རྫི་ཁང་དུ་བཞད་པའི་མེ་ཏོག བརྩམས་སྒྲུང་། སྨྲི་ཏི་མཚན་འབར།

民生   2024-11-25 18:23   西藏  


རྫི་ཁང་དུ་བཞད་པའི་མེ་ཏོག

 

སྨྲི་ཏི་མཚན་འབར།

གཅིག

   གྲོང་ཁྱེར་དུ་མི་ཚོགས་ཁྲི་མ་འབུམ་ཚོགས་ཡོད་ནའང་མི་རེ་རེ་ནི་ཁེར་རྐྱང་ཡིན། དཔེར་ རྫོང་ཐོག་འདི་རུ་ཤིང་སྣ་བརྒྱ་རྩ་འཛོམས་ཡོད་ནའང་ཤིང་རེ་རེ་ནི་ཡན་གར་ཡིན་པ་དང་མཚུངས མོའི་མིང་ལ་མེ་ཏོག་ཟེར་བ་ནི་ངས་སྡེ་སྡོད་ཁུལ་གྱི་སྒོ་ཁར་སྦྱར་བའི་ཁང་བདག་གི་མིང་ཐོ་ལས་ཤེས་བྱུང་། མོ་རང་ཤིན་ཏུ་ཡིད་དབང་འཕྲོག་པོ་ཡོད་པ་ཇི་བཞིན། མིང་ཡང་ཅི་འདྲའི་སྙན་འཇེབས་ལྡན་ལ་འཇམ་གཉེན་དོད་པ་ཞིག་རེད་ཨང་སྙམ། མིང་དེ་ཁོ་ནའི་ཐོག་ནས་མོ་ནི་ཞི་ལྷོད་འཇམ་གསུམ། ཕྱི་མཛེས་ནང་ཡག་ཅིག་ཡིན་པར་སྒྲོ་བཏགས་བྱས། དོན་གྱིས་ང་རང་མོའི་ཁྱིམ་མཚེས་གྱུར་ནས་དུས་ཚོད་རིང་པོ་ཕྱིན་ཡོད་ཀྱང་། མོ་ལ་འབྲེལ་འདྲིས་དང་རྒྱུས་མངའ་ཅི་ཡང་མེད། དེ་ནི་མོ་རང་གཞན་དང་འབྲེལ་འདྲིས་བྱེད་རྒྱུར་དགའ་པོ་མེད་པས་ཡིན་སྲིད ངེད་གཉིས་ཁང་བསྟར་གཅིག་གི་ནང་དུ་ལོ་གསུམ་དུ་གཤིབས་ཀྱང་ཕན་ཚུན་འབྲེལ་ལམ་འཛུགས་པ་ལྟ་ཅི།  ཐ་ན་མོས་མིག་གིས་ཀྱང་ང་ལ་ཐེངས་ཤིག་ལྟ་བར་འཛེམ། དེ་ནི་ང་གཅིག་པུ་མིན་པར་ང་ཚོའི་སྡེ་སྡོད་ཁུལ་གྱི་གྲོང་པ་ཁྱིམ་མཚེས་ཚང་མས་ཟེར་གྱི་འདུག སྡེ་སྡོད་ཁུལ་འདིར་མོ་རང་སྐོར་ལ་གླེང་མཁན་མང་། རྒྱུ་མཚན་ནི། མོ་རང་སྐྱེས་གཟུགས་མཛེས་པའི་ཁར་གཞན་ལ་འདྲིས་སླ་བའི་གྲོང་ཁྱེར་གྱི་བུ་མོ་གླ་པགས་ཟ་མཉེད་མ་དེ་ཚོ་དང་མི་འདྲ་བར་སྒེར་ཚུགས་དང་སྒམ་བརླིང་། ཡང་ན་ལྐོག་གྱུར་སྒྱུ་མ་ལྟ་བུ་ཞིག་ཡིན་པས་སོ། །

   མོས་ཡོད་ཚད་ལ་སྨྲ་བ་བསྡམས་པའི་བརྟུལ་ཞུགས་དེ་ནི་ངེད་སྡེ་སྡོད་ཁུལ་གྱི་རྒན་དར་གཞོན་གསུམ་སུས་ཀྱང་བཀླགས་མི་ཚར་བའི་མཛེས་སྡུག་གམ་བསླུ་བྲིད་ཅིག་ཡིན། མོ་ལ་བུ་མོ་ཆུང་ཆུང་ཞིག་ཡོད། དེ་བས་ཚང་མས་མོ་ནི་གཏམ་རྒྱུད་ཅན་ཞིག་ཏུ་སྙམ་གྱི་ཡོད།  ང་ནི་མོ་དང་ཐུག་ཕྲད་ཆེ་ཤོས་ཀྱི་མི་དེ་ཡིན་སྲིད།   རྒྱུ་མཚན ང་རང་ལས་ཀར་འགྲོ་བ་དང་མོ་རང་སློབ་མ་སྐྱེལ་བར་འགྲོ་བ་གཉིས་དུས་གཅིག་ཏུ་ཁེལ་གྱི་འདུག བསྒོམ་རྒྱུ་ལྷ་སྒོམ་ཀྱང་དམིགས་པ་འདྲེ་དམིགས་ཞེས་པའི་དཔེ་ལྟར། ཐེམ་སྐས་ལས་འབབ་སྐབས། ངས་མོ་རང་ལ་འབྲེལ་གཏུགས་བྱེད་འདོད་ཀྱིས་མོའི་བུ་མོ་ལ་ཤ་ཚ་ཚ་དང་པྲ་ཆལ་སློང་བའི་རྣམ་འགྱུར་སྟོན་པ་དང་། མཚམས་རེ་བྱེ་རིལ་དང་ཀ་ར་རེ་བྱིན་གྱི་ཡོད ངའི་བྱ་བྱེད་དེ་དག་གིས་མོ་ལ་ཤུགས་རྐྱེན་ཅི་ཡང་མེད་པར་བུ་མོ་ལག་གིས་ཁྲིད་ནས་རང་ཁྱིམ་དུ་འཛུལ་རྗེས། ཆོམ་སྒྲ་ཆེ་བའི་ལྕགས་སྒོ་དེ་དམ་དུ་བརྒྱག་སྲིད། མོའི་གདོང་ནས་གྲོང་ཁྱེར་ནང་དུ་མི་དང་མིའི་བར་འབྲེལ་གཏུགས་བྱེད་སྐབས། བདེན་རྫུན་གང་ཡིན་དབྱེ་བ་འབྱེད་དཀའ་བའི་འཛུམ་མདངས་དེའི་རིགས་གཏན་ནས་མཐོང་རྒྱུ་མེད། ངས་མོ་ནི་ལྡེ་མིག་གཏན་ནས་བོར་བའི་སྒོ་ཟྭ་ཆེན་པོ་ཞིག་ལ་དཔེ་བཞག་ན་འོས་ཚམས་རེད་སྙམ། རྫོང་ཐོག་འདི་རུ་མི་ཚོགས་ཧ་ཅང་མང་ཡང་འབྲེལ་འདྲིས་ཤིན་ཏུ་དཀོན ཅ་དངོས་ཤིན་ཏུ་འབེལ་ཀྱང་གོང་ཚད་རབ་ཏུ་མཐོ། ང་དང་མོ་རང་ཐེམ་སྐས་སུ་ཐེངས་མང་ཕྲད་ཀྱང་མོས་ཅ་དངོས་ཤིག་ཉོས་པ་མཐོང་རྒྱུ་དབེན། མོའང་ང་དང་འདྲ་བར་གྲོང་ཁྱེར་འདི་རུ་སུན་སྣངབྱ་ས་ནིའགྲོ་གྲོན་གྱི་མཐོ་ཚད་འདི་ཡིན་པ་འདྲ། མོའི་ཕ་ཡུལ་གང་ནས་ཡིན་ནམ། མོ་རང་ཐུག་ཕྲད་བྱེད་མཁན་གཉེན་ཉེ་དང་ཕ་མ་གཅིག་ཀྱང་མེད་པ་ཅི་ཡིན་ནམ། མོ་རང་ལས་རིགས་ཅི་ཡིན་ནམ། འཚོ་བ་ཇི་ལྟར་སྐྱེལ་གྱི་ཡོད་དམ། ཡང་ན་དབྱར་རྩ་དགུན་འབུའི་འཚོ་རྟེན་ཁོ་ནར་བརྟེན་གྱི་ཡོད་དམ། མོ་རང་ཁྱོ་ག་མེད་པ་ཡིན་ནམ།    བུ་མོའི་ཕ་སུ་ཡིན་ནམ། ང་དང་འབྲེལ་བ་སྤུ་སུད་ཙམ་ཡང་མེད་པའི་དྲི་གཞི་དག་ངའི་ཀླད་པའི་ནང་དུ་འཁྱོམ་རྒྱག་བྱེད་དུས། ངས་མདུན་གྱི་མེ་ལོང་ནང་གི་ཆུ་འཁོལ་འཐུང་མཁན་གྱི་ངའམ་རང་ཉིད་ལའང་ཏན་ཏིག་ཉམས་འཇོག་བྱ་དགོས་ཐུག 

