལ་གསལ་རྗེན་རྗེན་དུ་མངོན་ཡོང་། དེ་དུས་ང་གཉིས་སྐྱི་དང་པགས་པས་མི་བཏུམ་པའི་མི་གཅིག་སེམས་གཅིག་ཏུ་གྱུར་ཟིན་ཀྱང་། ངས་ཁོ་རང་ལུང་པ་དེར་བཞག་ཏེ་བུད་སོང་བ་ཡིན། ལ་ཞིག་བརྒལ་པ་དང་ང་གཉིས་ནི་ལུང་པ་སོ་སོར་གྱར་པའི་མི་གཉིས་སུ་གྱུར་སོང་བ་རེད། ལ་ཕར་རྒྱབ། ངའི་གྲོགས་པོ་གཅིག་པུར་ལུས་ཡོད།
   མི་ཟེར་བ་དེ་ལྟར་འགྱངས་འགྲོ་བ་ཡིན་ནམ། ཏག་ཏག་ཉིན་ཤས་རྗེས་སུ་ང་རང་ཕ་ཡུལ་བསྐྱུར་ཏེ་གྲོང་ཁྱེར་དུ་སློབ་གྲྭར་འགྲོ་དགོས་བྱུང་། ད་ནི་ང་གཉིས་ཀྱི་བར་ཐག་ནི་ལ་ཞིག་གི་རྒྱབ་མདུན་ཙམ་མིན་པར་རི་ཆུ་མང་པོས་བཅད་ཚར། ལམ་བར་དུ་ངས་རང་གི་དཔེ་ཁུག་ནས་དངོས་པོ་ཞིག་འཚོལ་སྐབས། དངུལ་དམར་སྟོང་ལ་ཉེ་བ་ཞིག་ཤོག་འཛར་ཞིག་གི་ནང་དུ་བསྒྲིལ་ནས་དེར་བཅུག་འདུག ཤོག་བུའི་ལྟེབ་འབྱེད་དུས། ཁོས་ཡིག་འབྲུ་ངོས་གང་བ་ཞིག་བྲིས་ཡོད་པ་མ་ཡིན་ནམ། དེ་ནི་གྲོགས་པོས་ང་ལ་བཞག་པའི་ཐོག་མའི་སེམས་འཕྲིན་དང་ལག་རྟགས་རེད། ལམ་བར་དུ་ངས་འཕྲིན་ཡིག་དེ་ཚར་ཁ་ཤས་ཀློག་དགོས་བྱུང་ཞིང་། ཀློག་གིན་ཀློག་གིན་ངའི་མིག་མཐའི་རི་ལུང་དང་ཡུལ་ལྗོངས་ཐམས་ཅད་ཆར་སྨུག་གིས་བཏུམས་འགྲོ་བ་ལྟར་རབ་རིབ་ཅིག་ཏུ་གྱུར་སོང་།
   ད་ལྟ་ངས་གྲོགས་ཀྱི་འཕྲིན་ཡིག་དེའི་ནང་དོན་ཚང་མ་མི་དྲན་མོད། ཁོས་ང་ལ་ཐེག་དཀའ་བའི་རེ་བ་ཆེན་པོ་ཅི་ཡང་བཅོལ་མི་འདུག “ང་ཁྱོད་ལ་ཡིད་ཆེས་ཡོད། གྲོགས་པོ། ཁྱོད་ནམ་ཡང་བདེ་སྐྱིད་ལྡན་པར་སྨོན” འདི་ལྟར། ཁོས་ང་ལ་ཡིད་ཆེས་གཙང་མ་བཅོལ་ཡོད་པ་ང་རང་ལའང་ཡིད་ཆེས་གཙང་མ་ཡོད། འོན་ཏེ། བློས་ཞི་མིར་བཀལ་ན་ཤ་རུས་སྤྲང་གཏོང་ཟེར་བ་དེ་མ་ཡིན་ནམ། ངས་དམའ་འབྲིང་ལོ་གསུམ་ཙམ་ཡང་མཐའ་མ་འཁྱོལ་བར་སློབ་བྱོལ་བྱས་པ་ཡིན། ད་ནི་ང་གཉིས་ཀྱི་བར་ཐག་ནི་རི་ཆུ་ལ་ལུང་གིས་བཅད་པ་ཙམ་མིན་པར་རེ་བ་དང་ཡིད་ཆེས་འཇོག་སའི་སེམས་ཀྱི་གཞུང་རྒྱུད་དེ་ནས་ཆད་འགྲོ་བ་མ་ཡིན་ནམ། རེད་དེ། ཁོས་ང་ལ་ལེ་ལན་ཚིག་འབྲུ་གཅིག་ཀྱང་གླེང་མ་མྱོང་།
