རྒྱལ་རབས་ཤིག་གི་ཡོ་ལངས། ལྷུག་རྩོམ། ར་ས་བསྟན་འཛིན་ཆོས་གྲགས།

民生   2024-09-07 16:56   西藏  





  རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།     


རྒྱལ་རབས་ཤིག་གི་ཡོ་ལངས།

 
རྩོམ་པ་པོ། ར་ས་བསྟན་འཛིན་ཆོས་གྲགས།



   བོད་ཀྱི་གནའ་ཤུལ་རེ་རེར་སླེབས་པའི་གནས་སྐབས་སུ། ལུས་སྟོབས་རྒྱས་ཤིང་ཤ་རྩི་སྨུག་པའི་མེས་པོ་དག་གི་རྔུལ་ཆུའི་ཐིགས་ཕྲེང་རེ་རེའི་ལྗིད་ཚད་དེ། ང་ཚོས་ཐེག་ཐབས་མེད་པ་གཞི་ནས་ཤེས་འོང་ལ། ཁོང་ཚོའི་སྐར་ཆ་གཅིག་གི་དབུགས་ཀྱི་རྒྱུ་བའི་ཆ་ཤས་ནང་། ང་ཚོའི་འདས་མ་ད་གསུམ་ཡོད་ཚད་འདུས་པའི་སྣང་བ་ཞིག་ཀྱང་འགོག་པ་མེད་པར་འཆར་གྱིན་འདུག ལྷག་པར་དུ། མེས་པོ་དག་གི་དགོངས་པའི་ཡལ་ག་རེ་རེར་ཡང་། དེང་གི་མཁས་དབང་མང་པོའི་ཤེས་རབ་རྩལ་ལས་བྱུང་བའི་མེ་ཏོག་མང་པོ་བཞད་ཐུབ་ལ། མེས་པོ་དག་གིས་གཏོད་པའི་ལམ་བུ་རིང་མོ་དེ་ཡི་ཐོག ང་ཚོས་ཚེ་གང་བགྲོད་ཀྱང་བགྲོད་ནས་ཚར་ཐབས་མེད་པ་དེ་ཡིས་ཀྱང་། མེས་པོ་དེ་དག་རླབས་ཆེན་ཡིན་པ་ར་སྤྲོད་བྱས་པ་མ་ཡིན་ནམ། དུས་ཚོད་བཞུར་བཞིན་འདུག མི་རྣམས་བརྗེ་བཞིན་མཆིས། འོན་ཏེ། མངར་སྐྱུར་འདྲེས་མའི་དྲན་པ་རེ་རེ་ཕ་ཡིས་བུ་དང་བུ་ཡིས་བུ་ལ་བརྒྱུད། ཡང་ན་ཚོན་གྱིས་སྡེབ་པའི་ལྡེབས་རིས་རེ་རེར་གྱུར་པའམ། ཡང་ན་མཁར་གྱང་རེ་རེའི་གཟུགས་སུ་སྤྲུལ་ཏེ་ང་ཡི་མདུན་དུ་གར་སྟབས་ལིང་ལིང་བསྒྱུར་གྱིན་པས། དྲན་པ་རྩ་ཆེན་དེ་དག་སླར་ཡང་བདག་གི་བག་ལ་ཉལ་གྱི་འདུ་ཤེས་གཏིང་ནས་ལྕག་ཚན་བྲབ་པ་ཇི་བཞིན་ཧར་གྱིས་བསླངས་དགོས་བྱུང་། 