   སྐབས་དེར། ངའི་ཁང་ཀླདནས“ཁྲིང་ཁྲིང་ཁྲིང”ཞེས་ལྕགས་ལེབ་ཅི་ཞིག་ལྷུང་སོང་བའི་སྒྲ་ཞིག་ཐོས དེ་ནི་མོ་མེ་ཁ་གསོ་བའམ་ཁ་ཟས་གཡོ་སྦྱོར་བྱེད་སྐབས་ཅི་ཞིག་ལྷུང་བའི་སྒྲ་ཡིན་ནམ། ཡང་ན། མོས་ངོ་གདོང་འཁྲུད་སྐབས་འདག་ཆལ་དང་སྐྲ་སྣུམ་གྱི་ལྕགས་དེམ་གང་རུང་ཟག་པའི་སྒྲ་རེད་དམ། ངའི་ཁང་པ་དང་ཀླད་ཐོག་མོའི་ཁང་པའི་བར་དུ་མཁྲེགས་པ་ཨར་འདམ་དང་རྣོན་པོ་ལྕགས་གཟེབ་ཀྱིས་ཆོད་ནའང་། མོ་རང་གི་སྒེག་འགྲོས་དེ་ངའི་ཡིད་ལ་ཝ་ལེར་ཤར། མོ་རང་སྒེག་འགྲོས་བྱེད་སྐབས་ཀྱི་ཀོ་ལྷམ་རྟིང་ཙོག་ཐག་སྒྲ་ནི། ཕོ་ཧྲེང་མི་ལྡོམ་ང་ཡི་འཆར་ཡན་གྱི་དབྱངས་རྟ་ཞིག་གམ། སུན་པའི་ནམ་ཟླ་སྐྱེལ་བའི་ཅོང་བརྡ་ཞིག་ཏུ་གྱུར་འདུག རིམ་བཞིན་ང་ནི་མོའི་འཕྱོར་ཁ་དག་དང་གཟུགས་སྐྱེས་ལོ་དག་བློས་བསླངས་བྱ་རྒྱུར་གོམས་ཤིང་། མ་མཐའ་ཉིན་མཚན་དུས་དྲུག་ལ་མོས་ཅི་ཞིག་བྱེད་པ་ཀོ་ལྷག་རྟིང་ཙོག་གྱང་ལ་རྡེབ་པའི་སྒྲ་ལས་དུ་བ་ལས་ནི་མེར་ཤེས་པ་དང་། ཆུ་སྐྱར་ལ་ནི་ཆུར་ཤེས་པ་ལྟར་ངས་རྗེས་དཔག་བྱས། མོ་ལ་ཇེ་ཙམ་དོ་སྣང་བྱས་ན་དེ་ཙམ་གྱིས་གཏིང་ཟབ་ཏུ་འགྲོ་བ་དང་། ཐ་ན་ངའི་རྨི་ལམ་ཡང་མོས་དབང་སྒྱུར་བྱེད་པའི་དུས་ཡོད་མྱོང་། ཐེངས་ཤིག མོས་ཁམས་བཟོའི་བོད་ལྭ་བབ་ཆགས་ཤིག་གྱོན་ཅིང་། གནག་སྣུམ་གྱི་སྐྲ་ལོར་གཟར་བའི་གསེར་གྱི་སྐྲ་གཟུང་དེ་སེར་ལམ་ལམ་བྱེད་བཞིན། ཁ་རས་མེད་པར་སྒོ་ནས་འགྲོ་བཞིན་འདུག ད་ཐེངས་ང་ལ་འཇམ་པོའི་ངག་གིས་ཁ་བརྡ་བྱས་བྱུང་།  

   “ཁྱེད་རང་སློབ་གྲྭ་བསྐྱལ་ཚར་བ་ཡིན་ནམ”ངས་གུས་ཞབས་ཀྱིས་མོ་ལ་དེ་ལྟར་བཤད། 

   “གཟའ་མཇུག་ཡིན་པས་སྐྱལ་དགོས་མེད།     ཁྱེད་རང་དེ་རིང་ལས་ཀ་མེད་དམ”ཞེས་མོས་ཞི་འཇམ་ང་ལ་དེ་ལྟར་དྲིས།

   “མེད་མེད། ད་གནམ་གཤིས་གྲང་དུ་ཕྱིན་འདུག”ཅེས་ངས་ད་རུང་ཁ་བརྡ་མང་ཙམ་བྱེད་འདོད་ཡོད་པའི་ཚུལ་དུ་དེ་ལྟར་བཤད།

   མོས“འདུག ད་དངོས་གནས་མེ་ཁ་གསོ་དགོས་འདུག”ཅེས་བཤད། 

   ངས“ཁྱོད་ལ་མེ་ཆ་ཡོད་དམ། ང་རང་མེ་ཁ་གསོ་བསམ་ཀྱང་མེ་ཆ་མི་འདུག”ཅེས་ཟོལ་རྫུན་བཤད།

   མོས“ང་ལ་ཡོད། ངས་ཁྱོད་ལ་གཡར་ཆོག”ཅེས་གུས་ཞབས་ངང་ཁ་བསྐོར་ནས་འཇོ་སྒེག་གིས་འགྲོ་སྐབས། ངས་གློ་རྡེག་ཏུ། མོ་རང་ལ་འཐམ་ནས་རྒྱབ་ལ་རིང་པོར་འཕྱང་བའི་སྐྲ་ལོ་དེ་བསྣམ་དུ་ཡོད་ན་ཅི་མ་རུང་སྙམ། དེ་ནས་མོས་ཞི་འཛུམ་དང་བཅས་མེ་ཆ་ང་ལ་སྤྲོད་བཞིན “ངའི་མིང་ལ་མེ་ཏོག་ཟེར། རྗེས་མ་རོགས་པ་དགོས་ན་ལོབས་ཤོག”ཅེས་བཤད། མེ་ཆ་ང་ལ་སྤྲོད་སྐབས། ལག་པ་དང་ལག་པ་ཚ་བེར་རེ་ཐུག་པ་དང་ཆབ་ཅིག ངའི་བརླ་སྲུབས་ནས་ཁུ་བ་ཚ་ལམ་ལམ་དུ་བཞུར་བ་ཚོར་ཏེ་རྨི་ལམ་ལས་སད། དེ་རིང་གཟའ་མཇུག་ཡིན་པས། སྔ་པོར་ལངས་མི་དགོས་སྟབས་སླར་ཡང་གཉིད་ཀྱི་བདེ་བ་ལ་རོལ་ཐབས་བྱས།  

