རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
སྒེར་རྩེ་འབྲོག་མོ་ལས་འཕྲོས་པའི་གཏམ།
རྩོམ་པ་པོ། རོང་པོ་རང་འཚོལ།
མདང་ནུབ་རང་གི་ཁ་པར་བརྙན་རིས་ཡར་འདེད་མར་འདེད་ཀྱི་མཚམས་ཤིག་ནས་གླུ་དབྱངས་དེ་མ་བོས་མགྲོན་པོ་ཞིག་ལྟར་འཆར་ངོས་སུ་ལྷུང་བྱུང་བས་ཡང་ནས་བསྐྱར་དུ་ཚར་དུ་མ་ཉན་ཞིང་། གླུ་དབྱངས་དེ་ཁོ་ནས་ཀྱང་སེམས་ཀྱི་ཟབ་ས་གང་ཞིག་ནས་རང་ལ་བརྗོད་མི་ཤེས་པའི་བདེ་སྣང་དམིགས་བསལ་བ་ཞིག་བྱིན་བྱུང་། རེད་ཨང་། སྒྱུ་རྩལ་ཞེས་པ་ནི་ཤེས་བྱ་སྐམ་པོ་ཞིག་འགྲེལ་བྱེད་པ་དང་མི་འདྲའང་དེས་སྐྱེ་བོའི་ཚོགས་ལ་རང་བཞིན་གཤིས་ཀྱི་བག་ཆགས་དོང་ནས་དཀྲུགས་ཡོང་བ་མ་ཟད། མ་བཅོས་ལྷུན་གྱིས་གྲུབ་པའི་འཇིག་རྟེན་གྱི་མཛེས་པ་དག་ཀྱང་ཚོང་འདུས་ཀྱི་ནོར་རྫས་ལྟར་ཐང་མར་བརྡལ་ཡོང་།
དང་ནས་སྒྱུ་རྩལ་ཞེས་པ་ནི་གཞན་ལ་འདི་རུང་འདི་མི་རུང་ཞེས་བསླབ་བྱ་བྱེད་པ་དང་། གང་ལ་འདི་འགྲིག་དང་གན་མི་འགྲིག་ཅེས་དགག་བཞག་སྤྲོ་བ་སོགས་ཀྱི་སྤྲོས་པ་ཅི་ཡང་མེད་རུང་། དེས་མིའི་རིགས་ཀྱི་ལྷན་སྐྱེས་སམ་བག་ཆགས་གང་ཞིག་གི་མཛེས་རྟོག་རྨང་ནས་སད་པར་བྱེད་ཅིང་། སྐྱེ་བོ་ཐུན་མོང་ངམ་སྒེར་གྱི་ཚོར་རྟོག་རིམ་པར་ཚོན་ཏེ་ཀུན་གཞི་སེམས་ཀྱི་རོལ་དབྱངས་དཀྲོལ་ཐུབ་པ་མ་ཟད། དགའ་སྐྱོ་ནར་མར་གནས་པའི་རྐང་གཉིས་པ་ཚོར་གཅིག་དང་དུ་མའི་ཕྱོགས་ལ་ཉམ་ང་བའམ་བག་དྲོ་བའི་ས་ལམ་ཡུག་གཅིག་ཏུ་བསྲེ་འགྲོ།
ལར་གླུ་དབྱངས་སྒྱུ་རྩལ་ཞེས་པ་ནི་ཚིག་དོན་གདངས་དབྱངས་སྒྲ་རོལ་སོགས་སྣ་འདུས་ཉིང་ཁུལ་འཁྱིལ་བའི་མིའི་རིགས་ཀྱི་སྒྱུ་རྩལ་བྱེ་བྲག་པ་ཞིག་ཡིན་འདུག་ནའང་། འུ་ཅག་སྒོ་ལྔ་འདོད་ཡོན་ལ་འཁྲི་བའི་སྐྱེ་བོ་ཚོས་ད་དུང་རང་གི་ཉིན་རེའི་ཁ་ཟས་ལྟ་བུའི་ཁམས་ཟས་དེ་ཉིད་ལ་ལྟ་སྟངས་གང་འདྲ་ཞིག་བཟུང་ཡོད་དམ། ཕྱི་ཚུལ་ལྟར་ན་དངུལ་དངོས་དང་། ཟས་སྐོམ། གསེར་གཡུ་དང་། རྒྱན་གོས་ལྟ་བུ་དག་ལ་རིན་ཐང་དུ་ལྟ་བ་ལས་རི་མོ་དང་རོལ་མོ། རྩོམ་རིག་དང་རྩེད་བྲོ་ལྟ་བུ་དག་ནི་འཚོ་བའི་ཟུར་ག་གེ་མོ་ཞིག་ཏུ་འབུད་པ་ལས་དེ་ལ་དམིགས་བསལ་གྱི་འཛིན་སྟངས་ཞུགས་མི་སྲིད་པ་འདྲ། མ་མཐར་ཡང་རང་རེ་ཁ་བ་ཅན་གྱི་རྒྱལ་ཁམས་འདིར་ནི་གཞུང་ལུགས་ཆེན་པོའི་དག་གི་མངའ་ཐང་མངོན་པར་མཐོ་བས། ལྟ་གྲུབ་དང་རིགས་ལམ་རྐྱང་འདེད་ཀྱི་རྩ་བ་ཟུག་ཅིང་རྩེ་མོ་རྒྱས་དྲགས་པས་སམ། ཡང་ན་འདོད་ཡོན་རླུང་ལ་བསྐུར་དགོས་པའི་དགོངས་པ་གཏིང་ཟབ་དེས་སྐྱེ་བོའི་ཚོར་རྟོག་གི་འཇིག་རྟེན་དང་འཇིག་རྟེན་དེའི་མཁོ་དགུ་དག་ཅང་མེད་བཅོས་མའི་རིགས་ཤིག་ཏུ་འཛིན་བཞིན་མཆིས།
དེ་ལྟ་ནའང་། འུ་ཅག་ཇི་སྲིད་ཚེ་སྲོག་གི་རྒྱུ་བ་མ་ཆད་ཅིང་ཚོགས་དྲུག་གི་འདུ་བ་མ་ཡལ་བ་དེ་སྲིད་དུ། ཡང་ན་ཤ་ཁྲག་ཤུན་པའི་ཚོར་བ་མ་ཡལ་ཅིང་བདེ་སྡུག་དགའ་སྐྱོའི་སྣང་བ་མ་འགག་པ་དེ་སྲིད་དུ་སྒྱུ་རྩལ་ཞེས་པའི་ངོ་མཚར་སྒྱུ་མའི་རླབས་སྒྲ་དེའང་འཇགས་མི་སྲིད་ལ། དེ་ལྟའི་སྒྱུ་རྩལ་གྱི་དྭངས་མ་འབྱམས་སུ་ཀླས་པའི་ནང་སྙིང་དུ་རྐང་གཉིས་པ་ཚོ་ཁ་ཁོག་མི་མཚུངས་བཞིན་འཁོར་ལོ་གཅིག་ལ་འཁོར་དགོས་པའང་མངོན་སུམ་མིག་དང་མྱོང་བ་དཔེ་རུ་འདྲེན་ཐུབ་པ་ཞིག་ཅི་ལ་མིན།
འོན་ཏེ། སྒམ་བརླིང་བརྟན་གསུམ་ལ་དགྱེས་དྲགས་པའི་རང་ཅག་ཚོར། གང་ལའང་སྙིང་པོ་མེད་པར་སྨྲ་ཞིང་གང་ལའང་སྙིང་པོ་འཚོལ་དགོས་པའི་རང་རེ་ཚོར། ཆོས་ཉིད་བར་དོའི་སྣང་བ་འབའ་ཞིག་གིས་འདིར་སྣང་སྲིད་པའི་གྲོང་ཁྱེར་ལ་ཕྱི་མིག་ཙམ་ཡང་འཇོག་མི་མོས་པའི་འུ་ཅག་ཚོར། ངོ་མ་རང་གི་གཉུག་མ་རླུང་སེམས་ཀྱི་ངོ་བོ་ལའང་ངོ་ལོག་བྱེད་པའི་སྤོབས་པ་ཞིག་ཡོད་འདུག་སྙམ། བདག་ཀྱང་དེ་ལྟར་