ཉེ་ཆེ་ན་མིག་གིས་རྫི་མ་མི་མཐོང་། ལྷུག་རྩོམ། རོང་པོ་རང་འཚོལ།

民生   2024-10-11 13:59   西藏  





  རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།     


ཉེ་ཆེ་ན་མིག་གིས་རྫི་མ་མི་མཐོང་།

 
རྩོམ་པ་པོ། རོང་པོ་རང་འཚོལ།



  ལྷོད་ཅིང་འཇམ་པའི་དབྱངས་རྟ་དེས་ང་རང་སྟོང་སང་སང་གི་འཇིག་རྟེན་ཡན་གར་པ་ཞིག་ཏུ་ཁྲིད་ཅིང་། མིག་བཙུམས་ཏེ་བསྡད་ན། རེ་ཞིག་རང་གི་ཤ་རུས་ཐམས་ཅད་ཀྱང་ཤིང་བལ་ལས་ཡང་ཞིང་གང་སར་ལྡང་འགྲོ་བ་ལྟ་བུའི་ཚོར་སྣང་ཉམས་དགའ་བ་ཞིག་བྱིན་བྱུང་། དེ་ནི་ཁོང་གི་ཐུན་མིན་གསུང་གི་བྱིན་རླབས་ཤིག་གམ་ཡང་ན་ངག་རྟ་འཇམ་པོ་དེས་གནས་དེར་འདུས་པའི་སྐྱེ་བོ་ཐམས་ཅད་ལ་བྱིན་པའི་སེམས་ཀྱི་ཟས་ཆོག་ཅིག་ཡིན་ངེས། གང་ལྟར་དེ་དུས་ང་རང་ཁོང་གི་འདོན་རྟ་དེ་ཁོ་ནར་གཡེངས་ནས་དུས་ཡུན་རིང་པོ་ཞིག་ངལ་བ་མེད་པར་རྟོག་ཡུལ་གྱི་འཇིག་རྟེན་གཙང་མ་ཞིག་ཏུ་ཡང་ཡང་འབྱམས་ཐུབ་སོང་བ་ནི། དུས་ད་ལྟའང་རྗེད་མེད་སེམས་ཀྱི་ག་ཤེད་ཅིག་ཏུ་གསལ་ལེར་གནས་འདུག ངོ་མ་ངག་རིག་ནི་མིའི་རིགས་ཀྱི་ནང་སེམས་སྒུལ་བའི་སྟོབས་ཤུགས་ཤིག་ཅིས་ཀྱང་ཡིན་འདུག་སྙམ། དེའི་སྟབས་ཀྱིས་ཕྱིས་སུ་ངས་ཁོང་ལ་ཁོང་གི་ངང་ཚུལ་བརྗོད་པའི་ཚིགས་སུ་བཅད་པ་ཐུང་ངུ་ཞིག་ཀྱང་འབྲི་དགོས་བྱུང་སོང་། དེ་ནི།
ཡོ༵ན་ཏ༵ན་ཡིད་འོང་ཤེས་རབ་དཔལ། །
རི༵ན་ཆེ༵ན་རི་བོ་དང་མཉམ་པ། །
ངུར་སྨྲིག་མདངས་མཛེས་དབྱངས་རྟ་པ། །
ཆོས་ཀྱི་པི་ཝང་ཁྱོད་ཉིད་མཛེས། །
འདོན་རྟ་ངག་ལ་རང་དབང་འབྱོར། །
གསུང་རབ་གྱེར་ལ་དྲུག་ཅུ་རྫོགས། །
སྨོན་ལམ་ལས་བྱེད་ཆོ་ག་མཁན། །
དབེན་པའི་འཇོལ་མོ་ཁྱོད་ཉིད་མཛེས། །
གང་གི་ལྗགས་ཀྱི་སྤྲུལ་པ་ལས། །
ཚོགས་སུ་དབྱངས་ཀྱི་བྱིན་རླབས་འཇོ། །
སྡེ་སྣོད་གསེར་འབྲུའི་གཤོག་ཡ་མཁན། །
ངག་གི་ལྷ་ལྡན་ཁྱོད་ཉིད་མཛེས། །
བློ་གྲོས་རིག་པའི་རྩལ་ཁ་ཡངས། །
ཀུ་རེ་ཞལ་བདེས་གཞན་ཡིད་གསོ། །
གྲོགས་ལ་འཛུན་དཀར་ཡི་གེ་མཁན། །