   རྟ་ཕོའི་རྨིག་པས་ས་གཞི་མནན་ཞིང་། མདའ་མདུང་རྣོན་པོས་ནམ་མཁའ་གཤགས་པའི་དུས་སྐབས་ཏེ། སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་གྱི་ཆུ་རྟ་ལོར། བྲག་དམར་བྱ་བའི་ཕོ་བྲང་དུ། ཕྲུ་གུ་ཞིག་གི་ངུ་སྐད་ལྷང་ལྷང་གྲགས་བཞིན་ཡོད། ནང་འཁོར་ཡོད་ཚད་ཕར་རྒྱུགས་ཚུར་རྒྱུགས་བྱེད་ཀྱིན་རྒྱལ་སྲས་བལྟམས་ཚུལ་རྒྱལ་ཁང་ཀུན་ཏུ་སྒྲོག་བཞིན་འདུག ཡུམ་གྱིས་ཀྱང་རང་གི་གཅེས་ཕྲུག་པང་དུ་ཡུད་ཙམ་བཟུང་ཞིང་མིག་གཉིད་ཅེར་རེར་དེ་ཡི་ངོ་ལ་བལྟས་ཏེ་ནད་མེད་ཚེ་རིང་ཡོང་བའི་སྨོན་པ་བཏབ། དེ་ཉིད་སླར་ཡང་རྒྱལ་པོའི་ཕྱག་ཏུ་གཏད་པས། རྒྱལ་པོས་ཕྲུ་གུ་དེ་ཉིད་རི་བོ་ལས་ཀྱང་ལྕི་བའི་སྣང་བ་འཆར་ལ། རྡུལ་བཞིན་འཚུབ་པའི་ཆབ་སྲིད་ཁྲོད་དུ་བུ་དེའི་མདུན་ལམ་ཐད་ལ་དངན་པ་རིང་པོ་ཞིག་ཀྱང་འབྱིན་ཡོད་ངེས། གང་ལྟར་ཡང་། སྐབས་དེར། ཁོར་ཡུག་ཡོད་ཚད་སྒྲོན་མེའི་འོད་ཀྱིས་བཀངས་ཤིང་། མཁའ་དབུགས་ཐམས་ཅད་བསངས་ཀྱི་དུད་སྤྲིན་འཕྱུར་བ་དང་། ཕན་ཚུན་སྡང་མིག་བགྲད་བཞིན་ཡོད་པའི་བན་བོན་གཉིས་ཀྱི་ཆོས་པས་ཀྱང་། རང་གི་ནམ་མཁའ་རྒྱ་ཆེར་བསྐྱེད་ཆེད་རྒྱལ་སྲས་དེ་ཡི་དོན་དུ་བསྔོ་བ་རིམ་གྲོ་སྣ་མང་བྱེད་བཞིན་ཡོད་ཚོད་རེད། ཕྲུ་གུ་དེས་ངུ་སྐད་སྒྲོག་པའི་ཉིན་ནས་བཟུང་། གངས་རིའི་ལྗོངས་འདིར་འགྱུར་ལྡོག་ཆེན་པོ་འབྱུང་ངེས་ཡིན་པ་དང་། ག་ལེར་ཕྱིས་ཀྱི་ལོ་ཟླ་དང་། ལོ་ཟླ་དེ་ལས་ཕྱུངས་བའི་སྣོད་བཅུད་ཡོངས་ལ་ཁ་ལོ་བཟློག་ཏུ་མེད་པ་བསྒྱུར་ངེས་ཡིན་པ་སྐབས་དེར་སུ་ཡི་བློ་ལ་ཆུད་ཐུབ་བམ། 
   རྒྱུན་དུ་བོད་ཀྱི་ལོ་རྒྱུས་སྐོར་གྱི་སློབ་ཚན་འཁྲིད་པའི་སྐབས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་ཐོན་མ་ཐག དགེ་རྒན་རྣམས་ཀྱི་ངོ་ལ་རང་བཞིན་ངང་ནས་འཛུམ་ཞིག་ག་ལེར་འཚེར་ནས་འོང་། དུས་སྐབས་དེར། སྟོད་ཀྱི་རྒྱ་གར་ཆུ་བོ་གངྒཱ་ཚུན་ཆད་དང་སྨད་ཀྱི་རྒྱ་ནག་ཁྲང་ཨན་བར་དུ་རྒྱ་སྐྱེད་བྱ་ཚུལ་སྐོར་རགས་ནས་ཤོར་བའི་ཆུ་བོ་བཞིན་དུ་ཆད་པ་མེད་པར་བརྗོད་སྲིད་ལ། སློབ་མ་དག་གིས་ཀྱང་མགོ་བོ་སྒུར་ཏེ་ཟིན་བྲིས་བློ་ཡིད་ཚིམས