ཚིག་གི་ཆུ་རིས།
རྩོམ་པ་པོ། ཁམས་པ་རབ་དབྱངས།
ཚིག་གི་དར་དཀར་ཡུག་ཅིག །
ཁྱེད་ཀྱི་མགྲོན་དུ་གསོལ་བ། །
རྣམ་རྟོག་ཆུ་རིས་འདི་དག །
གཉུག་མའི་སེམས་ལ་བྲིས་པ། །
རྨི་ལམ་དེ་ཡིས་མཐའ་ནས། །
ཚིག་གི་འཁོར་འདས་བརྒལ་བ། །
ངག་གི་ལྗོན་པ་སྟེང་ནས། །
སྙན་ངག་ཟིལ་བ་འཐོར་སོང་། །
ཡིད་ཀྱི་ལྗོན་པ་སྒུལ་བའི། །
ངག་གི་དངོས་གྲུབ་ཞུ་བའི། །
སྨུག་སྤྲིན་གཡོ་བའི་འགྲམ་དུ། །
ཁྱོད་རང་ཡིད་ལ་དྲན་སོང་། །
ཉི་ཟེར་དེ་འང་ནུབ་རྗེས། །
ཞལ་རས་དེ་ཡང་གཟིམས་རྗེས། །
གདོང་གི་པད་ཚལ་ངོས་ལ། །
ཉི་མའི་འོད་ཟེར་ལྷུང་ངམ། །
འཁོར་བའི་ཉི་ནུབ་དེ་ནས། །
བརྩེ་བའི་ངང་ཆུང་འཁོར་ཡོད། །
ངང་ཁྱུ་ལྷོ་ལ་འཕུར་རྗེས། །
ཁྱོད་རང་ཡིད་གདུང་ཨེ་བྱུང་། །
སྤྲིན་པ་ཡུག་གཅིག་དེ་ལ། །
ལས་ཀྱི་བསྐལ་བ་ཚེས་ཆོག །
རྒྱུ་སྐར་འགྲོས་ཀྱི་གཡུ་ཆུང་། །
ང་ཡི་མིག་ལ་ཐོགས་སོང་། །
གསོལ་ཆང་དུམ་གང་ཕུལ་རྗེས། །
ཁྱོད་རང་ཡིད་ལ་འཁོར་བྱུང་། །
ལས་འབྲས་དུད་པའི་མིག་ཟུང་། །
ལན་གཅིག་ང་ལ་གཡོར་དང་། །
ཚིག་གི་ཟློས་གར་ངོས་ལ། །
ཁྱོད་རང་ལན་གཅིག་ཕེབས་བྱུང་། །
རྨི་ལམ་བྱེ་མའི་ཐང་ནས། །
ལས་འཕྲོས་མིག་མཐའ་སྲུང་ཡོད། །
གཙང་བོའི་མུ་ཏིག་བྲེག་ན། །
འཆར་ཀའི་ཟླ་བ་འཛུམ་ཡོང་། །
གནམ་སའི་རི་བོ་ངོས་ནས། །
ཚེ་རབས་ལས་ཀྱིས་དེད་སོང་། །
འདུ་འབྲལ་བོར་བའི་ཨ་ཅག།
ཉེ་རིང་ཉི་ནུབ་ཆོད་ཀྱང་། །
མཚན་མོའི་སྐར་ཕྲན་ངོས་ནས། །
ཡིད་ལ་ཡང་ཡང་འཁོར་བྱུང་། །
དབྱངས་ཀྱི་ག་བུར་འཛིན་ནས། །
འཁོར་འདས་ངག་གི་རླུང་ཆེན། །
རྟེན་འབྱུང་རླུང་བུས་དེད་ནས། །
གཉུག་མའི་ནམ་མཁའ་ཆོད་སོང་། །
ངང་གིས་ལྷུང་བའི་རྣམ་འགྱུར། །
སྒྱུ་མའི་འཕྲུལ་ལ་བྱོན་པ། །
སོར་མོའི་འོད་ཟེར་བབས་པའི། །
དབྱངས་ཅན་ཁྱོད་རང་དྲན་བྱུང་། །
ཉི་མའི་འགྲོས་ལ་བབས་པའི། །
མེ་ལོང་ནང་གི་གཟུགས་བརྙན། །
ཉི་མ་ནུབ་མཐའ་བརྒལ་རྗེས། །
གཟུགས་མེད་སེམས་ལ་ཐོགས་སོང་། །
དྲན་ན་སེམས་ཀྱི་གློ་སྙིང་། །
འཕྲད་ན་བརྩེ་བའི་འཛུམ་བག །
བློས་ཀྱང་ཐོངས་པ་དཀའ་བས། །
མཛའ་གཅུགས་རྨི་ལམ་བོར་མེད། །
སྤྲིན་གྱི་མེ་ཏོག་བསླེས་པའི། །
ན་ཆུང་གཤིས་ལ་བབས་པའི། །
གནམ་སའི་ལས་སྐལ་ཚེས་ཀྱང་། །
ལས་འཕྲོས་གཏམ་སྙིང་དྲོ་བ། །
སེམས་དང་སེམས་བྱུང་འཐབ་པ། །
སེམས་གསོའི་དྲོ་འཇམ་གནང་བའི། །
བརྩེ་བའི་ཆར་ཐིགས་བྲུག་པའི། །
རྒྱང་རིང་ནུབ་མཐའི་ཚལ་ནས། །
ཡིད་ཁམས་གསོ་བའི་གནས་ལམ། །
ཁྱོད་རང་གཅིག་པུ་ཡིན་ནོ། །
༢༠༢༤/༨/༡༥/ཉིན་བརྩམས།
སྒྲིག་སྦྱོར་བ། རོང་པོ་རང་འཚོལ།