གཉིས།

   ཉི་འོད་སྡོངས་ནས་ཡོང་བའི་ཞོགས་པ་རེ་རེ་ནི། རོལ་མོ་ཞིག་དང་འདྲ་བར་བྱ་བྱིའུ་མང་པོས་ཀྱུར་ཀྱུར་གྱིས་སྐད་སྙན་སྣ་ཚོགས་སྒྲོག་ལ རྩི་མེ་ཏོག་རེ་རེ་ལ་ཚོན་མདངས་རབ་ཏུ་རྒྱས། ཞོགས་པའི་ཉི་ཟེར་གྱིས་ང་ལ་ལུས་ཁམས་བདེ་བའི་བྱབ་ཁྲུས་བྱས་ཏེ་རང་ཉིད་ཀྱི་བསམ་དོན་མཐའ་དག་འགྲུབ་པའི་སྨོན་ལམ་ཡང་ཡང་བཏབ། ཞོགས་རྒྱུགས་བྱེད་སྐབས་སྟོན་གྱི་བསིལ་རླུང་གྲང་མོ་དལ་བུ་ལྡང་ལ་ལྕང་སྡོང་གི་ལོ་མ་དག་སག་སྒྲ་དང་བཅས་ཁྱུ་དང་ཁྱུ་བྱས་ནས་དབང་མེད་དུ་སྐྱོད་བཞིན་འདུག ངས་རང་ཉིད་ཀྱི་ལག་གཉིས་པུས་མོ་རུ་བཞག་ཏེ་ངལ་གསོས་ཤིང་། ངའི་རྨི་ལམ་དུ་ཅིའི་ཕྱིར་མོ་རང་ཡོང་བ་ཡིན་ནམ་སྙམ། དེ་ནི་ངའི་སེམས་པ་མེ་ཏོག་འབོད་པའི་བུད་མེད་རྒྱུས་མེད་དེས་དབང་དུ་བསྡུས་པ་ཡིན་སྲིད། ནམ་མཁའ་རུ་བྱ་ཚོགས་ཁྱུ་དང་ཁྱུ་བྱས་ཏེ་མོན་ལ་ལོག་གིན་འདུག རྫོང་མཁར་འདི་རུ་ལོ་ཏོག་སྙེ་མས་དུད་ཅིང་སེར་ལམ་བྱེད། ང་རང་མེ་ཏོག་ལ་དགའ་བ་ནི་འོས་འཚམ་ཞིག་ཡིན་མི་སྲིད་དེ། མོ་ལ་བུ་ཕྲུག་ཡོད་ཅིང་བཟའ་ཟླའང་ཡོད་སྲིད། ཞོགས་པའི་ལུས་རྩལ་ཚར་ནས་ནང་ལ་ལྡོག་དུས མོ་རང་ཆུ་ལེན་པའི་སྐབས་དང་ངེད་གཉིས་ཕྲད།  མོ་ནི་ཉིན་རྒྱུན་ལྟར་ང་ལ་སྐད་ཆ་བཤད་པ་ལྟ་ཅི། མིག་ཟུར་ཙམ་ཡང་མི་ལྟ།  ངས་རང་གི་རྨི་ལམ་འཁྲུལ་པ་ཞིག་ཡིན་ཨང་སྙམ། ཉིན་གུང་དུ་ང་རང་གྲོགས་ཀྱིས་སྐུལ་མ་ལྟར་ཁྲོམ་སྲང་དུ་འགྲོ་དགོས་པར་གྱུར། ཕྱི་རོལ་ཏུ་ཆར་པ་འབབ་ཀྱིན་འདུག ང་རང་སྒོ་མཚམས་སུ་ཆར་པ་གཡོལ་ནས་འདུག་སྐབས། མོ་རང་ཕྱི་ནས་ནང་ལ་འཛུལ་བའི་སྐབས་དང་འཁེལ་ནས་ཡང་ངེད་གཉིས་ཕྲད། དེ་ཐེངས་མོས་ང་ལ་ཆར་གདུགས་གཡར་བྱུང་།  ངས་ཆར་གདུགས་གཡོར་བ་ནི་བརྩེ་དུང་གི་མཚོན་བྱེད་ཅིག་ཡིན་ནམ་སྙམ། གཅིག་བྱས་ན་འདི་ནི་མཚོན་དོན་གང་ཡང་མེད་པར་སེམས་བཟང་པོས་གཡར་བ་ཡིན་སྲིད། འོན་ཀྱང་། མོས་ཆར་གདུགས་ང་ལ་གཡོར་སྐབས། སྐད་ཆ་ཅི་ཡང་མ་བཤད། ངས“ཐུགས་རྗེ་ཆེ། ལམ་སེང་ཁྱེད་ལ་ཕྱིར་སྤྲད་ཆོག”ཅེས་བཤད། མོས་དེ་ལ་ལན་ཅི་ཡང་མ་ལྡོན། རྗེས་སུ་ངས་ཆར་གདུགས་ཕྱིར་སྤྲོད་སྐབས། མོས་ང་ལ་འཛུམ་མདངས་ཤིག་བསྟན་ལ་སྐད་ཆ་ཅི་ཡང་མ་བཤད་པས། ང་རང་བསམ་གཞིག་གི་ཀློང་དུ་ཚུད། མོའི་འཛུམ་མདངས་ཤིན་ཏུ་མཛེས་པས། མེ་ཏོག་ཅེས་པའི་མིང་ནི་འཛུམ་མདངས་ལ་བལྟས་ནས་བཏགས་པ་ཡིན་ནམ་སྙམ།

   ཉིན་ཞིག་ང་རང་ཉིན་གུངགཉིད་དུ་ཡུར་སྐབས། ངའི་ཁང་སྒོ“ཐག་ཐག་ཐག”ཅེས་བརྡུངས་བྱུང་། སྒོ་འབྱེད་དུས། ཁྱིམ་མཚེས་མ་མེ་ཏོག་རེད་འདུག མོས་མཆུ་བརྡ་ལག་བརྡ་བྱས་ཏེ་མགྲིན་པ་ནས་ཀུ་ཧུའི་སྒྲ་དང་བཅས་ང་ལ་ཅི་ཞིག་བཤད་བཞིན་འདུག ཕལ་ཆར་བལྟས་ཚོད་གློག་ཡོད་མེད་སྐོར་ནས་འདྲི་བ་དང་མཚུངས་པས། ངས་གྱ་ཚོམ་དང་བཅས“གློག་མི་འདུག”ཅེས་ལན་བཏབ། མོས་ང་ལ་བཅོས་མིན་འཛུམ་མདངས་ཤིག་གིས་བཀའ་དྲིན་ཞུ་བཞིན་རང་ཁྱིམ་དུ་ལོ འདི་ཡང་རྨི་ལམ་མིན་ནམ་སྙམ་ནས་རང་གི་ལག་པ་སེན་རྨུག་བྱེད་སྐབས་ཚ་གཟིར་འདུག་པས་གཞི་ནས་རྨི་ལམ་མིན་པར་ཁྲུན་ཐག་ཆོད། ངས་རང་གི་མདུན་གྱི་མེ་ལོང་ལ་ཁ་གཏད་དེ“ཨ་ལེ། མོ་རང་མ་གཞི་ལྐུགས་མ་ཞིག་ཡིན་པ་འདྲ”ཞེས་རང་གིས་རང་ལ་བཤད། དུས་དེ་ནས་བཟུང་། མེ་ཏོག་ངེད་གཉིས་འབྲེལ་ལམ་ཡག་པོ་ཚུགས་བྱུང་། མེ་ཏོག་གིས་ང་ལ་འཛེམ་དོགས་མེད་པར་མཆུ་བརྡ་ལག་བརྡ་བྱས་ཏེ་སྐད་ཆ་བྱས། ངས་མེ་ཏོག་ལ་རྩག་རྩིག་གི་མཁོ་བ་ཅི་ཞིག་མཆིས་ཀྱང་རོགས་གང་ཐུབ་བྱས། ཁྱོ་ག་མེད་པའི་བུད་མེད་ཅིག་ལ་མཚོན་ན་དེ་ནིཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཉག་ཅིག་ཡིན་སྲིད། ཐེངས་ཤིག་མོའི་གློག་རིན་བླུགས་རོགས་ལ་བརྟེན་ནས་མེ་ཏོག་ངེད་གཉིས་སྐད་ཕྲིན་འབྲེལ་བ་བྱུང་། ངས་སྐད་ཕྲིན་ནང་དུ“ཉིན་གུང་བདེ་ལེགས”ཞེས་སྐུར་པས།

   མོས“ཉིན་གུང་བདེ་ལེགས”ཞེསབསྐུར་འདུག

   “ཁྱེད་ཀྱིས་ཡི་གེ་མཁྱེན་གྱི་ཡོད་དམ།”

   མོས“ཡོད”ཅེས་ལན་བཏབ་འདུ མོ་རང་ཡི་གེ་ཤེས་པས་ངེད་གཉིས་འབྲེལ་ལམ་བཟང་པོ་ཞིག་རྙེད། 

ཉིན་ཞིག་མེ་ཏོག་གི་སྐད་འཕྲིན་གྲོགས་ཚོམས་སུ།

“བྲིས་པའི་ཡི་གེ་ནག་ཆུང་། །

ཆུ་དང་ཆར་བས་བངས་སོང་། །
མ་བྲིས་སེམས་ཀྱི་རི་མོ། །

སུབས་ཀྱང་བསུབ་རྒྱུ་མི་འདུག ”

   ཅེས་བྲིས་ནས་སྐུར་འདུག་པས། ངས་ཟུར་མཆན་ལ་ཁྱེད་ཀྱི་སེམས་ཀྱི་རི་མོ་ཅི་ཞིག་རེད་དམ་ཞེས་དྲིས་པས། མོས་དེའི་ལན་ལ“ཁྱེད་ཀྱིས་ཤེས་རྒྱུ་ཞིག་མ་རེད”ཟེར། 

   དུས་ཚོད་ནི་ཆུ་བོ་བཞུར་བ་དང་མཚུངས་པར་སྐ་ཅིག་ཙམ་ལ་མི་སྡོད་པར་ཤག་སྒྲ་དང་བཅས་བཞུད་འགྲོ ཉིན་ནས་ཉིན ཟླ་ནས་ཟླ།  ལོ་ནས་ལོ་ཁྱུག་ཙམ་གྱིས་སོང་ཞིང་། ངེད་གཉིས་ནག་ཆུང་ཡིག་འབྲུར་བསྟེན་ནས་སེམས་ཐག་ཉེ་རུ་གྱུར། མོ་ནི་ཤིན་ཏུ་ཡ་ང་བའི་བུད་མེད་ཅིག་སྟེ། མོས་རང་ཉིད་ངོ་སྤྲོད་བྱེད་སྐབས་འདི་ལྟར་བྲིས་ཡོད།“ཇོ་ལགས།  ཁྱེད་ཀྱིས་ང་ལ་འདས་མ་ད་གསུམ་ལ་རོགས་དན་བྱ་པ་མ་ཟད། ཁེར་རྐྱང་གི་ལོ་ཟླ་མང་པོ་ཡིག་འབྲུ་འདི་དག་གིས་སྐྱེལ་རོགས་བྱས་པར་སྙིང་དབུས་ནས་བཀའ་དྲིན་ཆེ། ཁྱེད་ཀྱིས་ང་ལ་རོགས་པ་བྱས་པ་འགྲིག་མོད། ཁྱོད་ཀྱིས“ང་ཁྱོད་ལདགའ”(ང་མེ་ཏོག་ལ་དགའ་ཞིང་ཡི་གེ་ཐེངས་མང་བྲིས་ཀྱང་ལན་མ་སྤྲད)ཞེས་པའི་ཡིག་འབྲུ་དེ་ནི་བསྐུར་ནོར་ཉག་ཅིག་ཡིན་པར་སྨོན། རྒྱུ་མཚན་ནི། ང་ལ་ཁྱེད་ཀྱིས་དགའ་འོས་པའི་ཁྱད་ཆོས་གང་ཡང་མེད། ང་རང་ནི་བརྩེ་བས་དོར་ཞིང་འཇིག་རྟེན་གྱིས་བསྐྲད་པའི་རྡོ་བ་ནག་ཐོ་ཞིག་ཡིན་པ། ངའི་གཏམ་རྒྱུད་ཉན་ན་ཡ་ང་ཞིང་སྙིང་རྗེ་སྐྱེ་སྲིད།  ང་ནིཕ་མ་གཉིས་མཐོང་མྱོང་མེད་པར་དྭ་ཕྲུག་སློབ་གྲྭ་ནས་འཚར་ལོངས་བྱུང་བ་དང་། གཉེན་ཉེ་དང་མིང་སྲིང་གི་དགོད་སྒྲོ་ཐོས་མ་མྱོང་བའི་ས་སྐྱེས་རྡོ་སྐྱེས་ཤིག་ཡིན། དེ་ནི་སུན་ཝུ་ཁུང་བྲག་རྡོ་ལས་སྐྱེས་པ་དང་ཡོངས་སུ་མཚུངས་ནའང་མི་འདྲ་ས་ནིསུན་ཝུ་ཁུང་ལ་ཕ་ཡུལ་ཡོད་ཅིང་། ང་ནི་ཕ་ཡུལ་མེད། ང་རང་གསོ་མཁན་གྱི་ཕ་ཡར་མ་ཡར་ལ་འདྲི་དུས།  ཁོ་ཚོས་ང་ནི་གད་སྙིགས་ལས་བསྒྲུགས་པ་རེད་ཟེར། ད་ལྟ་ང་རང་གསོན་པའི་དོན་སྒོ་ནི་ད་ལྟའི་བུ་མོ་ཆུང་ཆུང་འདི་ལ་ཐུག་ཡོད་ལས། མོ་རང་མེད་ན་ང་རང་འཇིག་རྟེན་འདི་ནས་གང་དུས་ཐོན་ཐོན་ཡིན། ང་རང་དཀའ་བ་བརྒྱ་ཕྲག་དང་འབད་པ་ཁྲི་ཕྲག་གིས་ང་རང་གཞུང་ཞབས་པར་ཞུགས་ཐུབ་མོད། ཡུན་རིང་མ་སོང་བརཟས་དུག་ཕོག་པའི་ནད་ཀྱིས་མནར་ནས་སྲོག་རིན་ཆེན་སྡོང་པོ་མ་འགྱེལ་ཙམ་བྱུང་རུང་། ལྕུག་ཕྲན་དང་ཡལ་ག་འདྲ་བའི་རྩ་བརྒྱུད་ཐམས་ཅད་བསྐབས་ནས་དབང་པོ་འོན་ལྐུགས་ཀྱི་གནས་སུ་གྱར། དབང་པོ་ཉམས་པ་ན་ང་རང་མུན་ནག་གི་གནས་སུ་ལྷུང་སྟེ། སྲིད་གཞུང་གི་སྲི་ཞུ་སྒྲུབ་ཐབས་བྲལ་ཏེ་ལས་འཐེན་བྱས།  ང་རང་འོན་ལྐུགས་ཆགས་ཤིང་ལས་འཐེན་བྱས་རྗེས། རྒྱང་རིང་ས་ཕྱོགས་ལ་ཡོད་པའི་ངའི་ཁྱོ་བོ་ལ་ཆུང་མ་གཞན་ཞིག་དང་མཉམ་དུ་ཡོད་པའི་གཏམ་ངན་ཐོས། དེ་ནི་མུ་གེའི་ཁ་ལ་ཟླ་ལྷག་ཟེར་བ་མ་རེད་དམ སྐྱིད་པོ་གཉིས་བརྩེགས་མེད་པར་སྡུག་པོ་སུམ་བརྩེགས་ཡོང་དུས།  ད་རུང་ང་ལ་འཇིག་རྟེན་ཁྱིམ་ཐབ་འཛིན་པའི་འདུན་པ་དང་ཁྱོད་ཀྱི་བརྩེ་དུང་དང་ལེན་བྱེད་པའི་སེམས་ཤུགས་ཤིག་གང་ནས་ཡོང་ངམ”ཞེས་བྲིས་འདུག འོན་ཀྱང་། ལོ་ཟླ་རིམ་བཞིན་འདས་པ་དང་ང་རང་ག་ལེར་ཆག་གྲུམ་ཤོར་བའི་མེ་ཏོག་གི་སེམས་ཀྱི་སྲུབ་ཀ་ནས་འཛུལ་ཏེམོའི་སེམས་ཀྱི་བདག་པོ་གྱུར་པ་མ་ཟད དྲང་ཞིང་ལྡེམ་པའི་མོའི་གཟུགས་བྱད་ ལྷོད་ཅིང་འཇམ་པའིམོའི་སྐྲ་ལོ། བསིལ་ཞིང་གཉེན་པའི་མོའི་འོ་འཛིན། སྙན་ཞིང་འཇེབས་པའི་མོའི་སིད་སྒྲ་སོགས་ཡོད་ཚད་ངའི་ལོངས་སྤྱོད་དུ་གྱུར།  