་པ་བཀོད་དེ་ངོ་ནས་འཛུམ་ཞིག་ཕྱུངས། དགེ་སློབ་གཉིས་ཀྱི་འཛུམ་མདངས་དེས། སྐབས་དེའི་ལོ་རྒྱུས་ཐོག་གི་མཚོན་ཆ་ཕན་ཚུན་འཐབ་པའི་ལྕགས་སྒྲ་དེ། རོལ་མོ་དཀྲོལ་བའི་སྙན་དབྱངས་ཤིག་ཏུ་གྱུར་ཐུབ་ལ། གསོད་གསོད་རྒྱོབ་རྒྱོབ་ཅེས་པའི་ངར་སྒྲའང་། གཡུལ་ལས་རྒྱལ་བའི་ཀི་ཀི་བསྭོ་བསྭོའི་སྔོན་འགྲོ་ལྟ་བུ་ཡིན་པའི་སྣང་བ་ཞིག་ཀྱང་བསྟེར་ངེས་ཡིན། ཆོས་པ་དག་གིས་ཀྱང་། ཁྲི་སྲོང་ལྡེ་བཙན་སྐབས། སད་མི་མི་བདུན་བྱུང་ཚུལ་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས་པའི་སྐོར། སྟོན་རྩེན་གཉིས་ཀྱི་རྩོད་པ་ལས། ལྟ་བ་ཀླུ་སྒྲུབ་ཇི་བཞིན་དགོས་ཚུལ་སོགས། སྒྲུང་དང་ལོ་རྒྱུས་འདྲེས་མའི་ཤོད་ཚུལ་མང་པོ་སྨིན་པ་གཟེངས་བཞིན་བརྗོད་ཀྱང་སྲིད། འོན་ཏེ། ཞིབ་ཀྱིས་བལྟས་ན་ཁོང་ཚོའི་འཛུམ་མདངས་དེ་དང་སྨིན་མའི་འོག་ན་སྔར་བཞིན་སྐྱོ་ཉམས་ཤིག་ཀྱང་བསྐུངས་ཡོད་དེ། ཁོང་ཚོས་རྒྱལ་རབས་གསུམ་བཞི་འདས་པའི་རྗེས། འབངས་རྣམས་གྱེན་ལོག་བྱེད་ངེས་ཡིན་པ་ཚོར་གྱི་ཡོད་པས་ཡིན་ངེས་ལ། བཙན་པོའི་རྒྱལ་རབས་དེའང་གངས་རིའི་ཁུག་སོ་དེ་ནས་འཇའ་བཞིན་ཡལ་ངེས་ཡིན་པ་ཤེས་ཀྱི་ཡོད་པས་ཡིན། གང་ལྟར་ཡང་། དེ་ནི་འགྱེལ་ཞིང་ལངས་ལ། ལངས་ཤིང་འགྱེལ་བའི་ལོ་རྒྱུས་ཤིག་གི་དངོས་དོན་ཡིན་པ་ལས། རྩོམ་རིག་བརྩམས་ཆོས་ལྟར་རང་གི་འདོད་ཐོག་ཇི་བཞིན་བསྒྱུར་ཏུ་ཡོད་པ་དེ་འདྲ་ག་ལ་ཡིན། ནམ་མཁའ་སྔར་བཞིན་སྔོ་ཞིང་དྭངས། རི་བོ་སྔར་བཞིན་བརྗིད་ཅིང་བརྟན། ལོ་རྒྱུས་ཀྱང་། ནམ་མཁའ་ཞེས་པའི་རྣམ་རྟོག་མི་འཇིག་བར། རི་བོ་ཞེས་པའི་ཐ་སྙད་མ་སྟོངས་བར། སྔར་བཞིན་མདུན་ནས་མདུན་དུ་བསྐྱོད་ངེས་ཡིན། 