ཚིག་གི་རྒྱན་ལྡན་ཁྱོད་ཉིད་མཛེས། །
བྱ་བ་ལས་ཀྱི་འཁོར་ལོ་ཆེར། །
ལྷག་བསམ་ས་ཡི་སྨྱུག་དཀར་གྱིས། །
བསྟན་ལ་སྲི་ཞུའི་རི་མོ་མཁན། །
མི་དལ་ངལ་བ་ཁྱོད་ཉིད་མཛེས། ། ཞེས་པའོ། །
  གང་ལྟར་ཁོང་ལ་འདུས་པ་རྒྱ་མཚོའི་གྲལ་དབུས་ནས་ཆོ་གའི་དབུ་མཛད་གནང་སྐབས་ཐམས་ཅད་དང་བ་གསོ་བའི་གསུང་ངག་སྙན་མོ་ཞིག་ཡོད།
  ལོ་སྔ་མའི་སྔ་མ་ཞིག་ལ་ཁོའི་མ་ཡུམ་སྙུན་གཞི་ལྕི་མོ་ཞིག་ལས་མ་ཐར་བར་འཇིག་རྟེན་ཕྱི་མའི་ཡུལ་ལ་གཤེགས་སོང་། དེ་དུས་ཁོའི་སེམས་ཀྱི་མུན་པ་ལྕི་མོ་དེ་ང་ཚོས་མཐོང་ཐམས་བྲལ་ཞིང་། ཁོའི་མིག་ཆུ་ག་ཚོད་ཅིག་ཁོད་དུ་མེད་པའང་ང་ཚོས་ཇི་ལྟར་ཤེས། གདུང་སེམས་མཉམ་བསྐྱེད་ཡིན་ཁུལ་གྱིས་ང་རང་ཁོང་ཚང་ལ་བཅར་དུས། ཁོས་མ་འདས་མོའི་དགེ་རྩའི་ཆེད་དུ་ཐར་མདོ་བརྒྱ་ཚར་ལ་འབད་བཞིན་འདུག དོན་དུ་ང་གཉིས་ཕན་ཚུན་ཆུང་ནས་འདྲིས་ཤིང་འགྲོག་པའི་སྤུན་ཟླ་ཡིན་ཡང་། ངས་ཁོང་གི་དཀའ་སྡུག་སེལ་བའི་བྱ་བ་ཅི་ཡང་མ་ཐོན། ངས་རོགས་ཐོན་པ་ནི་ཐར་མདོ་ཚར་ཁ་ཤས་འདོན་རོགས་བྱས་པ་དང་། སྭ་ཙྪ་རེ་འགའ་རི་ལ་སྐྱེལ་རོགས་བྱས་པ་ཙམ་ཡིན། ཉེ་འབྲེལ་ཉེ་འབྲེལ་ཟེར་ཡང་ང་ཚོས་རོགས་བྱ་ཐུབ་པ་ནི“ཁ་སྟོང་པའི་སེམས་གསོ་ཙམ་དང་ལག་སྟོང་པའི་ཕྱག་རྒྱ”ཙམ་ལས། ཕ་མ་ཁ་བྲལ་གྱི་བུ་ཚའི་སྐྱོ་སྡུག་དེ་དག་མ་གཞི་ནས་མི་མང་རུབ་ཏེ་མེད་པར་བཟོ་ཐུབ་པ་དེ་འདྲའང་ཡིན་བཟོ་མི་འདུག་ཨང་།
  ཉིན་འདི་ཚོར་ཁོས་ས་ནག་པོ་འདོམ་ལ་འཇལ་བཞིན་དབུས་ཉི་མ་ལྷ་སར་ཕྱག་འཚལ་གྱི་འགྲུལ་བཞུད་བྱེད་བཞིན་ཡོད། ད་ཐེངས་ནི་ཁོས་ཕ་ཡུལ་ནས་ལྷ་ལྡན་ཇོ་བོའི་མདུན་དུ་ཕྱག་འཚལ་ཡོང་ཐེངས་གཉིས་གྲུབ་རྗེས། སླར་ཡང་དཔལ་དྭགས་ལྷ་སྒམ་པོ་ནས་ལྷ་ལྡན་དུ་འཕྱག་འཚལ་ཡོང་བ་སྟེ། འཕྱག་འཚལ་གྱི་འགྲུལ་བཞུད་གསུམ་པ་དེ་རེད། ཉིན་ཤས་སྔོན་ཁོས་གྲོགས་ཚོམས་སུ“ཤི་བསོན་ཨ་མ་གཉིས་གཙོས་པའི་རིགས་དྲུག་སེམས་ཅན་ཐམས་ཅད་གྱི་དོན་དུ་མ་ཡི་སྐུ་རུས་སྭ་ཙྪ་འདི་རྒྱབ་ཏུ་ཁུར་ཏེ་དྭགས་པོ་བཀའ་བརྒྱུད་ཡོངས་ཀྱི་ཆུ་མགོ་ཤར་དྭགས་