ཁྱོད་ནི་ཉེས་པའོ། ། ཞར་བཀོད་གསུམ།
རྩོམ་པ་པོ། བྱང་པ་དབུ་སེ།
ཁྱོད་ནི་ཉེས་པའོ། །
མུན་པ་དེ་ནི་རླུང་བུ་གཡོབ་པའི་ངལ་གསོའི་ཁང་བཟང་ཡིན་ནམ་ཅི།།
སྒེའུ་ཁུང་ཆུང་ངུ་གཏོད་ནས་ཉི་འོད་ནང་དུ་དྲངས་ཀྱང་ཁྱོད་ཉིད་ནི།།
ལོང་བའི་མིག་ལ་འོད་ཟེར་སྤྲོས་ཚེ་ཉེས་པ་བསགས་པ་ཉིད་དུ་གྱུར།།
རྒྱུད་སྐུད་ཆད་འདྲའི་རོལ་མོ་དེ་ལ་ཡིད་ནི་ཚིམ་པར་བྱས་སམ་ཅི།།
མགྲིན་པ་སངས་སེ་མནའ་བོའི་གླུ་སྐད་ཇི་ལྟར་བཏང་ཡང་ཁྱོད་ཉིད་ནི།།
འོན་བའི་རྣ་ལ་གྲེ་བ་མི་བཟང་ཤིན་ཏུ་གཉོམ་པའི་སྒྲ་གདངས་ཙམ།།
སིལ་བུར་ཞིག་པའི་མེ་ལོང་དེ་ལས་བྱིས་པ་ཞིག་གི་མིག་ཟུང་བཙལ།།
རྫ་བུམ་རྙིང་གོག་ཅིག་ཏུ་དྲན་པ་བརྒྱལ་བའི་མེ་ཏོག་ཆུ་ཡིས་བྲན།།
ཡིན་འང་ཁྱོད་ནི་ཤིན་ཏུ་མོག་པའི་གློག་སྒྲོན་ཞིག་གི་ལུས་རྟེན་ནོ།།
༢༠༡༤•༩•༡༡
ཁྱོད་ཀྱི་གྲིབ་མ།
འཕྲད་པར་མི་འགྱུར་འདི་དང་ཕྱི་མས་བཅད།།
ཕྱི་ནང་གཉིས་ཀར་ཁྱོད་ཀྱི་གྲིབ་མ་ཕོག།
མི་ནི་གསོན་ཐོག་དགའ་བ་མི་ཤེས་པའི།།
གྱེས་རྗེས་གདུང་བའི་མིག་ཆུ་རྔུབ་མཁན་ནོ།།
ལྷ་ཡི་སྤྱན་ཟུང་གཡར་ཡང་མི་མཐོང་ཞིང་།།
ས་ལམ་ཧྲིལ་པོ་བསྐོར་ཡང་མི་བརྙེད་པའི།།
ཞི་འཇམ་བག་ལ་བྲོ་བའི་ངང་ཚུལ་ཅན།།
ད་ནི་དུས་དང་ཡུལ་གྱིས་གཏན་དུ་བསྐལ།།
གདུང་བ་འཕྲི་བའི་ཐབས་སུ་བརྗེད་དུ་བཅུག།
ལས་ཀྱི་འཕྲོ་འདུ་སྐྱོར་ཕྱིར་བསྔོ་བ་བྱས།།
དེ་ལྟར་སེམས་པའི་སྒེའུ་ཁུང་ཕྱེ་ན་ཡང་།།
ཁྱོད་ཀྱི་གྲིབ་མའི་བོངས་ཚད་ཇེ་ཆེར་གྱུར།།
ཅི་སྟེ་གདོང་ལ་འཕྲོས་པའི་ཉི་འོད་ཀྱང་།།
སེམས་ཀྱི་གཉོམ་སར་ལེན་གཅིག་ལྷུང་པ་ན།།
གང་སར་གྲང་ངར་མཆེད་པའི་འཇིག་རྟེན་གྱི།།
ངོ་གདོང་འདི་འང་དྲོ་བ་འགྱུར་རམ་སྙམ།།
༢༠༢༤•༦•༡༣
གླུ་རྩི་ཏོག་མ།
ཅི་ཡང་སྨྲ་བ་མེད་པར།།
ཞལ་གྱི་སྒོ་མོ་བསྡམས་ཀྱང་།།
མིག་ཟུང་གསེར་ཉ་འཁྱུག་ས།།
ཆུ་ཕྲན་ང་རང་ཡིན་འདུག།
སྡུག་བསྔལ་རྫ་བུམ་ཁ་ཤག།
རྦབ་རྡོ་འགྲིལ་འགྲིལ་བྱས་ཀྱང་།།
ང་ཁྱོད་འོ་ཆུ་མཉམ་འདྲིས།།
འཐོར་ཡོང་བསམ་པ་མི་འདུག།
བྲིས་པའི་དམ་བཅའི་ཡི་གེ།
དྲན་འཛིན་ངོས་ནས་ཡལ་ཀྱང་།།
ལས་འཕྲོའི་ཚེགས་ཁེབས་ཆ་འགྲིག།
དམ་ཚིག་གཙང་ངེར་བརྒྱུས་ཡོད།།
༢༠༢༤•༩•༧
ཟླ་བ།
གྲོང་ཁྱེར་ནས་ནམ་མཁར་བལྟས་ཚེ།
ཟླ་བ་ནི་སེམས་ཀྱིས་མི་ཐེག་པའི་དྲན་གདུང་ཡིན།
ཕ་ཡུལ་ནས་ནམ་མཁར་བལྟས་ཚེ།
ཟླ་བ་ནི་བསླུ་བྲིད་ཀྱིས་ཁེངས་པའི་རྒྱང་རིང་ཡིན།
སྒྲིག་སྦྱོར་བ། རོང་པོ་རང་འཚོལ།