   དུས་ཀྱི་རླུང་འཚུབ་ཡོད་ཚད་འཇགས་པའི་རྗེས། ཤུལ་དུ་ལུས་པ་ནི། ཡུལ་གྱི་ངོས་སུ་འབུར་གཟུགས་བཞིན་དུ་བཞེངས་པའི་ལྷ་ཁང་རེ་རེ་དང་། སེམས་ཀྱི་ངོས་སུ་བརྐོས་དཀྲོལ་ཇི་བཞིན་བརྒྱན་པའི་དད་མོས་ཁོ་ན་རེད། ང་རང་གཅིག་པུ་གི་གུ་ཕྱི་ལོག་ཁོ་ནས་བྲིས་པའི་བསམ་ཡས་རྡོ་རིང་མདུན་དུ་ལངས་ཏེ་ཡི་གེ་དེ་དག་ཞིབ་པར་བཀླགས་ཐེངས་རེར། སྐབས་དེའི་ཡིག་བརྐོས་མཁན་པོའི་སྒམ་ཞིང་ནན་པའི་བཞིན་མདངས་དེ་ཉིད་མངོན་ཡོང་ལ། མེས་པོ་དེས་ཡི་གེ་རེ་རེ་བརྐོས་པའི་རྗེས། དཔྲལ་བའི་ཐོག་ནས་བཞུར་ཏེ་ཡོང་བའི་རྔུལ་ཆུ་འབྱིད་ཞོར་དུ། ཕོ་བྲང་ནང་གི་འགལ་བ་དག་ལ་དངན་པ་རིང་པོ་ཞིག་ཀྱང་འཐེན་གྱིན་ཡོད་ཚོད་རེད་ཨང་སྙམ། ཕོ་བྲང་ནང་གི་བཙན་པོས་ཀྱང་ཉིན་མཚན་ཀུན་ཏུ་ཉེ་འཁོར་རྒྱལ་ཁབ་རྣམས་དང་ཞི་དྲག་གཉིས་ཀྱི་ཐོག་ནས་འབྲེལ་དྲིས་ཇི་ལྟར་བྱེད་མིན་དང་། བསམ་ཡས་ཇི་ལྟར་བཞེངས་གྲུབ་ཡོང་ཐབས་སྐོར། མཁན་སློབ་ཇི་ལྟར་གདན་འདྲེན་ཞུ་ལུགས་སྐོར། དེ་བཞིན་འཁོར་དུ་ཡོད་པའི་བློན་པོས་རང་གི་བཀའ་ལ་དང་ལེན་བྱེད་མིན་དང་། ལྟ་བ་རྣམ་དག་གཏན་ལ་འབེབས་ཆེད་སྟོན་རྩེན་གཉིས་ཀྱི་རྒྱལ་ཕམ་དབྱེ་བ་འབྱེད་ཚུལ་སོགས། མི་རིགས་ཤིག་གི་ཆགས་འཇིག་ཐད་ལ་འབྲེལ་བ་ཡོད་པའི་གནས་ཚུལ་མང་པོ་ཞིག་ལ་ཡང་ནས་བསྐྱར་དུ་ཉིན་མཚན་སྦྲེལ་ཏེ་བསམ་གཞིག་གནང་བའི་གོ་རིམ་ཡོད་ཚད་དམ། ཡང་ན་རིག་གནས་དེ་ཉིད་ཁོང་ཚོའི་ཚེ་སྲོག་ཅིག་ཏུ་གྱུར་བ་དང་། ཚེ་སྲོག་དེས་ཀྱང་རིག་གནས་དེ་ལ་དམ་དུ་འཁྱུད་པའི་སྙིང་སྟོབས་དེ་ལ་བློས་རྟོག་བྱེད་ཐེངས་རེར། ཆང་དཀར་དམ་དུ་བཟུང་བའི་བདག་གི་ལག་པ་གཉིས་ཀྱང་ངང་གྱིས་འདར་འོང་ལ། ངག་ནས་ཁྲོལ་བའི་བཀྲ་ཤིས་དུས་བཟང་ཞེས་པའི་གླུ་ཚིག་དེ་ཉིད་ཀྱང་། མེས་པོའི་སྡུག་བསྔལ་ཡོད་ཚད་རང་གི་སྐྱིད་པའི་གླུ་རུ་བླངས་པའི་སྣང་བ་ཞིག་ཀྱང་སྟེར་ནས་བྱུང་། སྐབས་དེར། བདག་གིས་བསམ་ཡས་མཐའ་ན་ཡོད་པའི་ཧས་པོ་རི་ཡིས་བདག་ལ་མེས་པོའི་ལོ་རྒྱུས་ཐེངས་ཤིག་བརྗོད་ན་ཇི་འདྲའི་དགའ་ཨང་སྙམ་མྱོང་ལ། བདག་གི་