ལྷ་དགོན་པ་ནས་དབུ་བཟུང་། བཀའ་བརྒྱུད་ཆུང་བརྒྱད་གྱི་ཆུ་མགོ་ཀུན་བཟང་ནགས་ཁྲོད་རྒྱུད། མ་ཅིག་ལབ་སྒྲོན་གྱི་གདན་ས་ཟངས་རི་ཁ་དམར་དགོན། རི་བོ་དགེ་ལྡན་པའི་གདན་ས་གཙོ་བོ་རྗེ་རིན་པོ་ཆེས་མའི་དྲིན་ལན་འཇལ་ཆེད་དུ་སྐུ་ཕྱག་འབུམ་སུམ་ཅུ་སོ་ལྔ་འབུལ་ས་འོལ་ཁ་ཆོས་ལུང་བཅས་གནས་དང་གདན་ས་གཙོ་བོ་དག་དམིགས་ནས་དབུས་ལྷ་ལྡན་གྱི་ཇོ་བོའི་སྐུ་མདུན་དུ་བརྐྱངས་ཕྱག་འབུལ་རྒྱུ”ཞེས་བཀོད་ཅིང་ཁོ་རང་འཕྱག་འཚལ་ཡོང་བཞིན་པའི་བརྙན་ཐུང་ཞིག་ཀྱང་བཞག་འདུག ཁོས་མ་ཡི་སྐུ་རུས་ཐོགས་ནས་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒྲིབ་སྦྱོང་བྱེད་བཞིན་པ་མཐོང་དུས། ང་རང་ཕྱོགས་གཅིག་ནས་ཁོང་གི་ལུས་འདོམ་གང་ས་རྡོར་སྟིམ་ནས་རྣམ་དཀར་ལ་འབུང་སྟངས་དེར་ཧ་ལས་ཤིང་། ཡང་ཕྱོགས་གཞན་ཞིག་ནས་ཁོ་རང་མ་དྲིན་མོ་འདས་པའི་སྐྱོ་སྡུག་སྙིང་ལ་ཐོགས་ཡོད་ངེས་སྙམ་པའི་སེམས་པ་སྐྱོ་ལྷང་ངེ་བ་ཞིག་ལ་ལྷུང་སོང་། དེ་ནི་ང་གཉིས་ཆུང་ནས་འདྲིས་ཤིས་བརྩེ་བའི་སེམས་པ་སྙི་མོ་དེ་ཕན་ཚུན་འཐམ་འཁྱུད་ཅིག་བྱས་ཤིང་། ཁོའི་སེམས་ཀྱི་སྡུག་བསྔལ་ཆ་ཤས་ཤིག་ང་ཡིས་ལེན་ཐུབ་པ་ལྟར་སྣང་། དེ་དང་འབྲེལ་ནས་ང་གཉིས་ཀྱི་འདས་དོན་མང་པོ་ཞིག་ཀྱང་ངའི་སེམས་སུ་ཝེལ་ཝེལ་དུ་འཆར་བྱུང་། དེའང་བྱིས་དུས་དང་འབྲེལ་ཡོང་བ་ཞིག་རེད།

  དྲང་མོ་བཤད་ན། སློབ་གྲྭ་མ་ཕྱིན་པའི་སྔ་རོལ་དུ་ང་གཉིས་ཆ་འགྲོ་མཉམ་འདུག་གི་རྐང་རོགས་ལག་རོགས་ཤིག་ཡིན་མོད། དེ་དུས་ང་གཉིས་དང་མཉམ་དུ་ཨ་ཁུའི་བུ་པད་རྒྱལ་ལགས་ཀྱང་ཡོད་པས། ཁོ་གཉིས་ངན་རོགས་སྦྲེལ་ཏེ་ང་ཚོའི་བར་རྟག་པར་ཁ་རྩོད་བྱེད་ཅིང་དེ་ཙམ་མཐུན་པོ་ཞིག་མིན། རྩོད་གཞི་ནི་ཆོ་མེད་པ་རྐྱང་རྐྱང་སྟེ། ངེད་ཚང་ལ་འབྲུ་དོ་བོ་ག་ཚོད་ག་ཚོད་ཅིག་ཡོད་ཀྱང་། ཁྱེད་ཚང་ལ་དེ་མེད། ངེད་ཚང་ལ་ནོར་ལུག་གྲངས་ཀ་ག་ཚོད་ག་ཚོད་འགའ་ཡོད་ཀྱང་། ཁྱེད་ཚང་ལ་དེ་མེད་ཟེར་ཞིང་། ད་དུང་ཟོག་གི་དཔུ་རིས་ཁ་དོག་ཡན་བརྩད་ནས། ངེད་ཚང་ལ་ནོར་ཁྲ་བོ་དང་། ཁམ་པ། དཀར་པོ། ཨ་ཡུ་སོགས་ག་རེ་ག་རེ་འགའ་ཡོད་ཀྱང་ཁྱེད་ཚང་ལ་དེ་དང་དེ་དག་མེད་ཅེས་ད་ལྟ་བསམས་ན། དགོད་བྲོ་བའི་རྩོད་པ་འདྲ་མིན་སྣ་ཚོགས་བརྒྱབ་ནས་ང་ཚོའི་བར་ཆ་འགྲོ་མཉམ་འདུག་ཡིན་ཡང་མཐུན་ལམ་དེ་ཙམ་མི་ཡོང་། དེ་དུས་ཨ་ཁུའི་བུ་པད་རྒྱལ་དང་ཁོ་གཉིས་མཐུན་སྡེབ་བྱས་ཏེ་ང་རང་ངུ་འཆོར་དགོས་པའང་ཐེངས་མང་ཙམ་བྱུང་མྱོང་།
  ཕྱིས་སུ་ངས་གནས་ཚུལ་དེ་ཕུ་བོ་ཟླ་རྡོར་ལ་གསལ་བཤད་བྱེད་དུས། ཕུ་བོས“འགྲོ། ང་གཉིས་སོང་ནས་ཁོ་གཉིས་རོ་འདྲ་ཞིག་རྡུངས”ཟེར།
  དེ་སྐབས་ནི་ཕལ་ཆེར་ཕྱི་དྲོ་ཞིག་ལ་ཡིན་པ་ཡོད། ཕུ་བོ་ང་གཉིས་ཁོང་ཚང་གི་བེའུ་འདེད་སའི་ཁ་ཕྱོགས་ལ་གཟས་ཏེ་ཕྱིན་པས། ཆུ་འགྲམ་ཞིག་ལ་ཐོན་དུས་ཨ་ཁུའི་བུ་པད་རྒྱལ་ལགས་ཐུག་བྱུང་། ཕུ་བོ་ང་གཉིས་ཉིས་རུབ་བརྒྱབ་ཏེ་ཁོ་གམ་གྱི་ཆུ་ནང་དུ་བཏབ། ད་དུང་ཁ་ངན་ཚིག་ངན་རྡོ་འཕེན་འཕེན་བྱས་ཀྱང་ཁོས་ལན་མི་ལྡོན་པའི་ཁར་ཅུང་ཙམ་ནས་མིག་ཆུ་ལོ་ཟིལ་ལྟར་བཞུར་བྱུང་བས། མཐར་ཕུ་བོ་ང་གཉིས་དོན་གལ་ཆེན་ཞིག་འགྲུབ་སོང་བ་ལྟར། དགའ་སྤྲོའི་འཛུམ་མདངས་ངོམ་བཞིན་ཕྱིར་རང་ཁྱིམ་དུ་ལོག་ཕྱིན་པ་ཡིན། པད་རྒྱལ་ཆུ་འགྲམ་དེར་ཐོ་ཡོར་ཞིག་ལྟར་འགྲེང་སྟེ་བསྡད་སོང་། ཁོས་ཅི་ཞིག་སེམས་བཞིན་ཡོད་དམ། ལམ་བར་དུ་ཕུ་བོས“ད་དུང་ཁོ་རོ་འདྲ་ཞིག་རྡུང་ཨང་”ཟེར། ཐེངས་འདིར་ཕུ་བོས་ཁོ་ཟེར་ས་ནི། ངས་ཐེངས་འདིའི་འབྲི་གཞིར་གྱུར་པའི་སྤུན་ཟླ་ཡོན་ཏན་རིན་ཆེན་ལགས་ཡིན་པ་ལས་པད་རྒྱལ་མ་རེད། ངས་ཧ་ཅང་འཐད་པའི་ཚུལ་གྱིས“ཡ་ཡ”ཞེས་ལན་བཏབ་པ་ཡིན། ཡོན་ཏན་རིན་ཆེན། མིང་འདི་ནི་ཁོ་རབ་བྱུང་རྗེས་ཀྱི་ཆོས་མིང་རེད། དེའི་སྔོན་དུ་ཁོ་ལ་བསྟན་འཛིན་རྣམ་རྒྱལ་དུ་འབོད།