རང་ཡིན་ཏེ། དུས་རྒྱུན་ཁྲ་ཆུང་མིག་དང་། དར་ལུང་རྣ། ཡ་ཆུང་ཡིད་ཀྱི་ཡོལ་གོ་རུ་འཆར་ཚད་ལ་གང་ཞིག་རིན་ཐང་ལྡན་མིན་གྱི་ཚད་ཤིང་ཐོགས་ཤིང་། དེའང་གཞུང་ལུགས་གང་ཞིག་གི་ལྟ་གྲུབ་དང་གནས་ལུགས་ཅི་ཞིག་གི་ཁུང་བུ་རུ་གཞལ་ཅི་ཐུབ་བྱ་བ་ལས། རང་གི་སྒོ་ལྔའི་གྱང་ངོས་ལ་བཀལ་དང་འགེལ་བཞིན་པའི་ནོར་རྫས་དག་ནི་མཐོང་ཡང་མ་མཐོང་ཁུལ་གྱིས་བཅོས་གཏམ་སྨྲ་བ་ཞིག་ཏུ་འགྱུར་བཞིན་མཆིས།
དོན་དུ་འདས་པོ་བདུ་བྷེ་ལགས་ཀྱིས་རྒྱུད་མང་སྒྲ་སྙན་བཟུང་བ་ནས་བོད་ཀྱི་ནད་པ་རོལ་ཚོགས་ཀྱིས་དེང་རབ་རོལ་མོ་འཁྲོལ་བཞིན་པའི་བར་ཁོ་ནར་བསམས་ནའང་། སྐྱེ་བརྒྱུད་གཅིག་གི་རྣམ་ཤེས་ནི་ཚད་མཐོ་བའི་སྒྱུ་རྩལ་གྱི་རྒྱུད་སྐུད་ཅིག་ལ་འཁྲི་ཡོད་པ་སུ་ཡིས་མི་ཤེས། ལར་འདི་ནི་སྐད་ཆ་གཞན་པ་ཞིག་ལས་སྒྱུ་རྩལ་རང་ངོས་ཀྱི་གཏམ་དུ་རུང་བ་ཞིག་མ་ཡིན་ཏེ། སྒྱུ་རྩལ་རང་ངོས་ཀྱི་བདེན་དགེ་མཛེས་གསུམ་ཟེར་བ་ནི། མ་འདྲེས་མ་སྦགས་པར་གང་དེའི་ཆོས་ཉིད་ཀྱི་གཏིང་རིམ་ཟབ་ས་ཞིག་ན་མཐའ་མི་དཔོག་པའི་མཛེས་པ་གང་ཞིག་སྐུང་ཡོད་པ་དང་། དེ་ཉིད་ཉམས་སུ་མྱོང་བར་སྐྱེ་བོ་ཐུན་མོང་པའི་ནང་ཀུན་གཞིའི་འཇིག་རྟེན་གྱི་ཆ་ལུགས་གང་ཞིག་ནས་དབུ་བརྩམས་ཏེ་གླེང་དགོས་པ་ཞིག་ཡིན་འདུག་པས། དེ་ལ་ཡུལ་དུས་ཀྱི་བྱེ་བྲག་ཆེ་རུང་བ་ཞིག་གཞར་ཡང་ཡིན་མི་འདུག་སྙམ།
རེད་ཨང་། དོན་དུ་ཐེངས་འདིའི“ཨ་ཅེ་མགོ་ལ་གོན་པའི་ཚར་ཞྭ་དེ། །ཨ་ཅེ་མཆོར་འདོད་བྱས་ནས་གོན་ལེ་མིན། །གཅིག་དེ་ཨ་ཅེ་རང་གི་རྒྱན་ཆ་ཡིན། །གཉིས་དེ་སྒེར་རྩེ་འབྲོག་མོ་ཆ་ལུགས་རེད། ། ཨ་ཅེ་སྐེ་ལ་བཏགས་པའི་སྐེ་ཕྲུག་དེ། །ཨ་ཅེ་མཆོར་འདོད་བྱས་ནས་བཏགས་ལེ་མིན། ། གཅིག་དེ་ཨ་ཅེ་རང་གི་རྒྱན་ཆ་ཡིན། །གཉིས་དེ་སྒེར་རྩེ་འབྲོག་མོ་ཆ་ལུགས་རེད། ། ལུང་པ་ཆུང་ཆུང་