རྐང་པའི་ཉེ་སར་ཡོད་པའི་ས་གཞིའི་དབུས་ནས་མེས་པོའི་ཞབས་ཀྱི་ཆེ་ཆུང་གཞལ་བར་ཐུབ་ན་ཇི་འདྲའི་ངོམ་མཚར་ཆེ་ལུགས་བརྗོད་ཀྱང་མྱོང་། ལྷག་པར་དུ། སྔོ་ཞིང་དྭངས་བའི་ནམ་མཁའི་དཀྱིལ་འཁོར་ལས། རྒྱལ་རབས་ཤིག་གི་མེས་པོ་རྣམས་ཀྱི་སྨུག་ཅིང་རྒྱས་པའི་བཞིན་རས་ཐེངས་གཅིག་མཇལ་བའི་སྨོན་པ་གྲངས་མེད་བཏབ་ཀྱང་མྱོང་། 
   མཇལ་སྐོར་བ་མང་པོ་ཞིག་གིས་བསམ་ཡས་དགོན་པ་ནི་རང་བྱུང་ལྷུན་གྱིས་གྲུབ་པའི་གནས་མཆོག་དང་། ཡང་ན་ལྷ་དང་བླ་མས་བྱིན་གྱིས་བརླབས་པའི་དག་ཞིང་ཞིག་ཏུ་སེམས་བཞིན་ཡོད། བརྙན་འཕྲིན་ཐོག་ནས་ཀྱང་། བསམ་ཡས་དགོན་པའི་གནས་ཚུལ་ཐེངས་མང་ངོ་སྤྲོད་བྱས་ནའང་། མེས་པོ་རྣམས་པའི་བློ་གྲོས་རིན་ཐང་བྲལ་བ་ཡིན་ཚུལ་དང་། དེ་རུ་བཞུགས་སུ་གསོལ་བའི་སྐུ་གསུང་ཐུགས་རྟེན་ཇི་འདྲའི་ངོ་མཚར་ཆེ་ལུགས་བརྗོད་པ་ལས། ལོ་ངོ་སྟོང་ཕྲག་གཅིག་གི་སྔོན་རོལ་ན། གནས་དེར་བསམ་ཡས་ཆོས་རྩོད་ཆེན་མོ་ཞེས་པའི་བོད་མིའི་ལྟ་བའི་འཁྱོག་མཚམས་ཤིག་གི་རླུང་འཚུབ་ཆེན་པོ་ལྡང་ཚུལ་མི་བརྗོད་ལ། ཟླ་འོད་རབ་རིབ་གྱུར་བའི་མཚན་མོའི་སྟོང་འཇགས་ཁྲོད། བསམ་ཡས་སྒྲ་སྒྱུར་གླིང་དུ་ཀཱ་མ་ལ་ཤི་ལ་ཡང་མཁལ་མ་མཉེད་དེ་བཀྲོངས་པའི་གྱོད་དོན་དེའང་སུས་ཀྱང་གླེང་འདོད་གཏན་ནས་མེད་པ་འདྲ། ད་དུང་བསམ་ཡས་བྱེ་མའི་ཕུང་པོའི་ཁྲོད་དུ་སུམ་གཉིས་དབང་དུ་བསྒྱུར་བའི་རྒྱལ་པོའི་སྤྱན་ཆབ་སིམས་ཚུལ་སུ་ལའང་སྣང་དོགས་དེ་ཙམ་མེད། དུས་ཚོད་ཀྱིས་སྐྱོ་གདུང་འདྲེས་མའི་དྲན་པ་ཡོད་ཚད་ག་ལེར་གསང་བའི་སྒྲོམ་དུ་གཏེར་བཞིན་སྦས་པ་ཡིན་ངེས་ལ། ཡང་ན་ང་ཚོར་སྐྱོ་གདུང་དེ་ལ་ཐད་ཀར་གདོང་ཐུག་བྱེད་པའི་གོམས་གཤིས་མེད་པས་ལན་པ་ཡིན་ཡང་སྲིད། ཡང་མཁས་དབང་མང་པོའི་ཉམས་སྣང་ཁོ་ན་བརྗོད་པ་ལས། མཆོད་མེ་འཁྱེར་བའི་མི་ཚོགས་དེ་དག་ལ་ལོ་རྒྱུས་ཐོག་ཏུ་གར་སྟེགས་དེ་ཙམ་དབང་མྱོང་མེད་པ་འདྲ། འོན་ཏེ་ཁོ་ཚོར་འཚིག་ཟ་གཏན་ནས་ཡོད་མ་མྱོང་། ཁོ་ཚོས་རང་གི་བསམ་འདུན་ཡོད་ཚད་ཧ་ཅང་སྟབས་བདེའི་ངང་། མ་ཎི་ཡིག་དྲུག་གམ་བཛ་གུ་རུའི་ནང་དུ་བསྡུས་ནས་ཡོད་ཀྱང་སྲིད། ཁོང་ཚོས་ཆོས་ཀྱི་ནང་སྙིང་རྒྱ་ཆེ་གཏིང་ཟབ་ངང་ནས་རྟོགས་པའི་གོ་སྐབས་བྲལ་ནའང་། ཁོ་ཚོའི་འགྱུར་བ་མེད་པའི་དད་མོས་དེ། ལྕགས་རིའི་ཚུལ་གྱིས་ལོ་ངོ་སྟོང་ཕྲག་གཅིག་ལ་འགྱེལ་མྱོང་གཏན་ནས་མེད། ཁོ་ཚོས་ཨར་ཀ་བཅགས་པའི་གླུ་དབྱངས་ཁྲོད། ཐེངས་གྲངས་མང་པོར་ཞིག་རལ་གྱུར་པའི་བསམ་ཡས་དགོན་པར་སླར་ཡང་གཟི་ཉམས་གཏོད་མྱོང་ལ། ལུས་ཀྱི་རྔུལ་ཆུས་བསྐྱངས་པའི་ཟང་ཟིང་ཡོད་ཚད་ཀྱང་། བསམ་ཡས་དགོན་པའི་ལྡེབས་རིས་དང་། ལྷ་ཁང་ནང་གི་སྐུ་འདྲ་རེ་རེའམ། ཡང་ན་གྱང་གི་ངོས་སུ་བརྩིགས་པའི་གླེགས་བམ་རེ་རེའི་ཚུལ་གྱིས་མི་རབས་མི་རབས་བརྒྱུད་ཅིང་འདུག འོན་ཏེ། ཁོང་ཚོས་སྤོས་པའི་གོམ་སྟབས་རེ་རེ་ནི། ལོ་རྒྱུས་དེབ་ཐེར་ཁྲོད་དུ་དེ་འདྲའི་ཐུང་ཞིང་སྐྱ་རིས་ཙམ་ལས་ང་ཚོས་ཅི་ཡང་མཐོང་ཐབས་མེད། 
   ལོ་ལྟར་བསམ་ཡས་དགོན་པར་སླེབས་ཐེངས་རེར། བསམ་ཡས་དགོན་པ་ནི་ནམ་ཡང་གབ་ཚིག་ཅིག་དང་ཧ་ཅང་འདྲ། ལོ་རྒྱུས་ཐོག་གི་དོན་གནད་མང་པོ་ཞིག་ད་དུང་ང་ཚོར་ལྐོག་གྱུར་ཡིན་སྲིད་ལ། ང་ཚོས་ད་ལྟ་འདོད་པའི་བློན་པོ་ཆོས་ལ་གནག་པ་དེ་དག་ཀྱང་། སྲིད་ལ་ལྷག་བསམ་རྣམ་དག་མེད་ཅེས་སུ་ཡིས་ཚིག་ཐག་བཅད་དེ་བརྗོད་པར་ནུས། རྒྱལ་རབས་ཤིག་གི་ཡོ་ལངས་ཁྲོད། ཁོང་ཚོའི་མཚན་རྣམས་ག་ལེར་མཆོད་རྟེན་ནག་པོ་ཞིག་གི་འོག་ན་མནན་མོད་ཀྱང་། ཁོང་རྣམས་ཚོས། རང་གི་ལྷག་བསམ་མངོན་དུ་གྱུར་ཐབས་མེད་པའམ། རྒྱལ་རབས་ཤིག་གི་བདེ་སྡུག་ཆེད་དུ་ལྐོག་ཏུ་ཐེངས་མང་བཤུམས་པ་སུ་ཡིས་རྟོགས། ལོ་རྒྱུས་ནི་དུས་ཀྱི་གོ་རིམ་ཇི་བཞིན་བྲིས་པ་ཡིན་མོད་ཀྱང་། དེ་ནི་དུས་ཚོད་གཅིག་པུར་དབང་བ་མ་ཡིན་ལ། ལོ་རྒྱུས་ལ་ཡུལ་གྱི་དར་རྒུད་རབ་དང་རིམ་པ་བསྟར་བའི་ཁྱད་ཆོས་ལྡན་མོད་ཀྱང་། དེ་ནི་ཡུལ་ཙམ་ཁོ་ནར་ཞེན་པ་ཞིག་ཀྱང་གཏན་ནས་ཡིན་དོན་མེད། རེད་དེ། ཆར་པ་ཐེངས་ཤིག་བབས་པའི་རྗེས། རྡུལ་འཚུབ་ཡོད་ཚད་འཇགས་སྲིད་རུང་། བཞའ་ཚན་ཡོད་ཚད་རླངས་པར་གྱུར་པའི་རྗེས། རླུང་བུ་ཞིག་དང་འགྲོགས་ཏེ་སླར་ཡང་རྡུལ་འཚུབ་ལངས་ངེས་ཡིན། 
   དེ་ལྟར་རྒྱལ་རབས་ཤིག་གི་ཡོ་ལངས་རྗེས། ཡོད་ཚད་ཧ་ཅང་ལྷིང་འཇགས་ལྟ་བུར་སྣང་ནའང་། ང་རང་གཏན་ནས་གཉིད་མི་ཁུག བདག་གི་འདྲེན་བྱེད་དུ། བཙན་པོའི་སྤྱན་ཆབ་བཞུར་ཞིང་དོང་དུ་ལྷུང་བའི་སྤྱན་གཉིས་འཁོར་ཡོང་ལ། ཀཱ་མ་ལ་ཤི་ལ་མཁལ་མ་མཉེད་དེ་བཀྲོངས་པའི་སྐབས་ཀྱི་སྡུག་བསྔལ་དྲག་པོ་འདོན་པ་དེའང་སིང་སིང་ངང་ནས་ཐོས་ཏེ་ཡོང་། ད་དུང་སློབ་དཔོན་པདྨ་འབྱུང་གནས་ཀྱང་བོད་ནས་ཐེངས་འགར་གཞན་དུ་བྱོལ་བ་དེ། ང་ཚོས་ལོ་རྒྱུས་དེབ་ཐེར་ཐོག་ནས་རྙེད་དུ་མེད་པའི་འགལ་བ་ཤིན་ཏུ་ཆེན་པོ་ཡོད་ཚུལ་དེ་དག་དྲན་གྱིན་འདུག ལྷག་པར་དུ། བོད་མིའི་བསམ་པའི་འཁྱོག་མཚམས་ཤིག་དང་འབྲེལ་བའི་བསམ་ཡས་ཆོས་རྩོད་ཆེན་མོའི་སྐབས་ཀྱི་རྣམ་པ་ཛ་དྲག་དེ། ད་ལྟའང་། བསམ་ཡས་དགོན་པའི་མཁའ་དབྱིངས་ངོས་སུ་དཀྲིགས་ཏེ་ཡོད་པའི་སྣང་བ་ཞིག་ཀྱང་འགོག་མེད་འཆར་ནས་འོང་། དེ་ལྟར། རྒྱལ་རབས་ཤིག་གི་ཡོ་ལངས་མཇུག་འགྲིལ་རྗེས། བསམ་པའི་ཐོག་གི་འོད་ཟེར་དེ་ཉིད་ག་ལེར་འཚེར་བཞིན་འདུག དེ་ནི་ཡུལ་དུས་གཉིས་ལས་འཕགས་པའི་ནུས་པ་ཞིག བསམ་པའི་རིག་གནས་ཐོག་ཏུ་ཡོད་པས་ཡིན་ངེས་རེད། 
   སྐབས་འདིར། བཙན་པོས་རྒྱལ་རབས་ཤིག་ལ་ཡོ་ལངས་དེ་ལྟར་བསྐྲུན་དོན་ཅི་ཞིག་ཡིན་པ་གཞི་ནས་རྟོགས། 

༢༠༡༤-༥-༢༢
ཆེད་དེབ«ཕལ་པའི་རང་མདངས»ལས་དྲངས།
སྒྲིག་སྦྱོར་པ། རོང་པོ་རང་འཚོལ།



玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章