མི་ལོ་སུམ་ཅུ། ལྷུག་རྩོམ། ར་ས་བསྟན་འཛིན་ཆོས་གྲགས།

民生   2024-07-29 19:05   西藏  





  རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།     



མེ་སྟག་བཞིན་འཕྲོ་བའི་མི་ལོ་སུམ་ཅུ།

 
རྩོམ་པ་པོ། ར་ས་བསྟན་འཛིན་ཆོས་གྲགས།




   ལྷ་སའི་བར་སྐོར་ནས་ཚེ་སྨོན་གླིང་བར་གྱི་གཞུང་ལམ་དང་། ད་དུང་ར་མོ་ཆེའི་སྲང་ལམ་དོག་མོ། སླར་ཡང་ལྕང་གསེབ་ཤར་གྱི་མི་ཚོགས་ཀྱི་ཁྲོད་དུ་བསྐྱོད་སྐབས། མི་ཚོགས་ཀྱི་འུར་སྒྲས་ནམ་མཁའ་བཀས་པ་ལྟ་བུ་ཡོད་རུང་། སུ་ཞིག་གིས་ཅི་ཞིག་བརྗོད་ཀྱི་ཡོད་པ་གསལ་པོ་ཞིག་གཏན་ནས་ཐོས་ཐབས་མིན་འདུག འུར་ཟིང་དང་ཅ་ཅོ། མི་ཚོགས་ཀྱིས་ཁ་གདངས་མིག་བགྲད་ཀྱིས་ཚམ་ཚོམ་མེད་པར་རྒྱུགས་སའི་ཁ་ཕྱོགས་གསར་པ་དེ་དག་ཐམས་ཅད་ལས། སྐད་སྒྲ་གསལ་པོ་ཞིག་དང་། དོན་གྱི་སྙིང་པོ་ཞིག ཡང་ན་རེ་བའི་སྟོབས་ཤུགས་གསར་པ་ཐོབ་ཐབས་བྱེད་པ་དེ་ནི་ཧ་ཅང་དཀའ་བའི་གནས་ཤིག་ཡིན་ཚུལ་བདག་ལ་དངོས་དོན་དག་གིས་ཡང་ནས་ཡང་དྲན་གསོ་བྱེད་ཀྱིན་འདུག འོན་ཏེ་རི་ཁྲོད་ལྟ་བུའི་དབེན་པའི་གནས་ཤིག་ཏུ། ང་རང་འཚོ་ཞིང་འཇུག་གོ་ཞེས་ན། དེའང་བློས་བསླངས་ཙམ་ལས་དོན་དང་མཐུན་ཐབས་མེད་པ་བདག་གིས་སྔར་ནས་ཤེས་བཞིན་ཡོད། དེ་འདྲའི་འགལ་བ་མང་པོའམ། འགལ་བ་དེ་ལས་བྱུང་བའི་བསམ་གཞིག་ཇི་སྙེད་ཅིག་གིས་བདག་ལ་ནམ་ཡང་སྐུལ་ལྕག་བྱས་དང་བྱེད་བཞིན་པས། ད་གཟོད་ཕྱི་རོལ་ཡུལ་གྱི་འུར་སྒྲ་ཇི་སྙེད་ཡོད་པ་དེ་དག་བདག་གིས་དབང་དུ་བསྒྱུར་བྱ་མིན་ལ་བསྒྱུར་ཡང་ཐུབ་པ་ཞིག་ཀྱང་མིན་མོད་ཀྱི། དེ་དག་མདུན་དུ་རང་གི་རིག་པ་སྒྲིམ་པོ་ཞིག་དང་། རང་བློ་རང་ལ་ལྐོག་ཏུ་མ་གྱུར་བར། རང་གིས་ཅི་ཞིག་བྱེད་པ་དང་། ཇི་ལྟར་བྱེད་པའི་འདེམས་གསེས་ཤེས་པ་གལ་འགངས་ཆེན་པོ་ཡིན་པ་རྟོགས། 
   མི་ཞིག་སྐྱེས་ཏེ་འཆི་བའི་བར་དུ་མི་ཚེའི་བརྒྱུད་རིམ་ཡོངས་རྫོགས་མ་བརྒྱུད་ཐུབ་མེད་ཡིན་ལ། འཇིག་རྟེན་འདིའི་ཐོག་བགྲང་བྱ་བཅུ་ཕྲག་འགའ་ཙམ་མ་གཏོགས་འདུག་ལོང་མེད་པའི་འགྲུལ་པ་ཞིག་ཀྱང་ཡིན་པས། རང་གིས་སྒྲུབ་པར་འོས་པའི་བྱ་བ་གང་ཞིག་ཡིན་རུང་འགན་འཁྲི་ཞིག་ཏུ་བཟུང་བ་དང་། འབད་པ་ཆེན་པོས་བསྒྲུབ་སྟེ། ནམ་ཡང་བློ་འགྱོད་མེད་པ་ཞིག་དང་། དབུགས་ཀྱི་རྒྱུ་བ་མཐའ་མའི་དུས་སུ་ག་ལེར་མིག་ཟུང་བཙུམས་ཏེ། རང་གིས་རང་ལ་འཁང་ར་མེད་པ་བྱ་རྒྱུ་དེ་ནི་བདག་ལ་མཚོན་ན་ཅི་ཞིག་ལས་ཀྱང་གལ་འགངས་ཆེ་བ་ཞིག་ཏུ་བརྩི་བཞིན་ཡོད། བསམ་བློ་དེ་དག་ནི། བདག་གི་ཕ་མའི་དྲིན་ལས་མྱུ་གུ་འབུས་ལ། ཕྱིས་ཀྱི་སློབ་གྲྭ་འགྲིམས་པའི་མྱོང་བ་དག་ལས་རིམ་བཞིན་བསྐྱེད་ཅིང་བསྲིངས་པ་དང་། སླར་ཡང་སྤྱི་ཚོགས་ཞེས་པའི་འཕྲུལ་འཁོར་ཆེན་པོ་དེ་ཡི་གནོན་བཙིར་འོག་ཏུ་གཞི་ནས་འབྲས་བུ་ཐོགས་པའི་བསམ་བློ་ཞིག་ཀྱང་ཡིན། འོན་ཏེ་བསམ་བློ་དེ་ཡི་བྱུང་རིམ་དེ་དག་གཞན་གྱི་ངོས་ནས་འཆད་ན། ཉི་ཚེ་ཞིག་དང་། གླེང་རིན་གཏན་ནས་མེད་པ་ཞིག་ཏུ་ཟད་མོད་ཀྱི། བདག་ལ་མཚོན་ན་གལ་འགངས་ཆེ་ཞིང་། ཕྱིས་ཀྱི་མི་ཚེའི་བགྲོད་ལམ་ཡོངས་ཀྱི་སྐྱ་ཐིག་ལྟ་བུ་ཞིག་གམ། ཡང་ན་རིགས་ཤེས་ཐོག་ནས་འདི་ནི་འདི་དང་དེ་ནི་དེའོ་ཞེས་དཔྱད་དུ་མེད་ལ། མངོན་སུམ་རྗེན་འཆར་ངང་ནས་བསྟན་རྒྱུ་མེད་མོད་ཀྱི། ཡིད་ཀྱི་སྤོབས་པ་གཟེངས་སུ་བཏེགས་པར་ནུས་པའི་དད་སྟོབས་ཆེན་པོ་ཞིག་ཏུ་གྱུར། 

