དུས་ཚོད། ལྷུག་རྩོམ། རོང་པོ་རང་འཚོལ།

民生   2024-10-07 11:44   西藏  





  རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།     


དུས་ཚོད། འཁྱུག་འཁྱུག་གིས་བཞུར་གྱིན་འདུག

 
རྩོམ་པ་པོ། རོང་པོ་རང་འཚོལ།




   དུས་ཚོད་ནི། བར་མེད་དུ་བཞུར་འགྲོ་བའི་གཙང་ཆུ་ཞིག་དང་འདྲ་སྟེ། ལྷོད་ལྷོད་དུ་འདུག་པའི་སྐྱེ་བོ་ཚོའི་གམ་ནས་གསལ་ལ་མི་གསལ་གྱིས་བཞུད་འགྲོ་བ་ཞིག་དང་། དུས་ཚོད་ནི། ལམ་ལམ་དུ་གསལ་བའི་སྐྱ་མདའ་ཞིག་དང་འདྲ་སྟེ། བག་མེད་ངང་ཉལ་བའི་གཞོན་ནུ་ཚོའི་མགོ་ཐོག་ནས་འཕུར་ལྡིང་གིས་ཡལ་འགྲོ་བ་ཞིག་ཡིན། དུས་ཚོད། བརྙན་མིག་ནང་གི་པར་ངོས་དེ་དག་དང་ཡང་འདྲ་སྟེ། ལམ་ཙམ་ལམ་ཙམ་གྱིས་རྣམ་པ་འགྱུར་ཞིང་མགོ་མཇུག་བསྒྱུར་འགྲོ་བ་ཞིག དུས་ཚོད། ཉམས་མ་བཞག་པ་དག་གི་སྟོང་འདང་དང་གཉིད་མི་བདེ་བ་དག་གི་རྨི་ལམ་ལྟ་བུ་ཞིག་སྟེ། རེས་གསལ་རེས་མོག་གིས་རྫོགས་འགྲོ་བ་ཞིག་གོ །
   བྱིས་དུས་སུ། དུས་ཚོད་ནི་རྡོག་འོག་གི་རྩྭ་ཐང་ལེབ་ལེབ་དེ་དག་དང་འདྲ་ཞིང་། ང་ཚོས་དུས་ཚོད་ཀྱི་བྲང་གཞུང་དུ་འཁྱམ་ཉུལ་དང་རྩེད་འཇོ་ཁོ་ནར་གཡེང་། རྩྭ་ཐང་ཁ་ཞེང་ཆེ་བ་བཞིན་དུས་ཚོད་ཀྱང་ཤོང་སྟོབས་ཧ་ཅང་ཆེ་བས། ང་ཚོར་དབང་བ་ཡང་ནམ་ཉིན་འགྲོ་འོང་མི་ཚོར་བའི་དུས་ཚོད་ཀྱི་ཆ་ལག་རིང་པོ་ཞིག་ཡིན། དུས་ཚོད། སྐབས་རེ་བྱིས་པ་ཆུང་ཆུང་དག་གི་མགོ་ཐོག་ཏུ་འབྱར་ནས་ཁོ་ཚོའི་གནག་སྣུམ་གྱི་སྐྲ་ལོ་ག་ལེར་ཕྱི་རུ་འབྱིན་ཡོང་ཞིང་། སྐབས་རེ་བྱིས་པ་ཆུང་ཆུང་དག་གི་རྡོག་སྣེ་རུ་འཁྱུད་ནས། ཁོ་ཚོའི་གོམ་འགྲོས་ལ་ཁ་ལོ་བསྒྱུར་ཅིང་མཐུ་དཔུང་སྩོལ། དུས་ཚོད། ནེམ་ནེམ་གྱིས་བྱིས་པ་ཚོའི་མགྲིན་སྒོ་རུ་འཚངས་ཡོང་ནས། ཁོ་ཚོའི་སྐད་ངག་ཇེ་མཐོ་ནས་ཇེ་སྦོམ་དུ་བསྒྱུར་འགྲོ། དེ་དུས། དུས་ཚོད་ནི་བྱིས་པའི་རྩེད་རོགས་ཤིག་ཀྱང་ཟེར་ཆོག་སྟེ། བྱིས་པ་ཚོ་སྐབས་རེ་ལྷས་འདབས་སུ་བཅོལ་ནས་རེའུ་ལུག་དང་ལྷན་དུ་སྙོར། སྐབས་རེ་དྭངས་གཙང་གི་རྫིང་བུར་བསྐོངས་ནས་ཆབ་ཀྱི་དཔལ་ལ་རོལ་དུ་འཇུག སྐབས་རེ་མེ་ཏོག་གི་ཚལ་དུ་ཁྲིད་ནས་དེ་ཚོར་མེ་ཏོག་གི་ཞྭ་མོ་སླ། མེ་ཏོག་གིས་མཁུར་ཚོས་རྒྱན། ད་དུང་དཀར་འཇམ་ལྕུག་ཕྲན་འདྲ་བའི་བྱིས་པ་ཚོའི་ལག་ཆུང་ནང་དུ་མེ་ཏོག་ཚོམ་བུ་རེ་བཅུག་ནས་ཕྱིར་རང་ཁྱིམ་དུ་ཁྲིད་འགྲོའོ། །
   ཡང་ན། དུས་ཚོད་ནི་ཚེ་སྲོག་ཡོངས་ཀྱི་རེ་སྦྲ་གྲུ་བཞི་ཞིག་དང་འདྲ་བ་སྟེ། དེ་ཡི་ནང་དུ་འགྲོ་བ་ཡོད་ཚད་ག་ལེར་སྐྱེ་སྟོབས་འབར་ཞིང་། དུས་ཚོད་ནི། སྣོད་བཅུད་ཀུན་གྱི་སྟོང་ཁྱམས་ཟླུམ་པོ་ཞིག་དང་འདྲ་སྟེ། དེ་ཡི་ལྟེ་བར་འཇིག་རྟེན་ཧྲིལ་པོ་ཆགས་འཇིག་གནས་སྟོང་རྩོམ། དུས་ཚོད། ཆེ་ཆེར་བསྐྱེད་ན་སྲིད་པ་ཧྲིལ་པོ་ཁྱོད་ཀྱི་སྟན་ལ་འཁྱིལ་ཞིང་། ཆུང་དུ་བཏང་ན་འཇག་མའི་རྩེ་མོར་ཡང་ཁྱོད་ཉིད་ཏན་སེ་གནས་ཐུབ། དུས་ཚོད། ཡང་བཤད་ན་བདལ་གླ་རྒྱུག་མཁན་གྱི་འཁོར་རིགས་ཤིག་དང་འདྲ་བ་སྟེ། འཁྱུག་ཙམ་འཁྱུག་ཙམ་གྱིས་འགྲོ་མི་ཚོ་ཕར་བསྐྱལ་རྗེས། ཡང་བསྐྱར་འཁྱུག་ཙམ་འཁྱུག་ཙམ་གྱིས་འོང་མི་ཚོ་ཚོར་བསུ་དགོས། ངོ་མ་དུས་ཚོད་ནི་དེ་ལྟར་ཡང་སྐོར་བསྐྱར་སྐོར་གྱིས་རྒྱུག་ཆོག་པ་ཞིག་ཡིན་ཡང་། དུས་ཚོད་ཀྱིས་བསྐྱངས་པའི་ཚེ་སྲོག་དང་། སྐྱེ་དངོས། བྱ་གཞག་ཐམས་ཅད་ནི་གཅིག་མཇུག་གཉིས་མཐུད་ཀྱིས་ཡལ་འགྲོ་བ་ཞིག་སྟེ། དེ་ནི་དུས་ཚོད་དང་དུས་ཚོད་མ་ཡིན་པའི་གྲལ་རིམ་ཞིག་ཀྱང་ཡིན།