   ང་རང་སློབ་བྱོལ་བྱས་པའི་ཉི་མ་དེ་ག་རང་ལ་ས་ཆ་གཞན་ཞིག་ཏུ་འཁྱམས་ཕྱིན་པ་ཡིན། ངས་ཕ་མ་དང་། དགེ་རྒན། གྲོགས་པོ་ཡོད་ཚད་སྣང་མེད་བཏང་སྟེ་ཡུལ་གཞན་དེར་འབྱོར་རྗེས། གཞི་ནས་ཁོ་ཚོར་འབྲེལ་བ་བཙུགས་མོད། ཁོང་ཅག་སུས་ཀྱང་ང་ལ་བཀའ་བཀྱོན་མི་མཛད་པའི་ཁར“ད་རྒོད་རྒོད་གྱིས་ཤོག”ཅེས་རེ་སྨོན་བཏེགས། ལྷག་ཏུ་གྲོགས་པོས། སླར་ཡང་ང་ལ་རེ་བ་གསར་པ་ཞིག་གི་སྐྱ་རེངས་བསུས་ནས། ནམ་ནམ་ཞར་ཞར་ལ་བདེ་སྡུག་འདྲི་ཞིང་སྐྱིད་སྡུག་གླེང་། དུས་རྒྱུན་དངུལ་དང་དངོས་པོའི་སྐྱེས་ཅི་རིགས་བརྫངས་ཏེ་སྔར་གྱི་ཞེ་ཕམ་ཡོད་ཚད་གཏིང་རྗེད་བཏང་ཡང་། ལོ་ངོ་མང་པོ་འདས་པའི་རྗེས་ཀྱི་དེ་རིང་། ངས་ཡང་བསྐྱར་ཁོང་དང་ཁོང་དག་གི་རེ་བའི་མིག་ཟུང་ལ་ཐལ་བ་སྤར་གང་བཏབ་པ་མིན་ནམ། དགོངས་ཡངས། ང་ནི་དེ་འདྲའི་མི་རང་ཤེད་ཚ་བོ་ཞིག་ཏུ་འགྱུར་འགྲོ་བ་རང་གིས་ཀྱང་ཚོར་མ་བྱུང་།
   ད་ཆ་བརྡ་འཕྲིན་གྱི་སྤྱི་ཚོགས་སུ་སླེབས་ཏེ་གོ་ལ་ཧྲིལ་པོ་ཁྱིམ་ཚང་གཅིག་ཏུ་བཅོས་ཟིན་ཀྱང་། གྲོགས་དང་ཕུ་ནུ། གཉེན་དང་ཉེ་བའི་བར་དུ་ཡང་བསྐྱར་ཤད་རིང་ཞིག་བརྒྱབ་ཏེ་བར་ཐག་ཅིག་བཟོ་བཞིན་འདུག་པས། ངའི་འདས་སོང་གི་དྲན་འཆར་ཡོད་ཚད་ད་ལྟའི་གདུང་སེམས་སུ་འགྱུར་གྱིན་མཆིས། ང་ཡི་གྲོགས་པོ། སྨྲ་བ་ཉུང་བའི་གྲོགས་པོ། ཁྱེད་རང་སྔར་བཞིན་ཕ་ཡུལ་གྱི་ཕང་བ་གང་དེར་གནས་ཀྱང་། ཁྱེད་ཀྱི་སེམས་སུ་ང་རང་སྔར་གྱི་མི་དེ་ག་རང་དུ་གནས་ཡོད་དམ། དོན་དུ་འདི་ནི་ངས་རང་ཉིད་ལ་ཚ་འདྲི་གཏོང་དགོས་པ་ཞིག་ཡིན་ངེས་ཀྱང་། ནམ་ཡང་རང་ལྟ་མཆོག་འཛིན་ཅན་གྱི་མི་འདིས། ད་དུང་འདི་ལྟར་རྒྱུ་རྐྱེན་གཞན་ཐོག་ནས་འཚོལ་བཞིན་འདུག གྲོགས་པོ་ལགས། འདི་ནས་ངས་ཁྱེད་ལ་དགོངས་སེལ་ཞིག་ཞུ་དགོས་ཏེ། ཀྱག་ཀྱོག་གི་མི་ཚེའི་ལམ་བུའི་ཁྲོད་དུ་ང་རང་འགྱུར་རྒྱུ་མང་དྲགས་སོང་།
   ང་ཡི་གྲོགས་པོ། སྨྲ་བ་ཉུང་བའི་གྲོགས་པོ། གཅིག་བྱས་ན་ད་ཆ་ང་ཚོ་སྔར་བཞིན་འབྲེལ་བ་བྱེད་མི་ཐུབ་པ་འདི་ང་ཚོའི་མཛའ་བརྩེ་ལ་བར་ཆད་བྱུང་བ་མ་ཡིན་པར། ང་ཚོ་རྫོབ་ཟིན་པའི་དྲ་བའི་སྤྱི་ཚོགས་འདིར་སུན་དྲགས་ནས་ཁུ་སིམ་འཚོལ་སྟངས་ཤིག་ཡིན་སྲིད། ཁྱེད་རང་དེ་ལྟར་རྒྱུན་དུ་དྲ་ལམ་དུ་ཐོན་མི་ཐུབ་པ་བཞིན། ང་ཡང་དྲ་བའི་འཇིག་རྟེན་འདིར་ཅུང་སུན་སྣང་ཡོང་བ་ཞིག་རེད། ངས་པོད་འཕྲན་དང་། འདར་འབྱངས། དེ་བཞིན་རང་དང་ན་ཚོད་མཉམ་པའི་གཞོན་ནུ་མང་པོས་བཀོལ་སྤྱོད་བྱེད་ཀྱིན་པའི་དྲ་རྒྱའི་མ་ལག་དེ་ཚོ་གཅིག་ཀྱང་བཀོལ་གྱི་མེད། ངས་བརྡ་འཕྲིན་སྤྱད་དེ་གྲོགས་དང་ཉེ་བ་ཚོར་སྔར་རྒྱུན་བཞིན་འབྲེལ་བ་མི་ཐུབ་པ་འདི། ཁྱེད་ཅག་དང་རྒྱང་འགྱེད་པ་མ་ཡིན་པར་ང་ཚོའི་འབྲེལ་བ་ཇེ་ཉོག་ཏུ་གཏོང་མི་འདོད་པ་ཙམ་ཡིན།
   ཀ་ཡེ་གྲོགས་པོ། དེས་ན། ང་ཚོའི་བར་ཐག་ནི་བར་ཐག་ཅིག་ཏུ་བསམ་མི་རུང་། ནངས་ནུབ་མི་ཚོགས་འཆར་ངོས་ཤིག་ལ་རུབ་ནས་འཇིག་རྟེན་བཞད་གད་ཅིག་ཏུ་འགྱུར་དུས་འདིར། ང་ཚོས་དེ་དག་དང་ཐག་བསྲིངས་ཏེ་ཁུ་སིམ་མེར་གནས་ཐུབ་པ་འདི་ཉིད་རྗེས་ལུས་ཤིག་ཡིན་མི་སྲིད་སྙམ། ང་ཚོ་ང་ཚོར་དབང་བའི་ཁོར་ཡུག་དང་། མི་སེམས། འབྲེལ་ལམ། གང་ལ་བསམས་ཀྱང་ང་ཚོའི་བར་ཐག་ནི་བར་ཐག་ཅིག་ཏུ་བསམ་མི་རུང་། འཛམ་གླིང་ངོ་ཤེས་སུ་གྱུར་ཀྱང་མི་སེམས་ཁེར་ཧྲེང་དུ་འཚོ་དུས་འདིར། གཞན་དང་ཐག་སྲིང་བ་ནི་མཛེས་པ་ཞིག་ལྷུར་ལེན་པ་སྟེ། ང་ཚོས་དེ་ལྟར་རང་ཉིད་བཅིང་གྲོལ་གཏོང་འོས།
   ཀ་ཡེ་གྲོགས་པོ། སྨྲ་བ་ཉུང་བའི་གྲོགས་པོ། མཇུག་མཐར་ངས་ཁྱོད་ལ་ཉིད་བདེ་སྐྱིད་ལྡན་པའི་སྨོམ་ལམ་ཞུ།



玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章