ནང་ན་འབའ་ཞིག་ཕུབ། འབའ་ནག་གླིང་གཞི་ཡིན་པའི་འབའ་ཞིག་ཕུབ”ཅེས་པའི་གསར་འགྲེམ་གླུ་གཞས་དེ་ཁོ་ནར་ཡང་། ཉན་མཁན་ཁྲི་འབུམ་ལས་བརྒལ་ཅིང་། བརྒྱུད་སྐུར་མཁན་བརྒྱ་སྟོང་ལས་འདས་ཟིན་འདུག་པས། དེ་ཉིད་ཁོ་ནས་ཀྱང་སྒྱུ་རྩལ་ཟེར་བ་འཇིག་རྟེན་དུ་དར་ཞིང་གནས་པའི་ཉིང་དགོས་གྲུབ་ཟིན་པ་ཡིན་ནམ།
འདི་ནས་མཁས་མདོག་ཅིག་བཤད་ན། ད་ཐེངས“སྒེར་རྩེ་འབྲོག་མོ”ཞེས་པའི་གླུ་དབྱངས་འདི་ཉིད། བརྙལ་ལེན་སྒྲ་སྦྱོར་ཚིག་དོན་གདངས་དབྱངས་སོགས་གང་ས་ཅི་ཐད་ནས་གནའ་དེང་ལུགས་ཟུང་གི་བླང་དོར་ལེགས་པར་སྤྱད་ཅིང་། ཟབ་ནན་ཞིབ་ཚག་གི་བགྱི་བ་ལྷུར་བླངས་པ་མ་ཟད། བརྙན་ཤེལ་ནང་གི་འཁྲབ་སྟོན་པ་ཚོའི་རྒྱན་གོས་ཆ་ལུགས་ཐམས་ཅད་ཀྱང་སྐབས་བབས་ཀྱི་གླུ་དབྱངས་བརྗོད་སྙིང་དང་འབྲེལ་བའི་ཆ་དང་ཆ་ཤས་ཚགས་སུ་ཚུད་པར་བྱས་ཡོད་པ་ལྟར་སྣང་བས། འདི་དང་དེང་གི་སྨྱོན་པ་སྨྱོ་མ་ཚོའི་སྨྱོ་འཁྲབ་གཟའ་འཁྲབ་དང་སྨྱོ་ལས་གཟའ་ལས་དེ་ཚོ་ཉ་ཉུང་མཉམ་བསྲེས་ཀྱིས་བསྟན་པ་སྤྱིའི་མགོ་ལ་ལོག་སྤྱོད་བྱེ་བྲག་པའི་མཚང་བསྒོས་ཏེ་སྟིང་ཚིག་མི་སྨྲ་བར་ཞུ།
གང་ཡིན་མི་ཤེས་པ་ཞིག་ལ། ངས“སྒེར་རྩེ་འབྲོག་མོ”པའི་གླུ་དབྱངས་འདི་ཉན་ཞིང་ཉན་བཞིན་ཚོགས་གཏམ་ལྟ་བུའི་རྩོམ་ཐུང་ཞིག་འདི་ལྟར་ཐལ་སོང་། དོན་དུ་རྩོམ་ཐུང་འདི་ནི་ངས་མུན་ནག་མདའ་འཕེན་གྱིས“སྒེར་རྩེ་འབྲོག་མོ”ཞེས་པའི་གླུ་དབྱངས་སྒྱུ་རྩལ་ལ་དཔྱད་འཇོག་བྱ་འདོད་པ་མ་ཡིན་ལ། དེ་བས་གླུ་དབྱངས་སྒྱུ་རྩལ་གྱི་རང་བཞིན་ཆེ་བ་གང་ཞིག་གླེང་འདོད་པ་ཡང་མ་ཡིན་མོད། “ཨ་ཅེ་སྐེ་ལ་བཏགས་པའི་དུང་ཆུང་དེ། །ཨ་ཅེ་མཆོར་འདོད་བྱས་ནས་བཏགས་ལེ་མིན། ། གཅིག་དེ་ཨ་ཅེ་རང་གི་རྒྱན་ཆ་ཡིན། །གཉིས་དེ་སྒེར་རྩེ་འབྲོག་མོ་ཆ་ལུགས་རེད། །ཨ་ཅེ་ལུས་ལ་གོན་པའི་ཚར་གོས་དེ། །ཨ་ཅེ་མཆོར་འདོད་བྱས་ནས་གོན་ལེ་མིན། ། གཅིག་དེ་ཨ་ཅེ་རང་གི་རྒྱན་ཆ་ཡིན། །གཉིས་དེ་སྒེར་རྩེ་འབྲོག་མོ་ཆ་ལུགས་རེད། ། ལུང་པ་ཆུང་ཆུང་ནང་ནས་འབའ་ཞིག་ཕུབ། འབའ་ནག་གླིང་གཞི་ཡིན་པའི་འབའ་ཞིག་ཕུབ”ཅེས་པའི་དབྱངས་རྟ་སྙན་མོ་དེས་ང་རང་རེ་ཞིག་ར་རོ་བར་བད་སོང་། དེས་ན་ར་བཟི་བ་ལ་གཏམ་མང་བའི་དཔེ་བཞིན་རྩོམ་འདིའང་ཆང་གིས་བད་པའི་མི་ཞིག་གི་བཅོས་བཏམ་དུ་བརྩིས་ན་འགྲིག་པ་ཡིན་ནོ། །
“ཨ་ཅེའི་སྐེ་ལ་བཏགས་པའི་དུང་ཆུང་དེ། །
ཨ་ཅེ་མཆོར་འདོད་བྱས་ནས་བཏགས་ལེ་མིན། །
གཅིག་དེ་ཨ་ཅེ་རང་གི་རྒྱན་ཆ་ཡིན། །
གཉིས་དེ་སྒེར་རྩེ་འབྲོག་མོའི་ཆ་ལུགས་རེད། །
ཨ་ཅེའི་ལུས་ལ་གོན་པའི་ཚར་གོས་དེ། །
ཨ་ཅེ་མཆོར་འདོད་བྱས་ནས་གོན་ལེ་མིན། །
གཅིག་དེ་ཨ་ཅེ་རང་གི་རྒྱན་ཆ་ཡིན། །
གཉིས་དེ་སྒེར་རྩེ་འབྲོག་མོའི་ཆ་ལུགས་རེད། །
ལུང་པ་ཆུང་ཆུང་ནང་ནས་སྦྲ་ཞིག་ཕུབ།
སྦྲ་ནག་གླིང་གཞི་ཡིན་པའི་སྦྲ་ཞིག་ཕུབ”
འདི་ལྟར་ཚིག་ཉུང་དོན་འདུས་ཤིག་དབྱངས་ཀྱི་རྟ་ལ་བསྐྱོན་ཏེ་བྱོན་ཡོང་བ་འདི་ཁོ་ནས་ཀྱང་། འུ་ཅག་དགའ་བཞིན་དུང་བཞིན་ནང་སེམས་ཀྱི་འཇིག་རྟེན་ཞིག་ལ་ཁྲིད་འགྲོ་བ་མ་ཡིན་ནམ། ངས་འཇིག་རྟེན་དེ་ལས་ཡུལ་རིས་བྱེ་བྲག་པ་ཞིག་གི་ས་མིང་ཡུལ་མིང་ཤེས་ཤིང་། གནས་དེའི་བུད་མེད་ཚོའི་རྒྱན་དང་ཆ་ལུགས་མཐོང་བ་མ་ཟད། དེ་དག་གི་ནང་བསམ་པའི་ཞིང་ས་རུ་སྨིན་པའི་ཁྲེལ་གཞུང་ཡ་རབས་ཀྱི་ངང་ཚུལ་དེ་དག་ཀྱང་མཐོང་ཡོང་བ་འདྲ། དེ་ལས་ཀྱང་ངོ་མཚར་བ་ནི་གནས་ལུགས་སྟོན་དུ་མེད་པའི་ཕ་རོལ་དུ་ང་རང་བད་བཞིན་བད་བཞིན་འཕྱན་སོང་བས། གང་དང་སུ་དག་འདི་ལྟར་བསླུ་བྲིད་ཀྱི་རྒྱལ་ཁམས་ཞིག་ཏུ་བཅོལ་ཐུབ་སོང་བ་ནི་སྒྱུ་རྩལ་ཞེས་པའི་དྭངས་མའི་ཁམས་ཟས་འདིའི་བྱིན་རླབས་འབའ་ཞིག་ཡིན་ཨང་སྙམ་བྱུང་།