འདུག་སྟེགས།
རྩོམ་པ་པོ། རོང་པོ་རང་འཚོལ།
ང་རང་གི་འདུག་སྟེགས་བོར་བ་ནས།
ངའི་རྒྱན་དང་ཆ་ལུགས་ངག་དང་རྣམ་ཤེས་ཀྱང་བོར་འགྲོ།
བོར་འགྲོ་བ་དེ་དག་ལ་ཕྱིར་ཡོང་མི་འདུག
ཁ་སང་ངའི་ནམ་ཉིན་ཧྲིལ་པོ་ཞིག་ཁྱེར་སོང་།
ན་ནིའི་གི་ཟླ་དྲུག་པའི་ཟླ་ངོ་དང་བདུན་པའི་ཟླ་སྟོད་ཀྱང་བོར་སོང་།
ད་དུང་ངས་མ་ཚོར་བ་མང་པོ་ཞིག་དེ་ལྟར་བོར་འགྲོ།
དོན་དུ་ང་རང་གི་འདུག་སྟེབས་བོར་སོང་བ་ཁོ་ནས་ལན།
ངའི་འདུག་སྟེགས་ལྷ་སའི་ཇ་ཁང་ན་མེད།
ཡང་ཡང་འབོད་པར་ཡོང་བའི་གྲོགས་པོ་ཚོའི་གམ་ན་མེད།
མཛའ་བོ་འཕྲེད་དུ་ཉལ་བའི་རྨི་ལམ་གྱི་ཟུར་ན་མེད།
ཕ་ཁུ་མ་སྲུ་ཚོ་འཛོམ་སའི་གཞིས་ཀ་དེར་ཡང་མེད།
མཆོད་མེ་ལམ་ལམ་གསལ་བའི་ལྷ་ཁང་ནང་ནའང་མེད།
ང་ཡི་འདུག་སྟེགས། རྒྱ་ལམ་གྱི་ཟུར་དང་། ཁོ་ཧྥེ་ཁང་།
ཡང་མིན་ན་མཚན་མོའི་ཟླ་འོད་ཀྱི་རུམ་ན་ཡོད།
ང་རང་འདུག་སྟེགས་རེ་རྙེད་པ་ན།
ད་གཟོད་ངས་ཅི་ཞིག་རྙེད་ཡོང་སྣང་ཤར།
མ་མཐར་ངས་འཇའ་ཚོན་ཞིག་འཛིན་གྱིན་པའི་སྣང་བ་ཡོང་།
རྒོད་པོ་གཤོག་འགྱུར་བྱེད་སའི་མཚམས་དེ་ནས།
ཉི་མའི་ཞལ་ཁྱིམ་གསལ་ཞིང་སྤྲིན་དཀར་དང་ནམ་མཁའ་མངོན།
དེ་དག་རེ་རེ་བཞིན་ངའི་སེམས་སུ་ལྷུང་ཡོང་།
སེམས་སུ་ལྷུང་བས་ང་རང་ཡང་རྒོད་པོ་ཞིག་ལྟར་ལྡིང་ཆོག
དེ་ནི་ངའི་འདུག་སྟེགས་ལ་དབང་བ་ཡིན།
འོན་ཏེ། ང་ཡི་མ་ངེས་པའི་འདུག་སྟེགས་དེ།
ད་ལྟ་རང་གིས་བོར་འགྲོ་ཞིང་གཞན་གྱིས་ཀྱང་འཕྲོག་ཀྱིན་འདུག
མ་བསམས་ས་ནས། འདི་ལོའི་དུས་ཚིགས་ཧྲིལ་པོ་ཞིག་ཁྱེར་སོང་།
དེའང་ངས་རང་གི་འདུག་སྟེགས་བོར་སོང་བས་ཡིན།
ངའི་འདུག་སྟེགས་བོར་ཤུལ་དུ། ངའང་བོར་འགྲོ།
ཅིའི་ཕྱིར་ངས་རང་གི་འདུག་སྟེགས་མི་བཙལ་བ་ཡིན་ནམ།
ད་ལྟ་ངའི་འདུག་སྟེགས་བཙལ་ཀྱང་རྙེད་དཀའ་བའི་ཚོད་དུ་འདུག
ཀྱེ་ཧུད། ངའི་འདུག་སྟེགས་ང་ལ་སྤྲོད་རོགས།
སྒྲིག་སྦྱོར་བ། རོང་པོ་རང་འཚོལ།