གསུམ།

   མེ་ཏོག་ནང་གི་ཉལ་ཁྲི་ནི་ཁྱོ་ཤུག་ཉལ་ཁྲི་ཡིན། གྲོང་ཁྱེར་ཟེར་བ་འདིར་བཟའ་ཚང་དག་ཁྱོ་ཤུག་ཉལ་ཁྲིདགའ་འགུ་སྤྱོད་རྒྱུ་དང་རྨི་ལམ་གཏོང་རྒྱུ་ཤིན་ཏུ་དགའ། ང་རང་ཁྱོ་ཤུག་ཉལ་ཁྲིའི་སྟེང་དུ་ཉལ་དུས། རང་ཉིད་ཁ་ཕྱོགས་གང་དགར་བསྐོར་ཆོག་པ་སྙམ། བར་སྐབས་ཤིག ང་རང་གཉིད་ལས་སད་དེ་མིག་ཟུང་འབྱེད་སྐབས། མེ་ཏོག་ནི་ཉལ་ཁང་གི་ཟུར་དཀྱོག་ཡོད་པའི་ཤེལ་སྒོ་རུ་གཏད་ནས་ཁ་ངོ་ཚོན་རྩི་བྱུག་བཞིན་འདུག ངས་ད་ལྟའི་བར་དུ་མེ་ཏོག་གིས་ངོ་ལ་ཀེག་རྩི་དང་ཁ་ལ་ཚོན་རྩི་བྱུགས་ནས་ཕྱི་རོལ་ཏུ་འགྲོ་བ་མཐོང་མ་མྱོང་། ང་རང་གཉིད་ཡུར་ཁུལ་བྱས་ཏེ་མེ་ཏོག་གི་བྱ་བྱེད་ལ་ལྐོག་ལྟ་བྱས། མེ་ཏོག་གིས་གོས་སྒྲོམ་ནས་ནུབ་གོས་གཙང་མ་ཞིག་བླངས། སྐྲ་ལོ་རྒྱ་ལྕང་སིལ་མ་དེ་ཐོར་ལྕོག་ཏུ་མདུད། གསེར་གྱི་གུལ་རྒྱན་མགུལ་ལ་བསྒྲོན། ལག་གི་མཁྲིག་མ་རུ་ཆུ་ཚོད་ཅིག་བཏགས། སྐེ་ལ་གོང་མདུད་མཛེས་པོ་ཞིག་བསྒྲོགས་ནས་མེ་ལོང་གི་ངོགས་སུ་འགྱིངས་སྐབས། ཨ་ཧོ། མོ་ནི་ཅི་འདྲ་སྲིད་གཞུང་གི་ཟོ་ལྟ་དོད་པ་དང་གྲོང་ཁྱེར་བུད་མེད་ཀྱི་ཉམས་དང་ལྡན་པ་ཞིག་ཨང་། 

  ངས་མོའི་སྔོན་གྱི་ཁྱོ་ག་ལས་རིགས་ཅི་ཞིག་ཡིན་པ་དྲིས་མེད་མོད། མོའི་སྟངས་སྟབས་ལ་བལྟས་ན་མོའི་སྔོན་གྱི་ཁྱོ་ག་ནི་རྫོང་དཔོན་ཞིག་གམ་གྲོང་སྤྱི་ཞིག་ཡིན་ཆོག་ཨང་སྙམ་པ་བྱུང་། དེ་རྗེས་མེ་ཏོགགིས་ངོ་གདོང་བཀྲུསཤིང་། འཕྱོར་ལ་དང་རྒྱན་ཆ་དེ་དག་ཉར་ཚགས་བགྱིས་ནས་རྒྱུན་གྱི་ཆས་ཀ་བསྒྲིགས།  ང་རང་གཞི་ནས་གཉིད་སད་ཚུལ་བསྟན་ནས་མལ་ལས་ལྡང་། མོས་མཆུ་བརྡ་ལག་བརྡ་བསྟན་ནས་ང་རང་ནངས་ཇ་འཐུང་བར་སྐུལ། ཉིན་རེ་བཞིན་མེ་ཏོག་ནི་སྔར་རྒྱུན་ལྟར་ཐོ་རེངས་སྐབས་སུ་ཡར་ལངས་ནས་ཐོག་མར་ནུབ་གོས་གྱོན་པ་དང་། དེ་རྗེསརང་གིརྒྱུན་གོས་བོད་ལྭ་གྱོན་པའི་གོ་རིམ་དེ་ཉིན་གཅིག་ལའང་འགྱུར་བ་མི་འདུག ངས་མེ་ཏོག་ནི་གཏམ་རྒྱུད་ཅན་གྱི་མི་ཞིག་ཡིན་པའི་གོ་དོན་གཞི་ནས་རྙེད མོ་ལ་བརྩེ་དུང་གཏམ་རྒྱུད་ཡོད་ལ་ཕ་མེད་མ་མེད་དྭ་ཕྲུག་གི་གཏམ་རྒྱུད་ཡོད། བཟའ་ཚང་མཉམ་འཛོམས་ཀྱི་གཏམ་རྒྱུད་ཡོད་ལ་བཟའ་ཐོར་མིག་ཆུ་ཡི་གཏམ་རྒྱུད་ཡོད། ད་ལྟ་ང་རང་མེ་ཏོག་གི་ཁྱོ་ག་གྱུར་ཚར། ངས་མོའི་བུ་མོ་ཆུང་ཆུང་གངས་ལྷ་བྱིས་བཅོལ་ཁང་ལ་བསྐྱལ། ངེད་ཚོའི་སྡེ་སྡོད་ཁུལ་ཚང་མས་ང་ལ་རྩེད་མཚར་ཚུལ་དུ། མེ་ཏོག་ཟེར་བའི་བུད་མེད་མི་སྨྲ་རྟུལ་ཞུགས་འཛིན་མཁན་དེ།  ཁྱོད་ཀྱིས་ཇི་ལྟར་སྒོ་ཟྭ་ཕྱེས་པ་ཡིན་ནམ་ཟེར། མེ་ཏོག་གིས་བོད་ལྭ་གྲ་དག་གྱོན་པ་དང་། ལག་ཏུ་ཕྲེང་བ་བཟུང་ནས་ཞུམ་ཞུམ་གྱིས་བགྲོད་ཚུལ་དེས་སྡེ་སྡོད་ཁུལ་གྱི་མི་ཚང་མའི་ཡིད་ཀྱི་བརྟན་པ་འཕྲོག་ཡོད། རྒན་པ་འགས་བུད་མེད་ཟེར་བ་གན་འདྲ་དགོས་ཞེས་ཅེས་བསྟོད་པའི་ཡུལ་དུ་འཇོག 