  ང་ཡང་མི་གཤིས་ཡག་ཅིག་ག་ལ་ཡིན་སྟེ། ཉིན་ཞིག་རང་གཅིག་པུ་སྡེ་འདབས་ཀྱི་ཁུག་པ་ཞིག་ཏུ་ཤ་མོང་བཏུ་རུ་འགྲོ་སྐབས་ཕ་བོང་ཞིག་གི་གམ་ནས་ངས་ཤོག་བུ་ལྟེབ་ཆགས་བྱས་པ་ཞིག་རྙེད་བྱུང་། ཤོག་བུའི་ལྟེབ་འབྱེད་དུས། ནང་དུ་སྒོར་ལྔ་ལོར་ཞིག་དང་ཁེར་ལོར་ཞིག་བཅུག་འདུག སྒོར་མོ་ལག་ལ་རེག་མ་མྱོང་བའི་བྱིས་པ་ཞིག་ལ་མཚོན་ན། དེ་ནི་བསམ་ཡུལ་ལས་འདས་པའི་སྤྲོ་སྤྱད་ཅིག་མིན་ནམ། ང་རང་དགའ་བ་འབུམ་གྱིས་མྱོས་ཏེ་རྐང་འཁྲབ་ལག་འཁྲབ་བྱེད་བཞིན་ནང་དུ་ལོག་ཕྱིན་པ་ཡིན། ཉིས་ཤས་རྗེས་ཡོན་ཏན་རིན་ཆེན་ང་གཉིས་བེའུའི་རྫི་བོར་མཉམ་དུ་ཁེལ། སྐད་ཆ་ཇི་ལྟར་གྱར་སོང་བ་མ་ཤེས་མོད། ངས་སྒོར་མོ་རྙེད་པའི་དོན་དེ་ཁོས་ཤེས་འདུག་པ་མ་ཟད་སྒོར་དེ་ཁོ་རང་གིས་བོར་བ་ཡིན་འདུག་པས། དེ་ཉིན་ཁོས“མཐེ་བོང་ར་རྔ་ཙོག་ཙོག”བྱས་ནས། དེ་ཚུར་སྤྲད་རོགས་ཞེས་རེ་བ་ཇི་ལྟར་བཅོལ་ཡང་ངས་ཁ་ཅི་ཡ་མ་བྱས། ཕྱིས་སུ་ཡང་ངས་ཁོའི་ལྐོག་ཉར་བྱས་པའི་སྒོར་མོ་ཁོ་ལ་མ་སྤྲད་པ་རེད།

  དེ་རྗེས་སྤྱི་ཚོགས་སློབ་གསོའི་དྲ་རྒྱ་ཡིས་ཡང་བསྐྱར་ང་གཉིས་མཉམ་དུ་སྦྲེལ་སོང་། ཉིན་ཞིག་ང་ཞང་པོ་ཚང་ལ་ཕྱིན་དུས། ཁོ་རང་སློབ་གྲྭར་ཕྱིན་ནས་གཟའ་ཁོར་ངལ་གསོ་ཁེལ་ཏེ་ཁྱིམ་དུ་ལོག་འདུག ཁོ་ནི་ངའི་ཞང་པོའི་བུ་འབྲིང་བ་རེད། ཁོས་འབྲི་དེབ་ཆེན་པོ་ཞིག་ང་ལ་བསྟན་སོང་བས། དེའི་ངོས་སུ་ཁོས་ཀ་སྨད་ཚུགས་རིང་ཚར་མང་པོ་ཞིག་བྲིས་འདུག་པ་མཐོང་བས་ང་རང་ཧ་ལས་སུ་བཅུག་བྱུང་། བདུན་ཕྲག་གཅིག དུས་ཡུན་ཐུང་ཐུང་དེ་འདྲ་ཞིག་གི་ནང་དུ་ཡིག་གཟུགས་ལེགས་པོ་འདི་འདྲ་ལོབ་རྒྱུ་ཡོད་ན། ངའང་མྱུར་དུ་སློབ་གྲྭར་འགྲོ་ཐུབ་ན་སྙམ། དོན་དུ་ངས་བྲིས་ཀྱི་བཟང་ངན་ཅི་ཡང་ཤེས་མི་སྲིད་ཀྱང་། རང་གི་མཐོང་སྣང་ལ་ཁོའི་ཡིག་གཟུགས་ནི་བྲིས་པ་ཚད་ལྡན་ཞིག་གི་ཕྱག་ཡིག་ལྟར་ཧ་ཅང་ཡག་སྣང་བྱུང་། སྟབས་ལེགས་པ་ཞིག་ལ་རྗེས་མའི་གཟའ་ཁོར་ནང་ངའང་སློབ་གྲྭར་ཞུགས་ཐུབ་སོང་བས། ཉིན་དེ་ནས་ང་གཉིས་རྫི་རོགས་ནས་སློབ་གྲོགས་སུ་གྱུར་སོང་བ་རེད།