ཕ་མའི་གཤོག་ཟུང་འོག་ནས་མྱུ་གུ་འབུས་དུས།

   བདག་གི་ཕ་མ་གཉིས་པོ་ལོ་རྒྱུས་དབང་གིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་མྱོང་ཡོད་པའི་དེང་གི་དཔེ་ཆ་བ་ཞིག་མ་ཡིན་ལ། ཚགས་པར་ཞིག་དང་ཇ་ཕོར་ཆེན་པོ་ལག་ཏུ་བཟུང་སྟེ། གཞུང་ལས་ཁང་དུ་སོས་དལ་ངང་ནས་སྡོད་ཀྱིན་སེམས་ཁྲལ་མེད་པར་ཟླ་ཕོགས་བླང་རྒྱུ་ཡོད་པའི་ལས་བྱེད་ལས་བཟོ་ཞིག་དང་། ཡང་ན་ཤར་གྱི་ཚོང་ཟོག་ནུབ་ཏུ་དབོར་ཞིང་། ནུབ་ཀྱི་ཚོང་ཟོག་ཤར་ཏུ་འདྲེན་པར་ནུས་པའི་ཚོང་པ་རྒྱགས་པ་དེ་དག་གཏན་ནས་མ་ཡིན་མོད། བསམ་གཞིག་བྱ་རྒྱུར་དགའ་ལ་མགོ་བདེ་དྲན་འཕྲུལ་ཅི་ཡང་མེད་པར་ཀུན་སྤྱོད་ཚུལ་དང་མཐུན་པའི་མི་ཞིག་ཡིན། དེ་ནི་ཁོང་རྣམས་དེང་གི་རིག་གནས་སྦྱངས་བའི་གོ་སྐབས་དབེན་ནའང་། ཁྱིམ་རྒྱུད་ཧྲིལ་པོའམ་ཕ་ཚ་བུ་བརྒྱུད་བོད་ཀྱི་རིག་གནས་ཀྱི་དཀྱིལ་སྙིང་དུ་བགྲང་བའི་ཇོ་ཁང་གི་ཉེ་ཁོར་དུ་འཚོ་བ་རོལ་བའི་དབང་གིས། བོད་མི་རང་གི་བསམ་གཞིག་བྱེད་ཕྱོགས་དང་འཚོ་བའི་གོམས་གཤིས་རྒྱུན་བསྐྱངས་ཐུབ་པའི་དབང་གིས་ཡིན་ངེས་རེད། ཁོང་ཚོས་བདག་ལ་སྦྱིན་པའི་བྱིས་དུས་ཀྱི་འཚོ་བ་ནི་ཇི་འདྲའི་བརྗེད་པར་དཀའ་ཞིང་། དོན་སྙིང་ལྡན་པ་ཞིག་ཡིན་པ་ཕྱིས་ཀྱི་མི་ཚེའི་བགྲོད་ལམ་ཐོག་ནས་ག་ལེར་ར་འཕྲོད་བྱེད་བཞིན་འདུག་ལ། དེ་ནི་རང་གིས་རོལ་འདོད་ཡོད་པའི་མི་ཚེའི་འདེམས་གསེས་འགྱོད་པ་མེད་པ་ཞིག་ཀྱང་ཡིན་པ་ག་ལེ་ག་ལེར་རྟོགས་ཀྱི་འདུག ཆུང་དུས་སུ། ཁྱིམ་མི་ཚང་མ་མཉམ་འཛོམས་ངང་ཆེས་དལ་ལྷོད་དུ་སྡོད་པའི་གནས་སྐབས་ནི་བོད་ཀྱི་ལོ་གསར་སྐབས་ཡིན་ཞིང་། ལས་འགན་གཙོ་བོ་ནི་ཕ་མ་གཉིས་ཀྱིས་ང་རང་ཁྲིད་དེ་ལོ་གསར་ཚེས་པ་གཅིག་ནས་བཅོ་ལྔ་ལྷག་རིང་དལ་ལྷོད་མེད་པར་ལྷ་སའི་ཉེ་འཁོར་གྱི་དགོན་སྡེ་ཁག་ལ་གནས་མཇལ་དུ་བསྐྱོད་རྒྱུ་དེ་རེད། སྐབས་དེར་སེམས་ལ་སུན་སྣང་ཆེན་པོ་སྐྱེས་མྱོང་ལ། ཕྲུ་གུ་གཞན་བཞིན་ལག་ཏུ་རྩེད་ཆས་ཡ་མཚན་ཅན་རེ་ཁྱེར་ཏེ་རྩེད་མོ་རྩེ་བའི་ཁོམ་པ་མེད་ཅིང་། སྤུན་མཆེད་ཚང་མ་མཉམ་འཛོམས་ཐོག་ནས་ལོ་གསར་རོལ་བའི་དུས་ཁོམ་མེད་པར་འཁང་ར་བྱས་མྱོང་མོད། ཕྱིས་སུ་བསམ་གཞིག་བྱེད་སྐབས། དེ་ནི་ཕ་མ་གཉིས་ཀྱིས་བྱ་ཐབས་དེ་འདྲ་ཞིག་ལ་བརྟེན་ཏེ་ང་རང་རིག་གནས་ཤིག་ལ་འབྲེལ་འདྲིས་བྱ་རུ་བཅུག་པའི་མཐུན་རྐྱེན་བསྐྲུན་པ་གཞི་ནས་ཤེས་འོང་། བདག་ཀྱང་ཆུང་དུས་ནས། དགོན་པའི་ལྡེབས་རིས་ཐོག་གི་སྲིད་པ་འཁོར་ལོ་དང་། རྒྱལ་ཆེན་རིགས་བཞིའི་ཕྱག་རྒྱ་ཇི་ལྟར་ཡིན་པའི་སྐོར། དེ་བཞིན་ལྷ་སྐུ་རེ་རེའི་མདུན་དུ་དེ་དག་སོ་སོའི་མཚན་བྱང་བཀོད་པའི་ཡི་གེར་ཐེངས་མང་བལྟ་བའི་གོ་སྐབས་ལྡན་པས། དེ་དག་སོ་