   ཉིན་ཞིག ང་རང་གཞུང་ལས་ཁང་དུ་ལས་རེས་བསྡད་ཡོད། གཟའ་མཇུག་ཏུ་ལས་རེས་སྡོད་པ་ནི་སུན་སྣང་སྐྱེ་བ་ཞིག་རེད། ངས་རང་ཉིད་ཤིན་ཏུ་དགའ་བའི་ལས་དབང་གི་ལྷ་ཞེས་པའི་གླུ་གཞས་དེ་ཐེངས་མང་པོ་ཉན། མིག་ཟུམ་བཙུམས་ནས་ཉན་སྐབས་ངའི་སྙིང་གི་ཕོ་བྲང་དུ་ཡིད་འོང་གི་བུ་མོ་ཞིག་བྱོན་བྱུང་། བུ་མོ་དེ་ནི་ངའི་རྫི་རོགས་སྟེ་ཆུང་འདྲིས་བྱམས་པ་གཡུ་སྒྲོན་རེད། ངས་ཤིན་ཏུ་སྙན་པའི་གླུ་གཞས་འདི་གཡུ་སྒྲོན་ལ་བསྐུར་ཏེ་ངེད་གཉིས་འཆི་བྲལ་མ་གཏོགས་གསོན་བྲལ་མི་བྱེད་པའི་དམ་བཅས་རྡོ་རྗེའི་བྲག་ལ་བཞག བྲག་ཞིག་ཀྱང་རི་མོ་ནོགས་མེད་བྱས། འོན་ཀྱང་། ང་རང་གཞན་ཡུལ་དུ་སློབ་གྲྭར་འགྲིམས་ཤིང་། མོའང་ཆ་མེད་ཡུལ་དུ་གནས་ལ་བརྫངས། ངས་དུ་བ་འབྱིན་རྔུབ་བྱས་ཏེངན་པ་ཞིག་འཐེན། ད་ལྟ་གཞས་འདི་ངའི་ཆུང་མ་མེ་ཏོག་ལ་བསྐུར་བར་བྱ་སྙམ་བྱུང་། འོན་ལྐུགས་གྱི་འཇིག་རྟེན་ཞིག་ལ་མཚོན་ན་གླུ་གཞས་ཀྱི་སྐལ་བ་ཆད་མོད། ངས་གཞས་ཚིག་ཡི་གེར་ཕབ་ཏེ་མོ་ལ་བསྐུར། གཞས་ཚིག་ནི་འདི་ལྟ་སྟེ།

   “ལས་དབང་འདི། ཁྱེད་རང་གང་དུ་ཡོད། ངའི་སེམས་སུ་ཉར་ཡོད།ཁྱོད་ནི་ངའི་ནང་སེམས་དཀྲོལ་བའི་དབྱངས་ཀྱི་རྒྱུད་སྐུད་ཕྲ་མོ་དེ་ཡིན། ནམ་ཞིག་ལ།  ཁྱོད་ངའི་གམ་དུ་ལོག་ན། ངའི་ཡིད་སེམས་ཀྱི་དྲན་པ་ཁྱོད་ཡིན།  ངའི་ཚེ་སྲོག་གི་དབྱངས་རྟ་ཁྱོད་ཡིན། ལས་དབང་གི་ལྷ། བུ་མོ་དེ་ཡིན། ང་ཁྱོད་ཀྱི་དོན་དུ་སྐྱེས་པ་མིན་རུང་།  ང་ཁྱོད་ཀྱི་དོན་དུ་འགྲོ་དགོས་བྱུང་སོང་། ཡ་ཆུང་གི་སྲོག  མ་ཆུང་གི་སྙིང་། ཚེ་འདི་རུ་འུ་གཉིས་ལས་དབང་མེད་རུང་། སྐྱེ་བ་གཞུག་མ་སྨོན་ལམ་མཉམ་དུ་བཏབ”ཅེས་པའོ། །

   འོན་ཀྱང་། དབྱངས་རྟ་མེད་པའི་གཞས་ཚིག་ནི་ལན་ཚྭ་མེད་པའི་ཁ་ཟས་ཤིག་དང་འདྲ་ཕྱིར། མེ་ཏོག་ལ་ཚོར་བ་ཅི་ཡང་མི་སྦྱིན་མོད། གཞས་འདི་ནི་ངའི་གཡུ་སྐྱིད་ལ་བཞག་པའི་མནའ་ཚིག་ཅིག་དང་། གཡུ་སྐྱིད་ངེད་གཉིས་ཀྱི་ལང་ཚོའི་མེ་ཏོག་བཞད་སའི་རྫི་ཁང་དེ་དྲན་གསོ་བྱེད་པའི་དྲན་ཤིང་ཞིག་ཡིན། 

བཞི།

   ང་རང་ལས་ཀ་ཅི་ལས་མེད་པར་གཞུང་ལས་ཁང་དུ་བསྡད་དེ་སྐད་འཕྲིན་དུ་མེ་ཏོག་དང་ཁ་བརྡ་བྱས། 

   ངས“ཁྱེད་རང་ཅི་བྱེད་ཀྱི་ཡོད་དམ”ཞེས་དྲིས། 

   མོས“ཁ་རོག་བསྡད་ཡོད”ཟེར།

   ངས“ཡ་ཡ། ཁ་སྔོན་བཤད་མཚམས་ནས་ཁྱོད་ཀྱི་ལོ་རྒྱུས་ལབ་ན་ཆོག་གམ། ང་ད་ལྟ་གཞུང་ལས་ཁང་དུ་ཧ་ཅང་སུན། ང་རང་ཁྱོད་ཀྱི་གཏམ་རྒྱུད་ལ་ཉན་པར་སྤྲོ”ཞེས་བཤད།

   མོ“ཁྱོད་ཀྱིས་ང་ཡི་སྐྱོ་གར་ཉན་སྤྲོ་བ་ཅི་ཡིན་ནམ།   ངའང་རང་གི་སྐྱོ་གར་འདིས་ང་ལ་སྐྱི་གཡའ་བའི་ཚོར་བ་ཞིག་ལས་ཅི་ཡང་མ་སྟེར།ངའི་འདས་མ་ད་གསུམ་གྱི་དཀའ་སྡུག་གི་སྐྱོ་གར་ཉན་ནས་སྙིང་པོ་ཅི་ཞིག་ཡོད་དམ།ང་ནི་ཐོག་མར་ལུས་བསྐྱེད་པའི་ཕ་མ་གཉིས་ཀྱིས་གྲོང་ཁྱེར་ཁྲ་ཁྲ་ཟིང་ཟིང་གི་སྨན་ཁང་ཞིག་ཏུ་གཡུགས་བཞགསྨན་པ་ཚོས་གང་སར་བརྡ་ཁྱབ་བྱས་པ་བརྒྱུདད་ལྟའི་ཕ་ཡར་མ་ཡར་གཉིས་རབས་ཆད་ཡིན་སྟབས་ཁོ་གཉིས་གསོ་སྐྱོང་བྱས།ངའི་ཕ་ཡར་མ་ཡར་གཉིས་ནི་འབྲོག་པ་དཀྱུས་མ་ཞིག་རེད།ཁོ་གཉིས་ཀྱིས་ང་རང་བེའུ་ལུག་འཚོ་རུ་བཅུག་ཅིང་འབྲོག་ལས་བསླབས།ཉིན་ཞིག་རྩེད་རོགས་མཉམ་དུ་རྩེད་མོར་རོལ་སྐབས་ངའི་ཁ་མིག་ལ་ཐལ་ལུད་བཏབ་པ་དང་། གོས་ཀྱི་སྟེང་དུ་སྐྱག་རྫིང་གཏོང་བ་སོགས་བརྙས་བཅོས་མང་པོ་མྱངས། ངས་འཇིག་རྟེན་འདི་རུ་རང་ཉིད་ལ་སྐྱབས་མགོན་ཞིག་མ་རྙེད།རྒྱབ་ཕྱོགས་སུ་འགྲེང་བའི་རི་བོ་མཐོན་པོ་འདི་ངའི་རྒྱབ་རི་མ་ཡིན་བཞིན་དུ། ངས་ས་ཆ་འདི་ནས་ཕ་ཡར་མ་ཡར་ཚུད་པའི་རང་ཉིད་ཀྱི་རྒྱབ་རྟེན་འོས་པའི་མི་ཞིག་གཏན་ནས་མ་རྙེད། ངས་རང་ཉིད་གཅན་གཟན་དང་བྱ་རྒོད་ཀྱི་གྲོང་ནས་ཉུལ་བཞིན་པ་མཐོང་ལ།  བྱེ་ཐང་དང་ཐང་སྟོང་ནས་ནུད་བཞིན་པའི་སྣང་བ་སྟེར།   དེ་རྗེས་ངའི་རྫི་རོགས་ཚོསང་རང་ཀོ་སྦུག་ཅིག་ཏུ་ཐག་པས་བཀྱིགས་ཤིང་རྩག་པ་བཤུས་ཏེ་ཁོ་ཚོས་འདོད་སྲེད་ཀྱི་ཁ་ཆུ་ངའི་གདོང་ལ་གང་འདོད་དུ་བཏབ་པ་དང་། ངའི་འོ་འཛིན་དང་བྷ་གར་ཅི་དགར་རྩེད་ཆས་བྱས་རྗེས་བྲོས། ང་ནི་ཆུ་ལས་ཕྱུངས་པའི་ཉ་མོ་ཞིག་དང་འདྲ། ཁྱེད་རང་དགོངས་པ་མ་ཚོམས།ཁྱེད་ནི་ང་ལ་དགའ་མཁན་ཞིག་ཡིན་པའི་ཆ་ནས།སྐད་ཆ་འདི་དག་ཁྱོད་ཀྱི་རྣ་བར་སྙན་མོ་ཡིན་མི་སྲིད། མ་གཞི་མི་ཚོས་ང་རང་མཛེས་པོ་འདུག་ཟེར་ཞིང་ངས་ཕ་ཡར་མ་ཡར་གྱིས་ང་ནི་མཛེས་མ་ཞིག་འདུག་ཅེས་བསྟོད་བསྔགསབྱེད་མྱོང་།ང་ལ་མཚོན་ན་ལུས་པོ་འདི་ནི་མི་གཙང་རྫས་ཀྱིས་གྲུབ་པའི་ཆ་ཤས་ཤིག་ལས། ཞེན་ཆགས་བྱེད་སའི་གནས་ཤིག་མ་མཐོང་། སྐབས་རེར། ང་རང་བྱ་རྒོད་རྙི་ལས་ཐར་བ་བཞིན་ཕྱི་བལྟས་མེད་པར་འཇིག་རྟེན་འདི་ནས་བྲོས་འདོད། དེ་བཞིན་ང་རང་སློབ་གྲྭ་མཐོ་དམའ་འབྲིང་གསུམ་འགྲེམ་སྐབས་བརྙས་བཅོས་དང་དཀའ་སྡུག་ཚོད་མེད་མྱངས་མཐར།རྒྱལ་ཁབ་ལས་བྱེད་པ་ཞིག་ཐུབ་ཙམ་བྱུང་ཡང་། ལས་དབང་བསམ་ནག་ཞིག་གིས་ཐམས་ཅད་རླུང་ལ་སྤུར་དུ་བཅུག་པ་སྟེ།ང་རང་འོན་ལྐུགས་གྱུར་ཏེ་ལས་ནུས་ཤོར་བ་མ་ཟད། ཁྱོ་གས་བསྐྱུར་ཞིང་མུན་ནག་གི་འཇིག་རྟེན་འདི་རུ་བརྫངས། ད་ལྟ་ང་ལ་སེམས་ཆགས་ས་བུ་མོ་ཆུང་ཆུང་འདི་ཡོད་པ་ལས་ང་ནི་མི་ཡུལ་གྱི་མགྲོན་པོ་ཞིག་དང་འདྲ་བས། གྱེས་པར་འདོད་ནས་ཅ་ལག་ཐམས་ཆད་བསྡུ་གསོག་བྱས་ཤིང་ལམ་ལ་ཆས་རྒྱུའི་གྲ་སྒྲིག་ཚར་ཡོད”ཅེས་བྲིས་འདུག ངས་ཡི་གེ་དེ་དག་ཀློག་སྐབས་སྐྱོ་བའི་ན་བུན་འཁྲིགས་ཡོང་ཞིང་མིག་ཀོང་ནས་སྡུག་བསྔལ་མཚོ་མོ་བྲུག་ནས་མཐོང་ལམ་ཐམས་ད་རབ་རིབ་ཏུ་བཏང་།

ལྔ།

   མོ་ཊའི་སྒེའུ་ཤེལ་འབྱེད་སྐབས། ལམ་གཞུང་དུ་ཁ་བའི་ལོ་མ་དག་སག་སྒྲ་དང་བཅས་བབས། རླུང་གིས་དེད་པའི་ལྷགས་རླུང་བསིལ་པོངའི་ལུས་ལ་གྲབས་ཤིང་ཤ་གསེང་རུས་གསེང་དུ་དཔུང་འཇུག་བྱས་ཏེ་འཁྱབ་སིབ་སིབ་ཏུ་བཏང་། ད་ལྟ་ང་རང་མོ་ཊ་གཏོང་བཞིན་མེ་ཏོག་གི་བུ་མོ་ཆུང་ཆུང་བྱིས་བཅོལ་ཁང་ནས་བསུ་བར་སྐྱོད་ཀྱིན་ཡོད། ད་ལྟ་ང་ནི་མོའི་ཕ་ཡར་ཞིག་རེད། མོས་མཚམས་མཚམས་སུ་མི་གོམས་བཞིན་དུས་ང་ལ་ཨ་ཕ་ཞེས་འབོད་དུས། ངའི་སེམས་ལ་རྒྱུ་མཚན་ཅི་ཡང་མེད་པའི་ཚོར་བ་ཡ་མཚན་ཞིག་སྦྱིན་ཡོང་། བུ་མོ་དེའི་མིང་ལ་གངས་ལྷ་ཟེར། མེ་ཏོག་མོ་རང་གིས་བཏགས་སྐད།  ངས་ནམ་རྒྱུན་ཁོང་མ་སྨད་གཉིས་གྱི་མིང་ལ་གངས་ལྷ་མེ་ཏོག་ཅེས་མཐུད་སྦྱོར་བྱེད་དུ་ཡོད་སྟབས། དེ་ནི་རྐང་བཙུགས་ནས་མེ་ཏོག་གིས་བཏགས་པ་རེད་སྙམ། བུ་མོ་གངས་ལྷ་ཡིས་ང་ལ་ཨ་ཕ་ཞེས་འབོད་དུས། ངས་ང་རང་གི་བྱིས་པ་དེ་དྲན་བྱུང་། ཆུང་འདྲིས་བྱམས་པ་གཡུ་སྒྲོན་ངེད་གཉིས་ཁ་བྲལ་སྐབས། རྫི་ཁང་དུ་བཏབ་པའི་ངེད་གཉིས་ཀྱི་མེ་ཏོག་སྟེ། མོའི་ཁོག་ལ་ཕྲུ་གུ་ཞིག་སྦྲུམ་ཡོད་སྐད། འོན་ཀྱང་། མོ་རང་མནའ་མ་ཡག་པོ་ཞིག་བྱེད་པའི་ཆེད་དང་། ང་རང་སློབ་མཐར་བདེ་བླགས་ངང་ཕྱིན་ཆེད། ངེད་གཉིས་ཀྱིས་དེ་གསང་བ་བྱས་པ་ཡིན། རྗེས་སུ་གཡུ་སྒྲོན་ལ་བཙས་པའི་བྱིས་པ་དེ་ནི་བུ་མོ་ཞིག་ཡིན་པ་དང་། དེའི་མིང་ལ་མེ་ཏོག་ཅེས་བཏགས་སྐད། རྒྱང་རིང་གི་སྐད་ཆ་དེ་ཐོས་དུས་ངའི་མིག་ཆུ་དབང་མེད་དུ་ལྷུང་བྱུང་། རྒྱུ་མཚན་ནི་གཡུ་སྒྲོན་ནི་ཕྱི་ཐག་རིང་པའི་བུད་མེད་ཅིག་སྟེ། ངས་སྐུལ་མ་བྱས་པ་བཞིན་བྱིས་པ་དེའི་མིང་ལ་མེ་ཏོག་ཅེས་བཏགས་པ་རེད་ཨང་། བྱིས་པ་དེ་ནི་གཡུ་སྒྲོན་དང་ངེད་གཉིས་ཀྱིས་རྫི་ཁང་དུ་བཏབ་པའི་མེ་ཏོག་ཆུང་ཆུང་ཞིག་ཡིན། གངས་ལྷ་ཡིས་ང་ལ་ཨ་ཕ་མིན་བཞིན་དུ་ཨ་ཕ་ཞེས་འབོད་པ་ལྟར། ངའི་བུ་མོ་དེས་མི་གཞན་ཞིག་ལ་ཨ་ཕ་མིན་བཞིན་དུ་ཨ་ཕ་ཞེས་འབོད་ཀྱི་ཡོད་སྲིད་སྙམ་ནས་ངའི་ཀླད་པ་རུ་བསམ་གཞིག་ཀྱི་ཁ་བ་སིབ་སིབ་ཏུ་འབབ་སྐབས། གློ་བུར་དུ། ཕྱི་རོལ་གྱི་ཁ་བ་དང་བུ་ཡུགས་ཁྲོད་ནས་ལམ་གཞུང་ཏུ་སློབ་གོས་སྔོ་ཁྲ་གྱོན་པའི་སློབ་མ་ཞིག་མཆོངའོང་གིན་འདུག ངས་རྐང་ཤུགས་ཆེན་པོས་མོ་ཊའི་འཁོར་བསྒག་བསྣན་ཀྱང་། འདྲེད་བརྡར་ཤོར་ནས་གཏན་མ་ཚུགས་པར་སློབ་མ་དེ་བརྡུངས་སོང་། སློབ་མ་དེ་གནམ་ལ་འཕྱོ་ཞིང་གར་སྟབས་སྒྱུར་གྱིན་ས་ལ་ལྷུང་བ་ནི། ཕྱེ་ལེབ་ཅིག་གནམ་ལ་འཕུར་ཞིང་སླར་ཡང་ས་ལ་བབས་པ་དང་འདྲ་ལ། དྭངས་གཙང་གི་འབབ་ཡོང་ཞིང་ས་ལུད་དང་འདམ་སྙིགས་ཁྲོད་ནས་སིབ་སིབ་ཏུ་བྱིངས་འགྲོ་བའི་ཁ་བའི་འདབ་མ་དང་འདྲ། དུས་མཚུངས། ངའི་སྙིང་གི་བྱེའུ་ཆུང་འཕུར་མ་ལྷེབ་དེ་གཟེབ་ལ་ཚུད་པ་ཇི་བཞིན་ལྷེམ་ལྷེམ་གྱིས་བརྡབས། ང་རང་མོ་ཊ་ལས་བབས་ཏེ་ལྟ་སྐབས། མོ་ཊས་བརྡུངས་པའི་སློབ་མ་དེར་མི་ཚོགས་མང་པོ་རུབ་འདུག ངས་སློབ་མ་དེའི་གདོང་མཐོང་མ་ཐག  མཐོང་ལམ་ཐམས་ཅདརབ་རིབ་གྱུར་ཅིངཉེ་འཁོར་གྱི་སྒྲ་འོད་ཟེར་གསུམ་ཅི་ཡང་མི་ཐོས་པར་གྱུར། ངའི་མིག་སྔུན་མངོན་ཡོང་བའི་ཁྲག་དམར་ཙར་རེ་འགོས་པའི་སློབ་མ་དེ་ནི། རང་ཉིད་ཀྱི་བུ་མོ་གངས་ལྷ་རེད། མ་རེད།  མེ་ཏོག་གི་བུ་མོ་གངས་ལྷ་རེད། ངས་ངུ་ངག་དང་བཅས་གངས་ལྷ་པང་དུ་བླངས་ཤིངམྱུར་སྐྱོབ་མོ་ཊབོས། འོན་ཀྱང་། མིག་ཟུང་བཙུམས་ཏེ་སྐྱོ་ཉམས་ཀྱིས་ཁེངས་བའི་གངས་ལྷའི་ངོ་གདོང་དེ་དང་། མོ་ཊའི་སྔུན་ནས་གནམ་ལ་འཕྱོ་བཞིན་པའི་བུད་མེད་དེ་ནི། གངས་ལྷ་དང་མེ་ཏོག་གཉི་ག་ཡིན་པའི་འཆར་སྣང་བྱུང་བ་དང་སྦྲགས། ང་དང་གཡུ་སྒྲོན་གཉིས་ཀྱིས་རྫི་ཁང་དུ་བཏབ་པའི་མེ་ཏོག་གི་ས་བོན་མཚལ་ཁྲག་དེ་སླར་ཡང་དམར་ཆིལ་ཆིལ་དུ་མངོན།

༢༠༢༤ལོའི«གངས་དཀར་རི་བོའི»དུས་དེབ་གསུམ་པ་ལས་བཏུས།


རྩོམ་སྒྲིག་པ། རོང་པོ་རང་འཚོལ། དོ་དམ་པ། རོང་པོ་རང་འཚོལ། 


玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章