མཚན་མོའི་རང་སྒྲ། ལྷུག་རྩོམ། ར་ས་བསྟན་འཛིན་ཆོས་གྲགས།

民生   2024-06-09 17:27   西藏  





  རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།     


མཚན་མོ། ཡིད་ལ་སྦར་སྙོབ་བྱེད་པའི་སྐབས།

 
རྩོམ་པ་པོ། ར་ས་བསྟན་འཛིན་ཆོས་གྲགས།




   མཚན་མོ་ནི། རང་གི་ཡིད་ལ་རང་གིས་བྱི་དོར་བྱེད་པའི་དུས་ཚོད་ཉག་ཅིག་ཡིན།
   ཧ་ཅང་ཐུང་བའི་མཚན་མོའི་སུམ་ཆའི་ཕྱེད་ཀ་ནི། རང་གི་བསམ་བློར་གཤོག་པ་ཐོགས་པ་ཇི་བཞིན་དུ། འདས་པའི་བར་སྣང་མཐོངས་སུ་རང་དགར་ལྡིང་བའི་དུས་ཚོད་ཉག་ཅིག་དེ་ཉིད་ཡིན་ཚོད་འདུག གང་ཡིན་ཞེ་ན། ཧ་ཅང་ལྷིང་འཇགས་ཆེ་བའི་མཚན་མོ་རེ་རེའི་སྐབས། ད་གཟོད་རང་ཉིད་ངོ་མ་དེ་ཉིད་གཅེར་བུར་ཕྱི་རུ་མངོན་ནས་ཡོང་གི་ཡོད་འདུག་ལ། མལ་ཆས་ཧྲུལ་པོ་བཞིན་དུ་གྱུར་བའི་ཉིན་མོའི་རྫུ་བག་འོག་ཏུ་དབུགས་ཀྱང་རྔུབ་ལེན་དཀའ་བའི་བསམ་བློ་དེ། ཉིན་མོ་སེམས་ཀྱི་ཁོངས་སུ་ཡིབ་ཏེ་སྡོད་པ་ལས། རང་ངོ་ཕྱི་རུ་བཏོན་ཏེ་སྐྱེ་བོ་གཞན་གྱི་ངོ་ན་མངོན་རྒྱུ་ཧ་ཅང་དཀོན་པོ་ཡིན་ཚོད་རེད། འོན་ཏེ། མཚན་མོའི་སྐབས། སེམས་པ་དེ། རྐུན་མ་བཞིན། ཡང་ན་གནོངས་འགྱོད་ཆེ་བའི་སྐྱེ་བོ་ཇི་བཞིན་དུ། རང་གི་བྱས་ཉེས་ཡོད་ཚད་ཟླ་འོད་འོག་ཏུ་མངོན་པར་བཤམས་ཀྱིན་འདུག རེད། དེ་ལྟར་བགྱིས་ན། ད་གཟོད་རང་གིས་རང་ལ་སེམས་ཀྱི་གུ་ཡངས་ཐེངས་ཤིག་ཡིན་སྲིད་ལ། རྒྱུ་འབྲས་ཞེས་པའི་མེ་དབལ་ཆེན་པོ་དེ་ཡི་ཀློང་དཀྱིལ་ན། རང་གི་སྡིག་ཉེས་ཡོད་ཚད་བཙོ་སྦྱངས་ཤིག་ཡང་ཅིས་མ་ཡིན། དེས་ན་ཉིན་མོར་སྐྲན་ནད་ལྟ་བུའི་སྡུག་ཡུས་ཅི་ཙམ་བྱུང་སྲིད་རུང་། མཚན་མོའི་སྐབས། དེ་དག་རེ་རེར་གཤགས་བཅོས་བྱེད་པའི་གོ་སྐབས་ཡོད་པར་སྤྲོ་བར་སྐྱེ་ངེས་ལ། རང་ཉིད་ལ། ད་དུང་རང་སེམས་རང་གིས་འཚོལ་བའི་མཚན་མོའི་སྒྲོན་མེ་ལྟ་བུའི་ཤེས་རབ་ཅིག་ཀྱང་ཡོད་པ་ར་སྤྲོད་བྱས་པ་མ་ཡིན་ནམ། 
   ཡོད་ཚད་གཉིད་དུ་ཞུགས་པའི་མཚན་མོ་འདིར། ང་རང་གཅིག་པུ་ཉིན་མོའི་བྱས་ཉེས་ཆེད་དུ་མིག་ཆུ་བཞུར་བཞིན་ཡོད། ལྟུང་བཤགས་བརྒྱ་ཚར་འདོན་པའི་ཕ་རོལ་ན། ཉིན་མོར་རིག་ཐབས་མེད་པའི་བྱས་ཉེས་དེ་དག་བགྲང་བཞིན་དུ། ཡིད་ཀྱི་ཁོངས་སུ་མར་མེ་སྟོང་ཕྲག་འགའ་ཡི་འོད་སྣང་འོག བྱས་ཉེས་དེ་དག་ཕྱག་དར་ཇི་བཞིན་སྲེག་བཞིན་མཆིས། མགོ་བོ་སྔས་འབོལ་ཐོག་ཏུ་ཕར་གཡོ་ཚུར་འགུལ་བྱེད་པའི་མཚན་མོ་དེ་དག་རིང་། ཁོར་ཡུག་ཐམས་ཅད་ཇི་འདྲའི་སྨག་ནག་ཆེ་ནའང་། ཡིད་ཀྱི་སྲུབས་སུ་སྐུང་བའི་གནོངས་འགྱོད་དེ་དག་དེ་བས་གསལ་དུ་འགྲོ་གིན་འདུག མིག་གི་སྒོ་མོ་ཤུགས་ཀྱིས་གཏན་ནའང་། སེམས་ཀྱི་འཆར་སྒོ་ཕར་འཐེན་ཚུར་འཐེན་བྱས་ནའང་། སྡུག་གི་མིག་ཆུ་བཞུར་ལ་རང་དབང་མིན་འདུག་ཨང་། 
   ང་རང་ཧ་ལས་ཧང་སངས་བྱེད་དོན་ནི། བདག་གིས་ཤེས་ཚོད་ལ། བྱས་ཉེས་དེ་དག་ནི། ཉི་མའི་བཞིན་རས་གདུགས་བཞིན་རང་གི་མགོ་བོའི་ཐོག་ཏུ་འཁྱིལ་ལེར་འཁོར་བའི་ཕྱི་གསལ་ནང་གསལ་ཡིན་པའི་ཉིན་མོའི་སྐབས་སུ་བསགས་པ་ཡིན། སུ་ཞིག་གིས། བདག་ལ་བྱས་ཉེས་དེ་ཉིད་ཀུན་གྱི་མཐོང་ཆོས་ངོས་སུ་བསགས་པའི་སྤོབས་པ་སྦྱིན་པ་ཡིན། ད་དུང་། སུ་ཞིག་གིས། བདག་གི་བྱས་ཉེས་དེ་ཉིད་གཟིགས་ཀྱང་མ་གཟིགས་ཁུལ་གྱིས་བཞིན་རས་གཞན་དུ་གཅུ་བ་ལས། རྟ་ཁ་གཡང་ལས་སྐྱོབ་པའི་ལག་ཟུང་གཉིས་པོ་དོར་ཁུག་ནང་དུ་བཅུག་པའི་བརྟུལ་ཞུགས་བཟུང་བ་ཡིན། མཐོན་པོའི་ཁྲི་རུ་འགྱིངས་པའི་བླ་ཆེན་མཆོག