  སློབ་ཆུང་ལོ་རིམ་དྲུག་རིམ་བརྒྱུད་ཀྱི་ནང་དུའང་ང་གཉིས་ནི། ལུས་དང་གྲིབ་མ་བཞིན་འགྲོག་དགོས་པའི་སློབ་གྲོགས་དང་སྤུན་ཟླ་གཅིག་ལྕོགས་སུ་གྱུར་ཏེ། སློབ་ཁང་དང་། ཉལ་ཁང་། ཐ་ན་ཉལ་ཁྲིའང་མཉམ་གཤིབ་བྱས་ཏེ་ལོ་ངོ་ཧྲིལ་པོ་དྲུག་ལ་འཚོ་བ་མཉམ་དུ་རོལ། ཁོ་ནི་ཧ་ལས་པའི་མི་རྣམ་དཔྱོད་ཅན་ཞིག་ཡིན་ཞིང་། ང་རང་ཁོ་དང་མཉམ་དུ་སློབ་སྦྱོང་བྱ་རྒྱུ་དེ། ངོ་མ་རྟ་དང་བོང་བུ་མཉམ་དུ་གཤིབ་པ་རང་ཟེར་ཆོག ཁོས་མི་ཤེས་དགུ་ཤེས་ཀྱི་ཤེས་རབ་མྱུར་མོ་དེ་དང་། གང་ལའང་མ་སྦྱངས་བྱང་མ་འདྲ་བའི་རྣམ་རིག་གིས་ནམ་ཡིན་ཡང་འཛིན་གྲྭ་ཧྲིལ་པོའི་སློབ་མའི་གྲལ་སྔུན་དུ་མཆོངས་ཡོང་། ད་དུང་ཁོ་རང་ཨ་མའི་པང་ནས་ལྷན་སྐྱེས་སུ་འབྱར་བའི་ཁ་མཁས་ལྕེ་བདེ་དེ་དང་། གཞན་ལ་བྱུང་རྒྱལ་དུ་མིང་འདོགས་བྱེད་པའི་ཐབས་རྩལ་དེ་འདྲ། དེ་དུས་སློབ་མ་གཞན་སུ་ལའང་མེད་པའི་ཁོ་རང་སྒེར་གྱི་ཁྱད་གཤིས་ལྟ་བུ་ཞིག་རེད། ཁོས། འཛིན་རིམ་འོག་མའི་སློབ་ཕྲུག་བུ་ཆུང་ཞེས་པ་ངོ་དབྱིབས་གོར་གོར། དུས་རྒྱུན་བཞིན་ལ་སྣུམ་བྱུག་ནས་བྱད་བཞིན་འོག་ཧྲིག་ཧྲིག་ཅན་དེར“ཤེལ་ཏོག”ཅེས་བཏགས་པར། ཕྱིས་མཚང་མིང་དེ་ཁོའི་དངོས་མིང་ལྟར་གྱུར་ཏེ་ཡུལ་མི་ཚོས་ད་ལྟའང་ཁོ་ལ་དེ་ལྟར་འབོད་ཀྱིན་ཡོད་སྐད། དེ་བཞིན། ང་ཚོ་དང་འཛིན་གྲྭ་གཅིག་པའི་སློབ་གྲོགས་དཔྲལ་བར་རྨ་ཤུར་ཐུར་བབ་ཅན་ཞིག་ཡོད་པར། ཁོས་དེ་ལ་རྒྱ་ཡིག་འབྲི་ཀློག་གི་སྨྱུག་རིམ་ལྟར་དུ“shu”ཅེས་བཏགས་པས། ཕྱིས་སློབ་གྲོགས་དེའི་མཚང་མིང་གོ་བ་ཙམ་གྱིས་ཁོའི་བཞིན་གྱི་རྨ་ཤུལ་གཟུགས་ཅན་བཞིན་ཤར་ཡོང་བ་དེ་འདྲ་ཡང་བཟོས།
  འོན་ཏེ་ཁོས་གཞན་ལ་མཚང་མིང་འདོག་རྒྱུ་དེ་ཁོ་རང་གི་སྐྱོན་མཚང་དུ་བགྲང་རུང་ཡང་། དང་ནས་ཁོ་རང་གཞན་དང་མི་མཚུངས་པའི་མི་དྲན་དགུ་དྲན་ཞིག་དང་། གཞན་གྱིས་མི་དཔོག་པའི་མི་ཤེས་དགུ་ཤེས་ཅན་ཞིག་ཡིན་པས། ཁོའི་དྲན་འཕྲུལ་འདྲ་མིན་དང་སྤྱོད་ལམ་འཚབ་འཚུབ་དེས་སྐབས་རེར་དགེ་སློབ་ཀུན་ཡ་མཚན་དགོས་པ་དེ་འདྲ་རྐྱང་བཟོ་ངེས་རེད། འོན་ཏེ་ཁོ་ལ་སྐྱོན་ཆ་ཆེན་པོ་གཅིག་བགྲང་དུ་ཡོད་པ་ནི། ཁོ་རང་ལྷན་སྐྱེས་རིག་ཡག་ཅིག་ཡིན་ཡང་སློབ་ལ་བརྩོན་པ་ཅི་ཡང་མི་བྱེད་པ་ཞིག་ཡིན། ཞོགས་པའི་བསྐྱར་སྦྱོང་གི་བརྡ་གཏོང་སྐབས། ང་