   དེ་ལྟར། དུས་ཚོད་ཀྱིས་གནའ་མི་ཚོ་ཕར་ལ་བསྐྱལ་ཏེ་ཁོ་ཚོའི་ཤུལ་བཞག་ཡོད་ཚད་ང་ཚོའི་ལག་ཏུ་སྤྲད་ཟིན་ལ། ཁོ་ཚོའི་རེ་སྨོན་དང་འདུན་པ་ཐམས་ཅད་ཀྱང་ང་ཚོའི་ཕྲག་ཏུ་ཕབ་ཟིན། ད་དུང་དུས་ཚོད་ཀྱིས་ད་ལྟ་བའི་སྐྱེ་བོ་ཀུན་གྱི་ནང་ནས་ཧྲག་འདེམ་བྱས་ཏེ་དེ་དག་ཀྱང་ཕར་ཕར་ཕར་ལ་སྐྱེལ་བཞིན་ཡོད་པས། དོན་དུ་དུས་ཚོད་ཀྱི་ལས་སུ་བྱ་བ་ནི། ཡོད་པོ་མེད་པོར་གཏོང་རྒྱུའི་འཆར་གཞི་ཆོ་མེད་པ་ཞིག་ཡིན། དུས་ཚོད། མཛུབ་མོ་ནར་ནར་གྱིས་ཤོར་ཡོང་སྟེ། བགྲེས་སོང་ཚོའི་དཔྲལ་བ་རུ་གཉེར་རིས་འབེབ་ཅིང་ལོ་ལོན་ཚོའི་བཞིན་མདོག་དང་སྐྲ་ཚོན་སྒྱུར། ཁ་ཡི་སོ་ཕྲེང་གཏོར། ལག་གི་འཁར་བ་འཕྲོག ཐ་ན་མཐའ་མཇུག་གི་དབུགས་ཁམ་གང་དེའང་བསྡུས་ཏེ་འཇིག་རྟེན་ཕྱི་མའི་ཡུལ་དུ་སྐྱེལ་འགྲོ་བས། དུས་ཚོད་ནི། བསམ་གཟས་ནས་ཚེ་སྲོག་མར་མེ་འདྲ་བོར་ཕུ་འདེབས་མཁན་ཞིག་ཡིན།
   དེ་བཞིན་དུས་ཚོད་ནི། སྐབས་རེ་མྱུར་དྲགས་པས་བསྐལ་བའི་འཁོར་ལོ་དང་ལོ་ཟླའི་འཕེལ་འགྲིབ་ཐམས་ཅད་རྙིང་ཟིན་པའི་ཐོ་དེབ་ཅིག་ཏུ་བཅུག་ཚར་ལ། སྐབས་རེ་དལ་དྲགས་པས་སྐད་གཅིག་སྐར་ཆ་ནས་ཇ་ཡུན་ཆུ་ཚོད་རེ་རེ་བཞིན་སླར་ཡང་ཟིན་དེབ་གསར་པ་ཞིག་ཏུ་འགོད་དགོས་པ་རེད། དུས་ཚོད་ཀྱི་གོམ་རླབས་རེ་རེའི་བར་ནས་གྲོང་དང་གྲོང་ཁྱེར་ཐམས་ཅད་ཁྲ་ཧྲོག་ཧྲོག་གིས་འཕེལ་ཞིང་རྒྱས་ལ། དུས་ཚོད་ཀྱི་རྩུབ་རྡར་རེ་རེའི་འོག་ནས་ལྗོངས་དང་བཀོད་པ་ཐམས་ཅད་བྱེ་མའི་ཆངས་བུ་བཞིན་སྐྱ་ཉིལ་ཉིལ་དུ་ལོག་འགྲོ། དེ་ལྟར། དུས་ཚོད་ཀྱིས་འཕག་འཚག་རྒྱག་ཐེངས་རེ་རེས་རྟག་བརྟན་དུ་འདོད་པའི་དངོས་པོ་ཐམས་ཅད་འཕྱག་འགྲོ་བས་ན། དུས་ཚོད་ཀྱི་མདུན་དུ་ཤེས་བྱ་ཟེར་བ་ནི་རྒ་བཞིན་པའི་ནད་པ་མདངས་མེད་ཅིག་སྟེ། དུས་ཚོད། དེ་ལྟར་མི་རྟག་པའི་ཆོས་ཉིད་ཀུན་ལ་བགོ་བཞིན་ཡོང་བ་ཞིག