དེ་ནི་བདག་གི་ཚེ་རབས་སྔོན་མའི་ལས་ལས་སྐྱེས་པར་མ་གསུངས་རོགས། ལས་ལས་འཇིགས་སུ་རུང་བ་ནི། ལས་འབྲས་གོ་ལྡོག་ལྡུམ་བུ་བཞིན་དུ་སྐྱེ་སའི་མི་སེམས་མང་པོ་ཞིག་གི་ཤན་ཞུགས་ཡིན་ངེས་རེད། ཁྲིད་སྟེགས་ཐོག་ཏུ་ཕར་ཚུར་བགྲོད་པའི་བཤེས་གཉེན་ལགས། བྱས་ཉེས་དེ་དག་བདག་གིས་ཁྱོད་ཀྱི་བཀའ་བཞིན་སྒྲུབ་ཀྱིན་མེད་པའི་ཉེར་ལེན་ཞིག་ཏུ་མ་སོམས་རོགས། དེ་ལས་ལྡོག་སྟེ་བདག་གིས་བཀའ་བཞིན་བསྒྲུབས་པའི་ཉེར་ལེན་གྱིས། བདག་ནི་གཞུང་ལུགས་དྲ་རྒྱའི་ནང་དུ་འཆིང་བའི་སྦྲང་མ་ཇི་བཞིན་གྱུར་པ་ལས། རང་གི་བསམ་བློའི་གཤོག་ཟུང་མཁའ་རུ་རྐྱོང་བའི་ནུས་པ་རིམ་བཞིན་བརླགས་པར་གྱུར་པ་མ་རེད་དམ། གསུང་སྐད་སྦོམ་ལ་རང་ཚུགས་སྒམ་པའི་དཔོན་པོ་ལགས། བདག་གིས་མཚན་མོ་རེ་རེར་བྱས་ཉེས་དེ་དག་རི་བཞིན་སྤུངས་ཏེ་འགྱོད་བཤགས་བྱ་ཚུལ་དེ། བདག་ལ་སྤྱི་ཚོགས་མྱོང་བས་དབེན་པས་རེད་ཅེས་མ་དགོངས་ཤིག ཁྱོད་ཚོའི་མདུན་དུ་བཤམས་པའི་སྦི་རག་རེ་རེ་ཧུབ་ཀྱིས་འཐུང་བའི་རྗེས། བཅོས་མའི་འཛུམ་མདངས་ཁྲོད་ནས་གླུ་དབྱངས་ཐར་ཐོར་ལེན་རྒྱུ་དེ། ཁྱོད་ཀྱིས་གསུངས་བའི་མྱོང་བ་ཞེས་པ་དེ་ཡིན་ན། ཏག་ཏག་དེ་ནི་མཚན་མོ་རེ་རེར་བདག་གི་གཉིད་ཐེབས་བཅགས་ཏེ་འགྱོད་བཤགས་བྱ་ཡུལ་གཙོ་བོ་དེ་ཉིད་ཡིན། བདག་ལ་སྡུག་བསྔལ་ཆེས་ཆེར་ལྡན་པ་ནི། སྤྱི་ཚོགས་ཞེས་པའི་འཕྲུལ་འཁོར་ཆེན་པོ་དེ་ཡི་བཙིར་གནོན་འོག རང་གི་ལྷན་སྐྱེས་གཤིས་སྤྱོད་ཡོངས་སུ་གཏོར་བྱས་ཏེ། ཤེས་བཞིན་རང་ཉིད་བཅོས་མ་ཞིག་ཏུ་བསྐྲུན་རྒྱུ་དེ་ཉིད་རེད། 
   འདུ་འཛིས་གཟིར་བའི་ཁོར་ཡུག་འདིར། བདག་གི་དབང་ལྔ་ཡོད་ཚད་བཀངས་བའི་སྣང་བ་བསྟེར་མོད་ཀྱང་། མཚན་མོ་དེར། ཁ་རོག་གེར། རང་གི་སེམས་ལ་འཇབ་ཉན་ཐེངས་འགའ་བྱས་པའི་ཚེ། བདག་གི་ཡིད་ཀྱི་གཏིང་ནི་མྱ་ངམ་ཐང་བཞིན་རྩ་བ་ཅི་ཡང་ཚུགས་མེད་ལ། བདག་ཉིད་བདག་གི་ཡིད་ཀྱི་ཟབ་སར་འཇུག་ཐབས་གཏན་ནས་མེད་པ་ད་གཟོད་ཤེས། དེ་ལྟར་མི་ལོ་བཅུ་གྲངས་འདས་པའི་རྗེས། རང་ཉིད་གཞན་གྱི་ངོ་གདོང་སྲུང་བའི་བ་སྤུ་ཞིག་ཏུ་སྤྲུལ་བའི་གོམས་འདྲིས་ཀྱིས། དོན་དུ་རང་ཉིད་སུ་ཞིག་ཡིན་མིན་མི་ཤེས་པར། ཁུ་སིམ་མེར། འཇིག་རྟེན་འདི་དང་བྲལ་བའི་སྣང་བ་བྱུང་ངེས་ཡིན་པ་ཡིད་ལ་འཆར་ཐེངས་རེར། གྲང་འདར་ཞིག་ཀྱང་ ངང་ངམ་ཤུགས་སུ་མཚན་མོའི་རླུང་དང་འགྲོགས་ཏེ་ཡིད་ལ་ཤུར་ཤུར་ལྡང་། 
   དུས་རབས་གསར་པའི་སྤོབས་སེམས་ནི། དབང་ལྔའི་ཚོན་མདོག་ཁོ་ན་ལས། ཡིད་ཀྱི་ལོངས་སྤྱོད་རྣལ་མ་དེ་ཉིད་རྒྱང་དུ་བསྐྱུར་ཚུལ་དེ་ཉིད་རེད། སྐབས་དེར། མི་ལོ་ཉིས་སྟོང་ལྷག་གི་སྔོན་རོལ་དུ། འཛམ་གླིང་ཤར་གྱི་ཕྱོགས་ཆ་ནས། རྒྱལ་བུ་དོན་གྲུབ་བྱ་བས་རྩྭ་གདན་ཞིག་གི་ཐོག་ཏུ་གོང་བུར་བཞུགས་ཏེ་བདག་ཉིད་འཚོལ་བའི་ཆེད་དུ་ཡོད་ཚད་བློས་གཏོང་བྱེད་པའི་ཡང་སྙིང་དེ་ཉིད་རྟོགས་ཡོང་ལ། འཛམ་གླིང་ནུབ་ཀྱི་ཕྱོགས་ཆ་ནས། རྩྭ་ལྷམ་ཞིག་དང་། རས་རྐྱང་གཅིག་གི་ཆོག་ཤེས་ཁྲོད། བདག་ནི་སུ་དང་བདག་ནི་གང་ནས་འོང་བའི་སྐོར་ལ་རྩད་ཞིབ་བྱེད་པའི་རིན་ཐང་དེའང་ཁད་ཀྱིས་ཤེས་ཀྱི་འདུག 
   མཚན་མོ་དེ་དག་ལ། ཉིན་མོའི་སྐབས་ཀྱི་སྡུག་ཡུས་ཡོད་ཚད་པོ། སེམས་ལ་བྱི་དོར་བྱེད་པའི་སྐབས་དང་བསྟུན་ཏེ་གཙང་ཕྱགས་ཐེངས་ཤིག་བྱེད་ཐུབ་ཀྱང་། བདག་ལ་མཚོན་ན་ཇི་འདྲའི་དགའ་ཚོར་ལྡན་པའི་བྱ་བ་ཞིག་ཏུ་བརྩི་བཞིན་ཡོད་པ་སྟེ། མ་མཐར་ཡང་། རྨས་ཏེ་དབྱེ་འབྱེད་ཐུབ་ཐབས་བྲལ་བའི་སེམས་པ་དེར། ག་ལེར་ལྕེ་ལྡག་བྱས་ཏེ་གསོ་བའི་ཡིད་ཀྱི་སྐུལ་སློང་རྟ་རྔ་ཙམ་ཞིག་ལྡན་པས་སོ། །



玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章