སྐྱ་མོ་སེམས།
རྩོམ་པ་པོ། རོང་པོ་རང་འཚོལ།
ཁ་སང་བཏབ་པའི་ཁ་ཆད། །
དཔྱིད་གསུམ་རི་མགོའི་ན་བུན། །
རླུང་པོའི་འགྱུ་ཕྱོགས་ཤིག་གིས། །
ནམ་མཁའི་འཇའ་ལ་འཁྲི་སོང་། །
སྐྱ་མོ་སེམས་ཀྱི་འཕྱོ་འཕྲུལ། །
ཤོག་བུ་ལས་ཀྱང་ཡང་བ། །
ཡིན་ཡིན་འདྲ་བའི་རྗེས་ལ། །
མིན་མིན་གང་ལ་ཡལ་འགྲོ། །
ཟིན་མེད་སྐྱོ་བའི་སྐྱ་རིས། །
འབྲི་སྙིང་ཞེ་ལ་མེད་ཀྱང་། །
ཤ་རྡོག་ཤུན་པའི་སྣང་བ། །
བཀག་ཀྱང་ཁོག་པ་མི་ཡོང་། །
ང་ལ་ཆད་པའི་ང་རང་། །
སྡོང་མགོའི་ཟིལ་བ་འདྲ་བྱུང་། །
ཅང་མེད་སྟན་ཆུང་དེ་རུ། །
ག་ལེར་གཟིམས་ན་འདོད་བྱུང་། །
སྒྲིག་སྦྱོར་བ། རོང་པོ་རང་འཚོལ།