སོ་སྐྱེས་ཆེན་སུ་ཡིན་དང་། ལྷ་སྐུ་གང་ཞིག་ཡིན་པའི་ཐད་ལ་བག་ཆགས་བཞག་ཅིང་། ད་དུང་དགོན་པ་སོ་སོའི་ལོ་རྒྱུས་གསེང་ན་མུ་ཏིག་ལྟ་བུ་འོད་དུ་འཚེར་བའི་ལྷ་སྒྲུང་དེ་དག་གིས་བདག་གི་ཡིད་ཀྱི་དང་བ་དབང་མེད་འཕྲོག་པར་བྱས་ཀྱང་མྱོང་། དོན་དུ་ལྷ་སྒྲུང་ནི་གཞན་གྱིས་བརྗོད་པ་བཞིན། རྨོངས་དད་ཅིག་དང་དོར་བྱའི་ཆོས་ཤིག་གཏན་ནས་མ་ཡིན་པར། དེ་ནི་རང་རེའི་མེས་པོ་དག་གི་བག་ལ་ཞ་བའི་འདུ་ཤེས་ཤིག་གི་མངོན་སྟངས་རེད་འདུག་ལ། ལོ་རྒྱུས་ལས་ཀྱང་བདེན་ཤས་ཆེ་བའི་མེས་པོ་དག་གི་ཡིད་ཀྱི་འཕེལ་རིམ་ཞིག་ཀྱང་ཡིན་པ་དེང་གི་རིག་གཞུང་དག་ལས་ར་སྤྲོད་བྱས་དང་བྱེད་བཞིན་ཡོད།
   གཙང་ནས་ཡིན་པའི་ཁྱིམ་མཚེས་ཚོ། ཉིན་ལྟར་ཁྱིམ་དུ་མགྲོན་པོ་རྫོགས་མཐའ་མེད་པ་འཚངས་ཏེ་མཚན་གུང་དུའང་ཆང་དང་ཞབས་གཞས་ཁོ་ནར་གཡེང་བའི་རྣམ་པ་དེར། ཆུང་དུས་ང་རང་ཡིད་སྨོན་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། འོན་ཏེ་བདག་གི་ཁྱིམ་ནི་ཧ་ཅང་དབེན་ཞིང་འཇགས་ནའང་། རྒྱུན་དུ་ཐོས་རྒྱུ་ཡོད་པ་ནི་ཨ་ཕས་བདག་ལ་སྐབས་རེ་བོད་ཀྱི་ལོ་རྒྱུས་སམ། སྐབས་རེ་མགོན་པོ་ཀླུ་སྒྲུབ་དང་བདེ་སྤྱོད་བཟང་པོའི་འབྲེལ་བ་དང་། མཇུག་ཏུ་ཇི་ལྟར་གྲོངས་ཚུལ་སྐོར། ཡང་འཕགས་པ་ཐོགས་མེད་ཀྱིས་རྒྱལ་བ་བྱམས་པ་མི་ལོ་བཅུ་གཉིས་བསྒྲུབས་པའི་བར་གྱི་ངག་རྒྱུན་དེ་དག་གམ། ཡང་ན་ཨ་ཕ་ཁོ་རང་གི་མི་ཚེའི་མྱོང་རྒྱུས་བདག་ལ་བརྗོད་ཀྱིན་ཡོད་པས། ཆུང་དུས་སྐབས་རེ་སུན་སྣང་སྐྱེས་མྱོང་ལ། སྐབས་རེ་ལུས་པོ་རང་གི་ཁྱིམ་དུ་གནས་ཀྱང་། སེམས་པ་གྲོང་པའི་གླུ་དབྱངས་ཕྱོགས་སུ་འཁོར་བཞིན་ཡོད། འོན་ཏེ། དེང་གི་དུས་སུ་ཨ་ཕའི་སྐད་ཆ་དེ་དག་དྲན་ཐེངས་རེར། བདག་ལ་ཕན་རླབས་ཆེན་པོ་བྱུང་བ་ཤེས་འོང་ལ། གཞོན་དུས་ཀྱི་ཨ་ཕའི་དཀའ་སྡུག་དེ་དག་དྲན་ཐེངས་རེར་། བདག་ལ་སྔར་ན་མེད་པའི་སྙིང་སྟོབས་ཤིག་དང་། དཀའ་སྡུག་ཡོད་ཚད་བཟོད་བསྲན་ཐུབ་པའི་སྤོབས་པ་ཞིག་ཀྱང་སྦྱིན་གྱི་འདུག ལྷག་པར་ཆུང་དུས་བདག་ལ་བག་ཆགས་ཟབ་ཤོས་ནི། ཤིང་སྒམ་ཞིག་ནང་བཅུག་སྟེ་ཡོད་པའི་དཔེ་དེབ་དེ་དག་རེད། ཨ་ཕའི་ལས་ཞོར་གྱི་བྱ་བ་གཅིག་པུ་ནི་དཔེ་དེབ་བལྟ་རྒྱུར་དགའ་བས། ཞར་ཞོར་དཔེ་དེབ་མང་པོ་ཉོ་རྒྱུར་མཉེས་ཤིང་། དཔེ་དེབ་གཟིགས་རྗེས་སླར་ཡང་ཤིང་སྒམ་ནང་དུ་བླུགས་ཀྱིན་ཡོད། དེ་ནི་ང་རང་ཆུང་དུས་དཔེ་དེབ་ཐོག་ཏུ་སྨྱུ་གུས་རི་མོ་གང་བྱུང་བྲིས་པའམ། ཡང་ན་དཔེ་དེབ་གང་སར་བསྐྱུར་བའི་སྣང་ཚུལ་དེ་ཉིད་འགོག་ཆེད་རེད། འོན་ཏེ་ཨ་ཕ་ལས་ཀར་ཕེབས་རྗེས་བདག་གིས་ཁ་རོག་གེར། ཤིང་སྒམ་ནང་གི་དཔེ་དེབ་དེ་དག་ག་ལེར་བསློགས་ཏེ་བལྟ་རྒྱུ་ནི་བདག་གི་གསང་བ་ཆེན་པོ་ཞིག་ཏུ་གྱུར། སྐབས་དེར་ཤིང་སྒམ་ནང་དུ་དགེ་ཆོས་མཆོག་གི་གསུང་པོད་འདུག་ལ། སྦྲང་ཆར་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ། ད་དུང་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་དང་། རྒྱལ་རབས་གསལ་བའི་མེ་ལོང་སོགས་པའི་དཔེ་དེབ་མང་པོ་འདུག་པས། དེ་དག་གིས་ང་རང་དཔེ་དེབ་བལྟ་བར་བག་ཆགས་ཟབ་པོ་བཞག་འདུག