ཚོ་ཚང་མ་ཡར་ལངས་རྗེས་ཁོས་མར་ཉལ་འགྲོ་བ་མ་ཟད། ང་ཚོའི་ཉལ་ཁེབ་ཐམས་ཅད་ཀྱང་ཁོ་རང་གི་ཐོག་ཏུ་སྤུངས་དགོས། དེའང་ཁོའི་དྲན་འཕྲུལ་ཞིག་ཏེ། དགེ་རྒན་ཉལ་ཁང་དུ་ཡོང་ན་ཁོ་ཉལ་ཡོད་པ་མི་ཚོར་བའི་ཆེད་དུ་རེད། ཡིན་ཡང་ཡིག་རྒྱུག་སྐབས་ཁོས་ནམ་ཡང་སྔོན་གྱི་ཨང་རིམ་གསུམ་པར་མ་ཚུད་པ་ཞིག་ཕལ་ཆེར་མེད་ཚོད་ཡིན།

  འདས་པའི་དོན་དག་དེ་ཚོ་ཞེ་ལ་འཁོར་ཐེངས་རེར། ང་རང་སླར་ཡང་ཁོ་དང་མཉམ་དུ་བྱིས་དུས་ཀྱི་འཇིག་རྟེན་ཉམས་དགའ་བ་དེར་ཞུགས་འགྲོ་ཞིང་། སྐབས་དེའི་ཁོའི་པྲ་ཚག་གི་བྱ་བྱེད་ཐམས་ཅད་ང་གཉིས་ཀྱི་ད་ལྟའི་བརྩེ་སེམས་ཉག་ཅིག་ཏུ་འགྱུར་བཞིན་མཆིས། གལ་ཏེ་སློབ་ཆུང་ལོ་ངོ་ཧྲིལ་པོ་དྲུག་གི་རིང་ང་ལ་བློ་གཏད་རུང་བའི་མི་དང་སྐྱིད་སྡུག་སྐྱོར་བའི་གྲོགས་ཞིག་མཚན་གཞིར་བཟུང་དགོས་ཚེ། དེའང་ཁོ་ལས་གཞན་སུའང་མ་མཆིས་པས། སྐབས་རེ་ང་རང་ཁེར་རྐྱང་དུ་ཁོ་རང་དྲན་དགོས་པ་འདིའང་ཆུང་ནས་འདྲིས་ཤིང་འགྲོགས་པའི་གནས་ཚུལ་དེ་དག་དང་འབྲེལ་བ་ཡོད་པ་གསལ་པོ་ཤེས་ཡོང་།
  ང་གཉིས་སློབ་ཆུང་ཐོན་རྗེས་མི་རིང་བར་ཁོ་རང་རབ་ཏུ་བྱུང་སོང་། ད་ལྟ་ཁོས་རང་དགོན་གྱི་འབུ་མཛད་དང་དོ་དམ་གྱི་འགན་གཅིག་ལྕོགས་བྱེད་བཞིན་ཡོད། ཁོས་ཆོས་ཀྱི་མཆེད་པོ་ཚོ་དང་ལྷན་དུ་དགོན་ཁྲ་མོ་ཞིག་བསྐྱར་བཞེངས་མཛད་ཅིང་། འདུས་པ་རྒྱ་མཚོའི་གྲལ་མགོ་ནས་སྙན་ལྷང་གསུང་གི་ང་རོ་དེས། སྐྱེ་བོ་གྲངས་མེད་ཅིག་གི་སེམས་ལ་ཞི་བ་དང་རྣ་ལ་བུ་རམ་བྱིན་མྱོང་བར་ཐེ་ཚོམ་མེད། ང་རང་ཡང་ཁོའི་ཞི་ཁྲོ་དང་ཞིང་སྒྲུབ་ཀྱི་ཆོ་ག་སྙམ་མོ་དེས། ཟེར་མི་ཤེས་པའི་ཞི་འབྱིངས་འཇམས་ཀླས་པ་ཞིག་ལ་ཐེངས་ཁ་ཤས་ཁྲིད་མྱོང་བས། སྐབས་རེར་སྙན་ངག་ཅེས་པ་དེའང་དོན་དམར་དམར་ཞིག་གཞན་ངོར་འབྲི་རྒྱུ་རང་མིན་པར་དབྱངས་རྟ་ཡིད་དུ་འོང་བ་ཞིག་མི་སེམས་ཀྱི་ཟབ་སར་འཇོག་ཐུབ་པ་ཞིག་ལ་གོའམ་སྙམ་ལ། དེ་ནི་རྒྱ་རིགས་རྩོམ་པ་པོ་ཕིན་ཁྲིན་གྱིས“ཀློག་འདོན་ཁྲོད་དུ། ང་ཚོའི་མིག་ཟུང་ཕྱེ་བ་དང་བྱ་དངོས་མཐོང་། འཚོ་བར་རྒྱུས་ལོང་བྱུང་། ཚེ་སྲོག་གི་བདེན་པ་རྙེད”ཅེས་པ་ལྟར་ཡིན་པར་གོ་ཡོང་།