   དུས་ཚོད། རིལ་རིལ་གྱིས་འགྲིལ་ཡོང་ནས་སྒང་གཤོང་ཐམས་ཅད་གཞི་གཅིག་ཏུ་བཅོས་ཤིང་། དུས་ཚོད། ནར་ནར་གྱིས་བརྐྱངས་ཡོང་ནས་ཤར་ནུབ་ཐམས་ཅད་ཡུག་གཅིག་ཏུ་སྲེ། དུས་ཚོད། འཛུམ་མུལ་མུལ་གྱི་ཕྱི་ཐག་རིང་དུ་བསྲིངས་ཏེ་འཛམ་གླིང་ཧྲིལ་པོ་ཁྱིམ་ཚང་གཅིག་ཏུ་བསུས་ཤིང་། དུས་ཚོད། འཇིགས་ཡེར་ཡེར་གྱི་ངམ་གནག་ཐོད་དུ་བླངས་ཏེ་མཐའ་གྲུ་མང་པོ་ཐལ་བའི་རྡུལ་དུ་བརླགས། དེས་ན། དུས་ཚོད་ནི། བཙན་པོ་དབང་ཡོད་ཚོའི་ལག་འོག་ཏུ་ཤོར་ན་འཇིག་རྟེན་ཐམས་ཅད་ཁྲག་ཏུ་རྫི་མཁན་ཞིག་དང་། སྐྱེས་ཆེན་དམ་པ་ཚོའི་ཕྱག་ཟུང་ལ་དབང་ན་སྣོད་བཅུད་ཐམས་ཅད་བྱམས་པས་སྙོར་མཁན་ཞིག་ཏེ། འཇིག་རྟེན་གྱི་དཀར་ནག བདེ་སྡུག སྣང་མུན་ཡོད་དོ་ཅོག་དུས་ཚོད་ཀྱི་རྒྱུན་ཐག་ཅིག་ལ་སྦྲེལ་ཏེ་ཤིག་ཤིག་ཡོམ་ཡོམ་དུ་གཡོ་ཞིང་འཕྱོ་བ་ཞིག་གོ །
   དུས་ཚོད། ཉམས་ལེན་པ་ཞིག་ལ་མཚོན་ན། མེ་ཏོག་ཁོ་ནས་གྲུབ་པའི་ཡར་འགྲོའི་སྐས་བདེ་མོ་ཞིག་དང་། སྡིག་སྤྱོད་པ་ཞིག་ལ་མཚོན་ན། གཡང་གཟར་ཁོ་ནས་གྲུབ་པའི་ཐུར་འབབ་ཀྱི་ལམ་གྱ་གྱུ་ཞིག དེ་བཞིན་སློབ་གཉེར་བ་དག་ལ་མཚོན་ན། ཁོད་ཡངས་པའི་ཤེས་བྱའི་སྐྱེད་ཚལ་ཉམས་དགའ་བ་ཞིག་དང་། སྙོམ་ལས་པ་དག་ལ་མཚོན་ན་གུ་དོག་པའི་སེམས་ཀྱི་སྨུག་ལྗོངས་ཉམ་ང་བ་ཞིག དེ་བཞིན་མཁས་པ་དག་ལ་མཚོན་ན། དུས་ཚོད་ནི་འཁྱུག་གིན་པའི་གསེར་ཡིག་འོད་ལམ་ལམ་དེ་དག་དང་། བླུན་པོ་དག་ལ་མཚོན་ན། དུས་ཚོད་ནི་འགྲིབ་ཀྱིན་པའི་སྨིག་རྒྱུ་འདར་ཤིག་ཤིག་དེ་དག་ལས་ཅི་ཡང་མ་ཡིན། གཞན་ཡང་། དུས་ཚོད་ནི་འཛད་མེད་ཀྱི་གཏེར་ཁ་ཆེན་པོ་ཞིག་དང་འདྲ་བ་སྟེ། སྔོག་ཤེས་ན་དེ་ནས་ཕྱུག་པོའི་ནོར་དང་། མཐོན་པོའི་ཐོབ། འདོད་དགུའི་དཔལ་དང་། མཁོ་དགུའི་ཟས། བྱམས་བརྩེ་དང་། ཤེས་རབ། ཚེ་བསོད་དང་དབང་ཐང་ཐམས་ཅད་ས་ལེབ་ལེབ་ཅིག་ནས་ཡང་དང་བསྐྱར་དུ་ལེན་ཆོག་པ་ཞིག་གོ །
