ཨ་ཅེ་སྣང་ས། སྙན་ངག རོང་པོ་རང་འཚོལ།

民生   2024-10-02 09:50   西藏  








ཨ་ཅེ་སྣང་ས།


རྩོམ་པ་པོ། རོང་པོ་རང་འཚོལ།


ས་དེ་སྐྱ་མོ་མྱང་པོ་སྟོད་ཀྱི་ཆ། །

རླུང་དང་ཐལ་བ་འཐབ་པའི་ལྗོངས་ཀྱི་ཆ། །

ཞིང་ལ་འབྲས་བུ་གསེར་མོ་འཁྱུག་འཁྱུག་བྱེད། །

ཨ་ནེ་སྨྱོ་མའི་ཡ་ཐོད་གཉེར་གཉེར་བྱེད། །


དྲིན་ལ་ཆེ་བ་ཡམ་ཡུམ་གཉིས་ཀྱི་དྲིན། །

དྲན་ན་མི་བཟོད་སྙིང་ཁ་ལྷེམ་ལྷེམ་ཡོང་། །

བཀའ་དེ་བཙན་པ་མྱང་པོ་དཔོན་གྱི་བཀའ། །

ཟློག་པར་མི་ནུས་མྱ་ངན་འཐིབ་འཐིབ་ཡོང་། །


ད་ཆ་མི་མོ་མི་ཡི་གཡོག་ལ་འདྲེས། །

ཉིན་མཚན་གཉིས་དེ་ལོ་ཟླའི་འགྲོས་ལས་རིང་། །

བུ་མོའི་ཁ་སྟབས་འདི་ལ་སྙིང་རེ་རྗེ། །

བྲན་མོའི་ལས་དབང་འདི་ལ་སྙིང་རེ་རྗེ། །


ཨ་ཅེ་སྣང་ས་ཉམ་ཆུང་ཤ་རྡོག་ཅིག །

དཀར་དམར་མདངས་མཛེས་དེ་གས་བསླུས་སོང་ངོ་། །

གོད་ཆགས་ཅི་བྱུང་སྒལ་པ་གཅིག་ལ་བབས། །

སྐྱོ་བའི་མིག་ཆུ་བུ་མོ་གཅིག་གིས་འཐུང་། །


ལས་ཀྱིས་འཕངས་པའི་ཚེ་རོགས་དགྲ་རུ་ལངས། །

མགོ་འབུལ་ལུས་འབུལ་ཞུས་ཀྱང་སྡང་སྡང་བྱེད། །

ལུགས་ཀྱིས་འཁོར་བའི་གཉེན་ཚན་གཤེད་དུ་བབས། །

གོ་གཡོག་ཐབ་གཡོག་ཞུས་ཀྱང་རྡེག་རྡེག་བྱེད། །


སྐྱེ་བ་གཅིག་ལ་འཆི་གསོན་གཉིས་ཀ་འཁོར། །

བུ་མོར་ལན་ཆགས་ལྕི་སོང་སྙིང་རེ་རྗེ། །

ད་ནི་མི་སྡོད་བུ་མོ་ཆོས་ལ་འགྲོ། །

འཁོར་བའི་དཀའ་སྡུག་བཙན་སོང་སྙིང་རེ་རྗེ། །


ཉེ་རིང་ཕུ་ནུའི་ཚོགས་ཀྱིས་ཞེ་མ་སྡང་། །

ཨ་ཅེ་སྣང་སའི་ལས་དབང་མཐོང་སོང་ཨང་། །

བུ་ཆུང་ལྷ་འུ་དར་པོ་ཐུགས་མ་སྐྱོ། །

ཨ་མ་སྣང་སའི་སྐྱིད་སྡུག་རིག་སོང་ཨང་། །


འཁོར་བ་བྲག་ཁུང་ཡིན་པས་ཕུ་ཐག་ཐུང་། །

བུ་མོ་སྣང་སའི་བློ་སྣ་དེ་བས་ཐུང་། །

ཐར་བ་ནམ་མཁས་ཡིན་པས་མཐའ་རྒྱ་རིང་། །

བུ་མོ་སྣང་སའི་སྐྱོ་ཤས་དེ་བས་རིང་། །


བུ་མོའི་བློ་ཁ་ཆོས་ལ་ཕྱོགས་སོང་ངོ་། །

ཡབ་ཡུམ་མཆི་མ་མ་རིང་བདེ་བདེ་མཛོད། །

ཨ་ཅེའི་སྐྲ་ལོ་རླུང་གིས་བཅད་སོང་ངོ་། །

བུ་ཆུང་སྣང་བ་མ་སྐྱོ་བདེ་བདེ་མཛོད། །


སྐྱིད་སྡུག་སྐྱ་ཡ་མ་ངར་ལྷོད་ལྷོད་གྱིས། །

བཟང་ངན་འབྲེལ་ཐོགས་འགྲོ་བ་སེམས་སུ་ཡོད། །

རྡིག་རྡུང་གཏམ་ཁ་ཆེ་ལྷོད་ལྷོད་གྱིས། །

རྐྱེན་ངན་གྲོགས་སུ་འགྲོ་བའི་གྲོས་ཤིག་ཡོད། །


ད་ནི་མི་སྡོད་བུ་མོ་ཆོས་སུ་འགྲོ། །

སྨོན་ལམ་ཉི་ཟླ་བཞིན་དུ་འཁོར་ལེ་ཡོང་། །

ད་ནི་མི་ཉལ་བུ་མོ་རི་ལ་འགྲོ། །

འཕྲིན་ལས་ཁ་བ་བཞིན་དུ་འབབ་ལེ་ཡོང་། །


སྒྲིག་སྦྱོར་བ། རོང་བོ་རང་འཚོལ། 

玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章