སྙིང་ཉེ་བའི་གུ་གེ། སྙན་ངག གདུ་བུ།

民生   2024-08-18 13:11   西藏  







སྙིང་ཉེ་བའི་གུ་གེ།


རྩོམ་པ་པོ། གདུ་བུ།



སྙིང་ཉེ་བའི་གུ་གེ།
ཁྱོད་ནི་ཐོག་མར་སྟོང་པ་ལས་གྲུབ་ཅིང་།
མཐའ་མ་ཡང་སྟོང་པ་ཞིག་གིས་བརླགས་འདུག

སྙིང་ཉེ་བའི་གུ་གེ།
ཁ་སང་ཁྱོད་ནི་རི་བོ་མང་པོའི་ཕ་རོལ་དུ་འདུག
དེ་རིང་ཁྱོད་ནི་སེམས་པ་གྲངས་མེད་ཀྱི་ཕྱི་རོལ་དུ་འདུག
འཁྱུག་ཙམ་བསྡད་ན་འདས་པ་དང་ད་ལྟ་མི་འདུག

སྙིང་ཉེ་བའི་གུ་གེ།
ཁྱོད་ཀྱི་ཕོར་བའི་ནང་དུ་མཚོན་ཆ་དང་ནམ་མཁའ་མི་འདུག
མེ་ཡིས་བཙོས་པའི་རྨི་ལམ་ཞིག་ལས།
གཞི་ནས་ཁྱོད་ཆགས་ཀྱིན་འདུག

སྙིང་ཉེ་བའི་གུ་གེ།
གློ་རྡེག་ཏུ་ས་ཆེན་གཡོས་བྱུང་།
ཁྱེད་ཀྱི་ལྗིད་ཁོག་ཨེ་རེད།
བདག་གི་རྣམ་ཤེས་ཡང་མོ་འདི་གང་དུ་འཕོ།

སྙིང་ཉེ་བའི་གུ་གེ།
དབྱར་དགུན་སྟོན་དཔྱིད་བཞི་ལས།
ཁྱོད་ནི་དགུན་གཞུང་གི་དུས་ཚོད་ཁོ་ནའི་ནང་དུ་སྐྱེས་འདུག
ཁྱོད་ལ་ཡན་ག་དང་འབྲས་བུ་མི་འདུག
སྡོང་པོ་དང་མེ་ཏོག་ཡོད་མེད་ཀྱང་མི་ཤེས།

སྙིང་ཉེ་བའི་གུ་གེ།
ཁྱོད་ནི་མཁར་མཐོ་ས་ཞིག་ལ་མི་འདུག
ས་དོང་ཞིག་གི་ཞེན་ཆགས་དང་གསང་བ་ཉར་ནས་བསྡད་བཞག

སྙིང་ཉེ་བའི་གུ་གེ།
མེ་ལོང་ནང་ཞི་རྒྱས་དབང་དྲག་གི་གཟུགས་བརྙན་མི་འདུག
མཚོ་མོའི་ནང་དུ་རལ་གྲི་དང་རྟ་དམག་མི་འདུག
དོན་དུ། ཁྱོད་ནི་མཚོ་མོ་མ་ཡིན་ལ་མེ་ལོང་ཡང་མ་རེད།

སྙིང་ཉེ་བའི་གུ་གེ།
ངོ་མ་བྱས་ན།
ཁྱོད་ཀྱི་གཟུགས་རིས་འདི་འཇིག་རྟེན་དུ་དོད་པ་ཞིག་མ་ཡིན་པར
འཇིག་རྟེན་ཧྲིལ་བོའི་གཟུགས་རིས་དེ་ཁྱོད་ཀྱི་ནང་དུ་དོད་འདུག

སྙིང་ཉེ་བའི་གུ་གེ།
ཁྱོད་ཀྱི་སྐྱེ་རབས་འདི།
ལྷ་ཚོགས་ཀྱིས་རྫུ་འཕྲུལ་སྐྱེས་པ་ཞིག་མ་རེད།
དམར་རྗེན་རྗེན་གྱི་མི་དག་གིས་བྲང་ཁ་སྦྱར་བ་ཞིག་རེད།
༡༠
སྙིང་ཉེ་བའི་གུ་གེ།
ཁྱོད་ཀྱི་ཁོག་པའི་ནང་དུ།
མགོ་བཏགས་ཞུས་ནས་སྐྱེ་བ་བླངས་པ་དེ་དག་ཤོང་མི་འདུག
དུས་མཐའ་ཤིག་ལ་སྨོན་ལམ་ལོག་ནས་རྩ་དོན་ཤོར་ཡང།
ཁྱོད་ཀྱི་སྲིད་ཞེང་གཉིས་ལ། སྡར་མ། ཁྲེལ་མེད། ངོ་ལོག བཅོས་མ་བཅས་ཡོད་ས་མ་རེད།

༢༠༢༤ ༠༧ ༡༩ཉིན་བྲིས།

༢༠༢༤ ༠༨ ༡༦ཉིན་བཅོས།


སྒྲིག་སྦྱོར་བ། རོང་པོ་རང་འཚོལ། 

玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章