   ཆགས་སྡང་རུ་ང་སྐྱེན་པའི་དུས་ཚོད་ཀྱི་སློབ་རའི་ནང་དུ། མི་ནི་རྒྱལ་ཕམ་གྱི་ལམ་ཁ་གཉིས་རང་ལས་གདམ་རྒྱུ་མེད་ལ། དེའང་དུས་ཚོད་ནི། ལྷ་སྲིན་དྲེགས་པ་ཅན་དག་དང་འདྲ་བར་རང་ཉིད་གཅེས་འཛིན་མཁན་དག་ལ་མགོན་སྐྱོབ་དང་། རང་དང་འབྲེལ་བ་མེད་པ་དག་ལ་ཕྲག་དོག་གིས་ཉེར་འཚེ་རྩོམ་མཁན་ཞིག་ཡིན་པས། དུས་རྒྱུན་འགྲན་རྩོད་ལྟ་བུའི་མི་ཚེའི་ཤུལ་ལམ་རེ་རེར། དུས་ཚོད་དང་ཉེ་བར་བཅར་མཁན་དག་རྒྱལ་ཁའི་སྟེགས་བུར་འཇོག་ཅིང་། དུས་ཚོད་དང་རྒྱང་དུ་འགྱེད་མཁན་དག་ཕམ་ཁའི་གཡང་ལ་འདེབས་འགྲོ། དེ་བཞིན་དུས་ཚོད་ནི། དྲང་བདེན་སྙིང་པོར་འཛིན་པའི་དབང་ཆེན་དཔོན་པོ་ཞིག་དང་ཡང་འདྲ་བ་སྟེ། དེ་ཡིས་ནམ་ཡང་བག་མེད་འཆལ་སྤྱོད་པ་དག་ལ་དྲག་པོའི་ཚར་གཅོད་བྱེད་ཅིང་། ཉེས་མེད་ཧུར་བརྩོན་པ་དག་ལ་དགའ་བའི་ལེགས་སྐྱེས་སྩོལ་ངེས། དེ་བཞིན་དུས་ཚོད་ནི། ལྷད་མེད་པའི་བྱིས་པ་ཞིག་དང་འདྲ་བར། ཕར་ལ་བྱམས་པས་འགྲོགས་ན་ཚུར་ལ་འཛུམ་གྱིས་འཁོར་བ་ཞིག་དང་། ཕར་ལ་བརྙས་ཤིང་སྡང་ཚེ་ཚུར་ཡང་སྣང་ཆུང་གཏོང་བ་འབའ་ཞིག་གོ །
   དེ་ལྟར། དུས་ཚོད་ཅེས་ངོ་མཚར་བའི་དངོས་པོའི་ཆོས་ཉིད་ཅིག འུ་ཚོའི་མགོ་ཐོག་ཏུ་ཉི་ཟླ་བཞིན་ལམ་ལམ་འཆར་ཞིང་། རྐང་འོག་ཏུ་ས་ཆེན་བཞིན་ཕྱོགས་མཐར་བརྐྱངས། ཚེ་སྲོག་ལ་རླུང་བུ་བཞིན་རྒྱུན་ཆགས་སུ་འཁྲི་བ་ཞིག་ཡིན་ཡང་། འུ་ཚོས། འདུས་བྱས་ཀྱི་ཆོས་ཉིད་དེ་འདྲ་ཞིག་སྣང་མེད་དུ་བཏང་དྲགས་པས། འུ་ཚོའི་ལག་ལ་ལྷུང་བའི་དུས་ཚོད་ཅེས་པའང་བོར་བཞིན་པའི་དངོས་པོའི་སྣང་ཚུལ་དཀྱུས་མ་ཞིག་ལས། འུ་ཚོས་དུས་རྒྱུན་དུས་ཚོད་ནི་གསེར་དང་། དུས་ཚོད་ནི་དངུལ། དུས་ཚོད་ནི་རིན་པོ་ཆེའོ་ཞེས་པ་དེ་དག་ཀྱང་ཁ་གཡང་རྩེད་མཚར་ཞིག་གི་ཚུལ་དུ་བསྐྱུར་ཟིན། འུ་ཚོའི་དུས་ཚོད་ནི། འཁྱམ་ཉུལ་དང་རྩེད་འཇོའི་ཁྲོད་དུ་ཡལ་འགྲོ་བ། གཉིད་དང་རྨི་ལམ་ནང་དུ་འཐིམ་འགྲོ་བ། ཁ་པར་དང་དྲ་རྒྱའི་ནང་དུ་བཞུར་འགྲོ་བ་ཞིག་ལས་གཞན་གང་ཡང་མ་ཡིན། རེད་ཨང་། འུ་ཚོའི་དུས་ཚོད་ནི། ཕལ་ཆེར་ཇ་ཆང་དང་མཉམ་དུ་མཆོད་རྒྱུ་ཞིག་དང་། ཤོ་བག་དང་མཉམ་དུ་རྩེད་རྒྱུ་ཞིག རོགས་འདྲིས་དང་ལྷན་དུ་གཏམ་རྒྱུ་ཞིག་སྟེ། ཇ་ཁ་ཆང་ཁ་དང་རྩེད་ཁ་དགོད་ཁ་རུ་རུལ་གྱིན་པའི་ཅ་ལག་ཕལ་པ་ཙམ་མོ། །
   དོན་དུ། རྟ་ཕོར་རྒྱུག་ཤེད་ཡོད་ན་བྱང་ཐང་སྟོང་པ་ཡིན་ཞེས་པ་ལྟར། དུས་ཚོད་ཀྱང་སྐྱེ་བོ་རེ་རེར་དབང་བའི་གཟུགས་མེད་ཀྱི་ཁྱམས་ར་ཆེན་པོ་ཞིག་ཡིན་ཡང་། འུ་ཚོ་ཕལ་ཆེ་བ་སྟོང་ཁྱམས་དེའི་དབུས་སུ་ཉི་མ་འགྲོ་ཐབས་དང་ཐང་མ་སྐམ་ཐབས་འབའ་ཞིག་ལ་འབད་བཞིན་ཡོད་པས། ད་ནི་དུས་ཚོད་ཀྱིས་ཁྲོ་གཉེར་དང་བཅས་ཏེ། འུ་ཚོར་དབང་ཆོག་པའི་འཐོབ་བྱ་མཐའ་དག་སྡུ་གསོག་བརྒྱབ་ཅིང་ཕྱིར་ཁྱེར། སྐྱེ་བོ་རེ་རེ་བཞིན་རྩིས་ཁྲར་བཅུག་ནས་ཚེ་སྲོག་གི་ཉག་ཐག་གཅོད་བཞིན་འདུག་པས། ཀྱེ་ཀྱེ། དོན་དུ་འུ་ཚོའི་སྐྱེ་འཆིའི་ལམ་ཆུང་དུ་གསལ་པའི་གཞལ་མེད་ཀྱི་གཅེས་ནོར་དེ་ཅི་འདྲའི་བདག་ཏུ་འོས་པ་ཞིག་མ་ཡིན་ནམ། འོན་ཏེ། འུ་ཚོར་བསྒྱུར་དུ་མེད་པའི་སྒྱིད་ལུག་ངན་གོམས་ཀྱི་བག་ཆགས་འདིའི་དབང་གིས། སུ་ཞིག་ལ་དུས་ཚོད་གཅེས་པར་འཛིན་པའི་སད་རྟོགས་ཤིག་རྙེད་སྲིད་དམ།
   དུས་ཚོད། འཁྱུག་འཁྱུག་གིས་བཞུར་གྱིན་འདུག ཚེ་སྲོག སིག་སིག་གིས་འདར་གྱིན་འདུག



玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章