ད་དུང་རྒྱལ་རབས་གསལ་བའི་མེ་ལོང་ནང་གི་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ། བལ་བཟའ་ཁྲི་བཙུན་མེ་ཏོག་དཀར་པོ་ཞིག་ཏུ་གྱུར་ནས་རྒྱལ་པོའི་ཕྲག་པ་གཡས་སུ་ཐིམ་པ་དང་། རྒྱ་བཟའ་ཀོང་ཇོ་ཨུཏྤལ་སྔོན་པོ་ཞིག་ཏུ་གྱུར་ཏེ་རྒྱལ་པོའི་ཕྲག་པ་གཡོན་དུ་ཐིམ་པ་དང་། རྒྱལ་པོ་རང་ཡང་འོད་དུ་བཞུས་ཏེ་ཐུགས་རྗེ་ཆེན་པོ་རང་བྱོན་བཅུ་གཅིག་ཞལ་གྱི་ཐུགས་ཀར་ཐིམ་པའི་ཚུལ་དེ་རེད། ད་དུང་བློན་པོ་མགར་གྱི་རིག་པའི་རྩལ་གྱིས་རྒྱ་བཟའ་མནའ་མར་བསུ་བའི་སྐོར་སོགས་བདག་ལ་དེ་བས་བག་ཆགས་ཟབ་པོ་བཞག དེ་ལྟར་ཕ་མ་གཉིས་ཀྱིས་ཕྲུ་གུ་གཞན་གྱི་ཕ་མ་འགའ་རེ་བཞིན། བདག་ལ་རྩེད་ཆས་སྣ་མང་ཉོས་ཏེ་ང་རང་མགོ་བོ་བསྐོར་ཐབས་མ་བྱས་ལ། ཟ་ཁང་སྣ་ཚོགས་མྱུལ་ཞིང་གྱོན་པ་གང་བཟང་ཉོས་ཏེ་རང་ཉིད་“དེང་རབས་ཅན་”པར་རློམ་པའི་ང་རྒྱལ་དེའང་གཏན་ནས་གནང་མ་མྱོང་། དེ་ལྟར་ཁ་རོག་གེར། ཉིན་དང་ཟླ་བ། ཟླ་དང་ལོ་གྲངས་བརྒྱུད་དེ་ང་རང་བོད་ཀྱི་རིག་གནས་ཕྱོགས་ལ་དགའ་ཞེན་བྱེད་པའི་འདུ་ཤེས་རིམ་གྱིས་སྐྱེད་སྲིང་གནང་ཞིང་། ཕྱིས་སུ་དེའི་ཐད་མུ་མཐུད་འཇུག་པའི་ལམ་བུ་བཏིང་པ་གཞི་ནས་རྟོགས་ཀྱིན་འདུག

སློབ་གྲྭ་འགྲིམས་ཏེ་ཤེས་བྱར་འཇུག་པའི་དུས།

   བདག་ལྟ་བུ་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུའི་རྗེས་སུ་སྐྱེས་པའི་མི་ཞིག་གི་ངོས་ནས་བརྗོད་ན། སློབ་གྲྭ་འགྲིམས་པ་ནི་སྐར་གྲངས་མཐོ་དམན་གྱི་འགྲན་རྩོད་ཅིག་ཡིན་པའི་འདུ་ཤེས་དེ་གཙོ་བོར་གྲུབ་ཡོད་པ་དང་། སྐར་གྲངས་ཅུང་མཐོ་ན་ཕྲུ་གུ་དེའི་ཀུན་སྤྱོད་ཇི་ཙམ་ཞན་ཡང་ཚང་མས་ཡིད་སྨོན་བྱ་ཡུལ་ཞིག་དང་། སྐར་གྲངས་ཅུང་དམན་ན་ཕྲུ་གུ་དེའི་ཀུན་སྤྱོད་ཇི་ཙམ་བཟང་ཡང་སྙིང་རྗེ་བྱ་ཡུལ་ཞིག་ཡིན་པས། ཉིན་མཚན་ཀུན་ཏུ་དཔེ་དེབ་ཀྱི་ནང་དོན་ཡིད་ལ་བཟུང་ཞིང་ལག་གིས་འབྲི་རྒྱུའི་གོམས་གཤིས་སྔར་ནས་ཆགས། ཤེས་བྱ་ནི་རང་རྒྱལ་གཞན་ཕམ་གྱི་ལག་ཆ་ཞིག་ཡིན་པའི་འདུ་ཤེས་ཤིག་ལས། མི་གཤིས་གསོ་གསོ་སྐྱོང་བྱེད་པའི་ཞིང་ས་ཡིན་པའི་འདུ་ཤེས་བསྐྲུན་རྒྱུ་དེ་ཙམ་དཀའ་ཙམ་རེད། སྐར་གྲངས་མཐོ་ན་དགེ་རྒན་རྣམས་ཀྱིས་བསྟོད་བསྔགས་བྱེད་ལ། ཕ་མ་གཉིས་པོས་འཛུམ་གྱིས་བསུ་ངེས་ཡིན། བདག་ནི་ཆུང་དུས་ནས་པཱ་ལགས་ཀྱི་ཤན་ཞུགས་ཆེས་པས་བོད་ཡིག་ཐོག་ལ་བབ་ཆགས་ཆེ་ཙམ་བྱུང་། ཉིན་ལྟར་བོད་ཡིག་སློབ་ཚན་འཚོག་སྐབས་ཡིད་ལ་དགའ་བ་ཆེན་པོ་སྐྱེས་འོང་མོད། རྩིས་རིག་སྐབས་སུ་ཡིད་ལ་སྨུག་སྤྲིན་གཏིབས་པ་ཇི་བཞིན་ནག་ཐོམ་ངེར་གྱུར་ངེས་ཡིན། འཛིན་གྲྭའི་འཛིན་བདག་ནི་རྩིས་རིག་དགེ་རྒན་ཡིན་པས། ང་རང་རང་བཞིན་ངང་ནས་སློབ་མ་རིག་པ་རྟུལ་པོའི་ཁོངས་སུ་བགྲང་ཞིང་། དགེ་རྒན་གྱིས་ཀྱང་རྩིས་རིག་ལེགས་ན་རིག་པ་རྣོན་པོའི་རིགས་ཅན་ཡིན་པ་དང་། དེ་ལས་ལྡོག་ན་རིག་པ་རྟུལ་པོའི་གྲངས་སུ་བགྲང་ངོ་ཞེས་རྒྱུན་དུ་གཅིག་མིན་དུ་མར་འཆད་ཅིང་ཡོད་པས། རྩིས་རིག་ཐད་ལ་དེ་ཙམ་ཞུགས་པའི་སྤོབས་པ་ཞུམ་པར་གྱུར། དེ་ལྟར་རྩིས་རིག་སློབ་ཚན་སྐབས་སུ་ཡིད་ལ་སྨུག་སྤྲིན་འཁོར་བ་དག་བོད་ཡིག་སློབ་ཚན་སྐབས་སུ་རང་ཤུགས་ངང་ནས་སངས་འགྲོ་བས། དེ་ལྟར་ཉིན་ནས་ཟླ་དང་ཟླ་ནས་ལོ་བར་གོམས་ཤིང་འདྲིས་པས། བོད་ཡིག་སློབ་ཚན་དང་དེ་དང་འབྲེལ་བ་ཡོད་པའི་དཔེ་དེབ་ཡོད་ཚད་བདག་གི་སྐབས་དེའི་སེམས་ཁམས་གསོ་ཞིང་། རང་ཉིད་རིག་པ་རྟུལ་པོ་མིན་པའི་དཔང་རྟགས་གཅིག་པུར་གྱུར། མཐོ་འབྲིང་གཉིས་པའི་སྐབས་སུ་རྩིས་རིག་ཚན་པ་དང་རིག་གཞུང་ཚན་པ་སོ་སོར་དབྱེ་བས། བདག་གི་སེམས་ཁོང་ལྕི་བར་གྱུར་པའི་རི་བོ་ཆེན་པོ་གསུམ་ཏེ། རྩིས་དངོས་རྫས་གསུམ་སྦྱོང་མི་དགོས་སྟབས། ཡིད་བདེ་བར་གྱུར་ཞིང་དེ་བས་བོད་ཡིག་དང་། ལོ་རྒྱུས། ཆབ་སྲིད་བསླབ་གཞིའི་ནང་གི་མཚན་ཉིད་རིག་པའི་སྐོར་ལ་སྤྲོ་བས་འཇུག་པའི་དུས་ཚོད་མང་དུ་སོང་། (རྩིས་རིག་ལེགས་པར་མ་སྦྱངས་པས་ཕྱིས་སུ་རྩིས་འཁོར་ལེགས་པོ་ཤེས་རྒྱུར་གེགས་ཆེན་པོ་བྱས། འོན་ཏེ་ཚད་ཡོད་ཀྱི་མི་ཚེའི་ནང་དུ་རང་གི་དགའ་ཕྱོགས་ཀྱི་རིག་གནས་གཅིག་ད་བར་རྒྱུན་བསྐྱངས་ཐུབ་པས། དེའི་ཐད་འགྱོད་པ་གཏན་ནས་སྐྱེས་མ་མྱོང་།) ད་དུང་དུས་དེབ་དང་ཚགས་པར་ཁག་ཏུ་རྩོམ་རིག་འགའ་ཡང་སྤེལ། དེ་ལྟར་བདག་གི་དགའ་ཕྱོགས་གཙོ་བོ་ནི་བོད་ཀྱི་སྐད་དང་ཡི་གེའི་ཐོག་ཏུ་ཡོད་པས། སྐབས་དེར་དེ་ཐོག་འབད་པ་བྱེད་པ་ལས། སྤྱི་སྐར་མཐོ་དམའ་དང་ཨང་རིམ་རྩོད་ལེན་བྱ་རྒྱུ་དེ་ང་དང་རྒྱང་ཐག་རིང་དུ་གྱེས་པ་ལྟ་བུར་གྱུར། ད་ཆ་བསམ་གཞིག་བྱེད་སྐབས་དེ་ནི་མ་བསམ་ས་ནས་རང་ལ་ཐོབ་པའི་ལས་སྐལ་བཟང་པོ་ཞིག་ཏུ་འདོད་བཞིན་ཡོད། དེ་ལྟར་མཐོ་འབྲིང་ཐོན་རྗེས་རང་གིས་སློབ་གྲྭ་བདམས་པ་ལྟར། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་ཀྱི་སྐད་ཡིག་རྩོམ་རིག་སྡེ་ཁག་ཏུ་རྒྱུགས་འཕྲོད་པས། རང་གི་དགའ་ཞེན་དེ་ཉིད་དེ་བས་མངོན་དུ་གྱུར། ལྷག་པར་ནུབ་བྱང་ཚང་གིས་བདག་ལ་སྦྱིན་པ་ནི་དཔེ་དེབ་ཐོག་གི་ཤེས་བྱ་ཁོ་ན་མ་ཡིན་པར། ད་དུང་ལྟ་བ་གང་རུང་ལ་དོགས་པ་བླངས་ཆོག་པའི་རང་དབང་གི་བསམ་བློའི་ཁོར་ཡུག་དེ་རེད། དེ་འདྲའི་ཁོར་ཡུག་དེས་རང་དབང་ངང་ནས་བསམ་གཞིག་བྱེད་པའི་འདུ་ཤེས་རང་ཤུགས་ངང་ནས་གྲུབ་པར་ཕན་ཐོགས་ཐུབ་ལ། བསམ་གཞིག་སྣེ་གཅིག་ཅན་དང་དབང་གྲགས་ཙམ་གྱི་རྗེས་སུ་འབྲངས་པའི་རྒྱ་ལས་གྲོལ་ཏེ་བསམ་བློར་རང་དབང་གི་གཤོག་ཟུང་ཐོགས་རྒྱུ་དེ་རེད། ད་དུང་ཐད་ཀར་བོད་ཀྱི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་ལ་བསམ་གཞིག་དང་བགྲོ་གླེང་བྱེད་པའི་ཁོར་ཡུག་ཅིག་ང་ཚོར་སྦྱིན་པས། དེས་བོད་ཀྱི་སྤྱི་ཚོགས་ལ་མངོན་མངོན་རྗེན་རྗེན་ཐོག་ནས་ཕན་ཐོགས་ཐུབ་ཅེས་ཤོད་མི་སྤོབས་རུང་། ཁོར་ཡུག་དེས་གཞོན་ནུ་དག་གི་དེ་ཙམ་ནར་སོན་མེད་པའི་སེམས་ལ་འགན་འཁྲིའི་འདུ་ཤེས་ཤིག་སྐྱེད་སྲིང་བྱེད་པར་ཕན་ཐོགས་ཆེན་པོ་བྱུང་། ཕྱིས་སུ་སློབ་གྲྭ་འདི་གར་རིམ་པས་ཡིག་སྒྱུར་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་དང་། སླར་བོད་ཀྱི་རྩོམ་རིག་དང་བོད་བརྒྱུད་ནང་བསྟན་གྱི་འབུམ་རམས་པའི་ཆེད་ལས་ལ་གཞོལ་བར་བྱས། འོན་ཏེ་ད་བར་བདག་གིས་རབ་འབྱམས་ཞིབ་འཇུག་སློབ་མའི་སྐབས་ཀྱི་ཡིག་སྒྱུར་ཆེད་ལས་ཀྱི་རྒྱུན་བསྐྱངས་ཏེ། ནུབ་གླིང་གི་རིག་གཞུང་གསུང་རྩོམ་འགའ་རེ་ཡིག་སྒྱུར་གྱི་བྱ་བར་ཞུགས་བཞིན་ཡོད། གཅིག་ནས་རང་ཉིད་བོད་ཀྱི་རྩོམ་རིག་དང་བོད་བརྒྱུད་ནང་བསྟན་ཆེད་ལས་ཀྱི་འབུམ་རམས་པའི་སློབ་གནས་ཐོབ་ཡོད་རུང་། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་མི་ལོ་གསུམ་ཙམ་རིང་། དེ་དག་ཀུན་ལ་ནང་བྱན་ཆུད་ཅིང་། རང་གི་ལྟ་བ་གསལ་སྟོན་བྱེད་པའི་རྩོམ་ཡིག་སྤེལ་རྒྱུ་ནི་ཧ་ཅང་དཀའ་བའི་གནས་སུ་འཁུམས་པས། སྔར་བཞིན་དེའི་ཐད་འབད་པ་ལྷོད་མེད་བྱེད་བཞིན་ཡོད་པ་དང་། གཉིས་ནས་དེང་སྐབས་རིག་གནས་“ཕྱིར་འདྲེན”མང་ཞིང་། “ནང་འདྲེན”ཉུང་བའི་གནས་སྐབས་སུ། རང་ནུས་ཅི་ལྕོག་གིས་ནུབ་གླིང་རིག་གནས་གྲགས་ཅན་དག་ལས་སྤྱོད་མཁོ་ཆེ་རིགས་བོད་དུ་བསྒྱུར་ན་དོན་སྙིང་ཆེ་བར་འདོད་པ་དང་། གསུམ་ནས་ཡིག་སྒྱུར་རབ་འབྱམས་ཞིབ་འཇུག་སློབ་མའི་ཐོབ་ཐང་ཐོབ་པ་ནི། དཔྱད་རྩོམ་ཤོག་ངོས་བཅུ་གྲངས་འགའ་ཡིས་ཐག་ཆོད་ཅིང་མཇུག་རྫོགས་པ་ཞིག་མ་ཡིན་པར། ད་དུང་ཡིག་སྒྱུར་གྱི་ལག་ལེན་ཐོག་ནས་མངོན་དགོས་པར་འདོད་པའི་དབང་གིས་ཡིན་ལ། རང་བློ་རང་ལ་གནོང་འགྱོད་མེད་པའི་ཆེད་དུའང་ཡིན། བྱ་བ་གང་ཞིག་བགྱིས་རུང་སྐྱོན་ཀུན་ཟད་ཅིང་ཡོན་ཏན་ཐམས་ཅད་རྫོགས་པ་ཞིག་ཡོང་དཀའ་རུང་། རང་གི་བྱ་བ་ཡོད་ཚད་རང་གི་ནུས་པའི་ཁྱབ་ཁོངས་ནང་དུ་དེ་ཉིད་འཐུས་སྒོ་ཚང་ཞིང་མགོ་རྔ་ཚང་བ་ཞིག་འཁྱོངས་ཐུབ་ན། ད་གཟོད་རང་སེམས་ལྷོད་ལ་བབས་ཤིང་རང་གི་ཡིད་རྟོན་སེམས་པ་དེ་བས་བརྟན་དུ་སོང་བ་མ་ཟད། རང་བློ་རང་ལ་མི་ནོངས་པར་ཕན་ཐོགས་ཆེན་པོ་འདུག དེ་ལྟར་ཆུང་དུས་ནས་ཕ་མ་གཉིས་ཀྱི་བག་ཆགས་འོག་ཏུ་བོད་ཀྱི་སྐད་དང་ཡི་གེར་ག་ལེར་དགའ་ཞེན་ཆགས་ཤིང་། སློབ་གྲྭ་ཆུང་འབྲིང་གནས་སྐབས་སུའང་རང་གི་དགའ་ཕྱོགས་ཐོག་ཏུ་གཙོ་ཆེར་འབད་པ་བྱས་པ་དང་། ཕྱིས་སུ་ནུབ་བྱང་ཚང་དུའང་བོད་ཀྱི་སྐད་དང་ཡི་གེ་གཙོ་བོར་བྱས་ཏེ་རིག་གཞུང་ཐོག་ལ་འབད་པ་བྱས་པའི་བརྒྱུད་རིམ་ནང་། ཐོག་མའི་དགའ་ཕྱོགས་ཙམ་དེ་ག་ལེར་རང་གི་འགན་འཁྲི་ཞིག་ཏུ་གྲུབ་པའི་ཐོག་ཏུ་ཐོད་བརྒལ་བྱུང་། དགའ་ཕྱོགས་ནི་གློ་བུར་བ་དང་སྟེས་དབང་ཞིག་གམ། ཡང་ན་ད་ལོ་བསྒྲུབས་ཀྱང་སང་ལོ་དགའ་ཕྱོགས་གཞན་ཞིག་ཡོད་སྲིད་རུང་། གལ་ཏེ་འགན་འཁྲི་ཞིག་ཏུ་གྱུར་སོང་ཚེ། དེ་ནི་དེ་ལྟའི་འགྱུར་ཐུབ་པ་ཞིག་གཏན་ནས་མ་ཡིན་པར། མགོ་ནས་མཇུག་བར་དེའི་ཐད་འབད་པ་བྱེད་དགོས་ཤིང་། ལྷག་པར་མི་ལོ་བཅུ་གྲངས་འགའ་དེའི་ནང་བསྒྲུབས་ཀྱང་འགྲུབ་མི་ཚར་བ་ཞིག་ཡིན་རུང་། རང་གིས་ནུས་ཤུགས་ཅི་ནུས་ཐོག་ནས་བསྒྲུབས་དགོས་པས། དེ་ནི་མི་ཚེའི་རིན་ཐང་གཞལ་ཕྱོགས་ཤིག་ཀྱང་ཡིན་པའི་ཐད་ལ་ངེས་ཤེས་གཏིང་ནས་འདྲོངས། 