  སྤྱིར་འཇིག་རྟེན་ཐམས་ཅད་དབང་ཐང་དང་། བྱས་པ། སྙན་གྲགས། གནས་ལུགས་སོགས་ཀྱི་བསླུ་བྲིད་ཆེན་པོ་ཞིག་གིས་ཡང་ཡང་འསྡམས་འགྲོ་ཞིང་། རང་ཡང་བསླུ་བྲིད་དེའི་རྒྱ་ལས་ཐར་མ་ཐུབ་པ་ཞིག་ཡིན་པས། ངས་ནམ་ཡང་ཆེ་ས་གཉེན་ས་ཞིག་དང་། གནས་ལུགས་གྲུབ་འབྲས་ཤིག་ཁོ་ནས་འཇིག་རྟེན་ལ་བལྟས་འདུག་པས། རང་ཉིད་དང་ཉེ་བར་བཅར་བའི་དངོས་པོ་མང་པོ་ཞིང་མཐོང་མ་ཐུབ་པ་ལྟར། ངས་སྤུན་ཉེ་ཁོང་ལའང་ད་བར་ལྟ་སྟངས་དམིགས་བསལ་བ་ཅི་ཡང་འཛིན་མ་ཐུབ། ད་ལྟ་བསམ་དུས། ངའི་ཆུང་ནས་འདྲིས་པའི་མཆེད་པོ་ཁོང་གིས་ཧ་ཅང་དཀྱུས་མའི་ངང་ནས་བྱ་བ་མང་པོ་ཞིག་བྱས་ཤིང་། སོ་སོའི་ནུས་པ་དང་ལང་ཕྱོགས་མཚམས་པའི་སྐུ་ཚེགས་སྐྱོང་སྟངས་དེས། ང་རང་རིམ་བཞིན་ཁོང་ལ་ཡིད་སྨོན་གོང་བཀུར་བྱ་དགོས་པའི་གནས་སུ་ཁྲིད་འགྲོ།
  རེད་ཨང་། གལ་ཏེ་མི་ཞིག་གི་ཚད་གཞི་ཡོད་ཚད་ཤེས་ཡོན་རྒན་པོའི་ངག་ལྟར་ཤེས་བྱ་སྐམ་པོ་ཞིག་ཁོ་ནས་འཇལ་དགོས་ཚེ་ཁོ་རང་ཤེས་བྱའི་གན་མཛོད་ཅིག་རེད་ཅེས་སྨྲ་མི་ཐུབ་ལ། དེ་བཞིན་མི་ཞིག་གི་ལྕི་ཡང་ཡོད་ཚད་སྟོབས་འབྱོར་འབང་གྲགས་ཀྱིས་གཞལ་དགོས་པར་འདོད་ན། ཁོ་རང་མི་སྣ་ཕལ་པ་ཕལ་ནག་ཅིག་ལས་འདི་རེད་ཅེས་པའི་འཕྱར་རྒྱུ་ངོམ་རྒྱུ་གང་ཡང་མེད་ངེས། ཏག་ཏག་ཁོང་ནི་ཧ་ཅང་དཀྱུས་མ་དང་ཕལ་པའི་ཁྲོད་ནས་མི་ཚེ་ཆོས་ཕྱོགས་ལ་གཞོལ་ཞིང་། ཉམ་ཆུང་དད་འདུན་གྱིས་འཚོ་བའི་སྐྱེ་བོ་རང་ག་བ་ཞིག་ཡིན། འོན་ཏེ། ཁོང་ལ་ཕལ་པའི་ཁྲོད་ནས་ཕལ་པ་མ་ཡིན་པའི་ཤེས་རབ་ཅིག་དང་། དཀྱུས་མའི་ཁྲོད་ནས་དཀྱུས་མ་མ་ཡིན་པའི་ཡོན་ཏན་རེ་དང་ནས་འཛོམས་ཡོད་པ་སུ་ཡིས་ཚོར་རམ། ཐ་ན་ཆུང་ནས་འདྲིས་རྒྱུས་ཟབ་པའི་རང་གིས་ཀྱང་ད་བར་ཅི་ཡང་མ་ཚོར་མ་ཤེས་པ་ལྟར་ལུས་སོང་། ད་བྱས་དུས། དེ་ནི་ཉེ་ཆེ་ན་མིག་གིས་རྫི་མ་མི་མཐོང་ཟེར་བ་རང་རེད་འདུག་སྙམ།



玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章