ཁྲོ་འཛུམ་འདྲེས་མའི་སྤྱི་ཚོགས་ཀྱི་བཞིན་རས།

   ཕ་མ་དང་སློབ་གྲྭ་ནི་རང་ལ་ཐད་ཀར་དྲང་ཕྱོགས་ཁོ་ན་ནས་ང་ཚོར་སློབ་གསོ་བྱེད་མཁན་ཞིག་ཡིན་ཚེ། སྤྱི་ཚོགས་ནི་དྲང་ལྡོག་གཉིས་ཐད་ནས་ང་ཚོར་སློབ་གསོ་བྱེད་མཁན་ཞིག་དང་། རང་གིས་དེ་སྔོན་སྦྱངས་པའི་གཞུང་ལུགས་སྦོམ་པོ་དེ་དག་ལག་ལེན་ལ་བཏབ་སའི་དོ་ར་ཞིག་ཀྱང་ཡིན། ང་རང་སློབ་གྲྭ་མ་ཐོན་པའི་སྐབས་སུ། སྐྱེ་བོ་འགའ་རེས་སྤྱི་ཚོགས་ནི་རྙོག་འཛིང་ཆེ་ལུགས་དང་། མི་དང་མིའི་དབར་འགྲན་རྩོད་ཆེ་བས་གཞན་གྱིས་ནམ་ཡང་ཁྱོད་ཉིད་རྙི་དོང་ནང་དུ་བཅུག་རེ་བྱེད་ངེས་ཡིན་ཚུལ་ཐེངས་མང་ལབ་མྱོང་མོད། ང་རང་བྱ་བར་ཞུགས་རྗེས་དེ་འདྲའི་ཉེན་ཁར་གཏན་ནས་འཕྲད་མ་མྱོང་ལ། ཕར་ལ་དྲང་པོ་དྲང་བཞག་དང་ལྷག་བསམ་རྨ་མེད་བྱས་ན། གཞན་ཀྱིས་ཀྱང་ཚུར་ལ་དེ་བཞིན་བྱེད་པ་ཡིན། ལྷག་པར་ང་རང་གི་བྱ་བའང་རིག་གནས་ཀྱི་བྱ་བ་གཉེར་རྒྱུ་གཙོ་བོ་ཡིན་པས། བྱ་བའི་ལས་སྣེ་གཞན་བཞིན་རྙོག་འཛིང་མང་པོ་བརྒྱུད་མི་དགོས་པ་ཞིག་ཀྱང་རེད། འོན་ཏེ་སྐབས་རེ་བྱ་བ་འདོད་ཐོག་ཏུ་མ་སོང་བ་འགའ་རེ་ཡོང་སྲིད་ལ། གཞན་གྱིས་བསམ་བཞིན་ལམ་དུ་བཀག་རྡོ་འགའ་རེ་འཇོག་སྲིད་མོད། དེ་ནི་རིམ་གྱིས་བསལ་བྱ་ཞིག་དང་ཕྱིས་བྱ་བ་སྒྲུབ་སྐབས་ཀྱི་མྱོང་བ་ཙམ་དུ་བླངས་ན་ཆོག་པ་ལས། དེ་ལ་མི་སྐྱིད་པ་དང་སུ་ལའང་སྨྲེ་ངག་བཏོན་ན་དགོས་པ་དེ་ཙམ་མེད་པ་གསལ་པོ་རེད། ང་ཚོའི་རིག་གནས་ཀྱི་ནང་དུ་ཐོག་མར་བསྒོམ་བྱ་ནི་མི་རྟག་པ་ཡིན་པ་དེ་ལའང་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་གཞི་ནས་རྟོགས་ཏེ། རང་ལ་མི་འདོད་པ་ཞིག་འཕྲད་སྐབས་དེ་ནི་མི་རྟག་པ་ཞིག་དང་གནས་སྐབས་ཙམ་ཡིན་པ་ལས་རྟག་པ་ཞིག་མིན་པས། དེ་ལ་གནམ་རྡིབ་པ་དང་འདྲ་བའི་སྡུག་བསྔལ་གྱིས་གཟིར་དགོས་དོན་མེད་ལ། ཡང་དེ་ཉིད་མི་རྟག་པའོ་སྙམ་ཏེ་ཐམས་ཅད་བློས་གཏོང་དགོས་པའི་དགོས་པའང་མེད། མི་ཚེ་ནི་ཧོབ་ཀྱིས་བལྟས་ཚེ་ཡུལ་ལམ་བར་སྟོང་(空间)གི་ནང་དུ་གནས་པ་ལྟ་བུ་ཞིག་ཡོད་རུང་། དོན་དུ་དེ་ནི་མི་རྟག་པ་དུ་མས་གྲུབ་པའི་དུས་ཚོད་(时间)ཀྱིས་ཚོད་འཛིན་བྱེད་བཞིན་ཡོད་པ་དང་། མི་རྣམས་ཀྱིས་ཡུལ་དང་ཡུལ་དབར་གྱི་ཁྱད་པར་ལ་དམིགས་ཏེ་བདག་དང་གཞན། དེ་བཞིན་ཡུལ་ལམ་བར་སྟོང་ནང་དུ་གནས་པའི་དངོས་པོར་ཞེན་ཏེ་བདག་ལ་གཅེས་ཤིང་གཞན་ལ་སྡང་བའི་སེམས་ཁམས་བྱུང་བ་འདྲ་ཞིང་། འོན་ཏེ་དེ་ཉིད་དུས་ཚོད་ནང་དུ་བཅུག་སྟེ་བསམ་གཞིག་བགྱིས་ན། དེ་ལྟ་བུའི་རང་གཅེས་གཞན་སྡང་གི་བསམ་པ་ཆེན་པོ་དེ་འདྲ་སྐྱེ་མི་སྲིད་པ་འདྲ། དེས་ན་མི་རྟག་པའི་དུས་ཚོད་ཀྱི་ཆ་དེར་དོ་སྣང་དེ་ཙམ་ཡོང་གི་མེད་པས། ཐམས་ཅད་རྟག་པ་ཞིག་དང་། བདག་ཉིད་གཙོ་བའི་འདུ་ཤེས་གྲུབ་ཀྱི་ཡོད་པ་འདྲ། འོན་ཏེ་ཇི་ལྟར་ཡིན་ནའང་། མི་རྟག་པའི་འདུ་ཤེས་དེས་རང་རང་གི་བསྒྲུབ་པར་འོས་པའི་བྱ་བ་མཐའ་དག་རྒྱུན་བསྐྱངས་དགོས་པ་དེའང་གལ་ཆེན་ཡིན་པ་ཤེས། ལྷག་པར་ཆོག་ཤེས་ཞེས་པ་དེའང་གལ་ཆེན་ཡིན་པ་ག་ལེར་རྟོགས་ཤིང་། ཆོག་ཤེས་ཞེས་པ་དེ་བོད་མིའི་རྒྱུད་ལ་ལྡན་པས་དེ་ནི་མི་ལེགས་ཚུལ་སྨྲ་མཁན་ཡང་དེ་སྔོན་བྱུང་ཡོད་མོད། དེ་ནི་ཆོག་ཤེས་ཞེས་པར་གོ་བ་མི་ལོན་པའི་རྟགས་སུ་འཁུམས་པ་དང་། ཆོག་ཤེས་ནི་རང་གི་ནུས་པའི་ཁྱབ་ཁོངས་ལས་མ་གྲོལ་བར་ཁྱབ་ཁོངས་དེའི་ནང་དུ་བྱ་ལས་བསྒྲུབས་འོས་པ་ཞིག་དང་། དེ་ལས་ལྡོག་ན་སྡུག་བསྔལ་འབྱུང་ངེས། ཡང་ཆོག་ཤེས་དེའང་རྟག་པ་ཞིག་མིན་པར། ཆོག་ཤེས་བྱེད་པའི་བརྒྱུད་རིམ་ནང་དུ་རང་གི་འབད་པར་བརྟེན་ཏེ་ནུས་པའི་ཁྱབ་ཁོངས་ག་ལེར་བསྐྱེད་པ་དང་། ནུས་པའི་ཁྱབ་ཁོངས་བསྐྱེད་པ་དང་སྦྲགས་ཏེ་ཆོག་ཤེས་ཀྱི་ཁྱབ་ཁོངས་ཀྱང་སྔར་ལས་ཇེ་ཆེར་བསྐྱེད་ཐུབ་ན། ཆོག་ཤེས་དེའང་དེ་ཙམ་གྱིས་ཆོག་གོ་སྙམ་པའི་བློ་ཆུང་ཞིག་མིན་པར། ཆོག་ཤེས་ནི་ཚད་མེད་དུ་བསྐྱེད་ཐུབ་ལ། རང་གི་ནུས་པ་དེའང་ཚད་མེད་དུ་བསྲིངས་ཐུབ་པའི་ཁྱད་ཆོས་ཤིག་ཀྱང་ཡོད་པ་གཞི་ནས་ངེས་ཤེས་དྲངས། དེ་ལྟར་ཁྲོ་འཛུམ་འདྲེས་མའི་སྤྱི་ཚོགས་ཀྱི་བཞིན་རས་ནི་ནམ་མཁའི་ངོས་སུ་སྤྲིན་ནག་གིས་གཏིབས་པ་དང་འདྲ་བ་ཞིག་ཡིན་པས། རེ་འཆར་རེ་ནུབ་ཀྱི་རྣམ་པ་ཙམ་དུ་ཟད་ཅིང་། དེ་ལ་སྣང་དོགས་ཆེས་ཆེར་བྱེད་དོན་ཅི་ཞིག་ཡོད་དེ། མེད་དོ། འོན་ཏེ། བདག་ལ་མཚོན་ན། མི་ཚེ་ནི་མི་རྟག་པ་དུ་མས་གྲུབ་པའི་ཕུང་པོ་ཞིག་དང་། དེ་ནི་སྐབས་འདིར་ཐེངས་གཅིག་ཁོ་ན་མ་གཏོགས་དབང་ཐབས་མེད་པས། གཅེས་པར་འཛིན་ཞིང་རང་གིས་བསྒྲུབ་པར་ནུས་པའི་དོན་བྱ་གང་ཞིག་འབད་པས་བསྒྲུབ་རྒྱུ་དེ་ནི་ལས་འགན་ཉག་གཅིག་ཅིག་ཏུ་བརྩི་བཞིན་ཡོད། 
   མི་ལོ་སུམ་ཅུར་སོན་རྗེས། རང་ཉིད་ནི་དུས་ཚོད་ཀྱིས་ཟ་བཞིན་ཡོད་པའི་ཕུང་པོ་ཙམ་ཞིག་དང་། མི་ཚེ་ནི་དུས་ཀྱི་བར་ཁྱམས་རིང་པོའི་ནང་གི་ཆ་ཤས་ཤིན་ཏུ་ཆུང་ངུ་ཞིག་ལ་ལོངས་སྤྱོད་བྱེད་བཞིན་ཡོད་པ་གསལ་པོར་རྟོགས། འོན་ཏེ་འཛམ་གླིང་འདི་ན། བདག་གི་མེས་པོ་ཇི་བཞིན་མི་ལུས་རིན་ཐང་ལྡན་ཚུལ་རྟོགས་མཁན་དཀོན་ཚོད་རེད་ལ། བདག་གི་མེས་པོ་ཚོས། རིན་ཐང་ལྡན་པའི་མི་ལུས་འདི། འདས་པའི་སྐྱེ་བ་སྔ་མ་ཞིག་དང་འབྲེལ་ནས་འགྲེལ་བརྗོད་བྱེད་བཞིན་ཡོད་ལ། འོང་རྒྱུའི་མ་འོངས་པ་དང་འབྲེལ་ནས་དེ་ཡི་རིན་ཐང་འཚོལ་བཞིན་ཡོད་པས། ཆུ་ཐིགས་ཤིག རྒྱ་མཚོ་ཆེན་པོའི་ཀློང་དུ་གཏིགས་པས་དེ་ཉིད་ནམ་ཡང་གནས་པ་བཞིན། མི་ཚེ་དེ་ཉིད་ནུབ་པ་མེད་པའི་ཡུལ་དུས་ཆེན་པོའི་ཀློང་དུ་འདྲེན་ཏེ་ཆོས་ཉིད་མཉམ་དུ་རོ་གཅིག་བསྲེས་པས། དེ་ལ་དེ་བས་རིན་ཐང་དང་སྟོབས་ཤུགས་ཤིག་ཀྱང་བསྩལ་བ་མ་ཡིན་ནམ། ལྷག་པར་འགྲན་རྩོད་རྒོད་ཅིང་། འདུ་འཛི་ཆེ་བའི་དེང་གི་དུས། བདག་ལ་སེམས་ཁམས་ཡངས་པའི་སྒོ་ནས་རང་གི་བདམས་པའི་ལམ་བུར་ལྷོད་པ་མེད་པར་འཇུག་པ་དང་། མི་ལུས་རིན་ཐང་ལྡན་ཞིང་། ཚེ་སྲོག་སྟོབས་དང་ལྡན་ཚུལ་ཡང་ནས་ཡང་དུ་བདག་ལ་དྲན་སྐུལ་གནང་བཞིན་འདུག 

ཆེད་དེབ«ཕལ་པའི་རང་མདངས»ལས་དྲངས།

སྒྲིག་སྦྱོར་བ། རོང་པོ་རང་འཚོལ།



玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章