ལོ་གཅིག་དང་དཔེ་དེབ་འགའ། ར་ས་བསྟན་འཛིན་ཆོས་གྲགས།

民生   2024-10-08 19:58   西藏  





  རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།     


ལོ་གཅིག་དང་དཔེ་དེབ་འགའ།

 
རྩོམ་པ་པོ། ར་ས་བསྟན་འཛིན་ཆོས་གྲགས།



   སླར་ཡང་ལོ་མཇུག་ལ་ཐོན་པས། སོ་ནམ་པ་ཚོས་ད་ལོའི་གྲོ་སྤུས་བཟང་ངན་དང་ཁེ་སྤོགས་མང་ཉུང་ལ་ཚང་བརྩིས་བྱེད་ཅིང་འདུག་ལ། ལས་ཁུངས་ཁག་གི་ལས་མི་ཚོས་ཀྱང་ལོ་མཇུག་གི་བྱ་དགའི་སྒོར་མོ་ག་ཚོད་སྤྲོད་ཀྱིན་ཡོད་པར་བློས་དཔོག་བྱ་ཀྱིན་འདུག དེ་དེ་བཞིན། དཔེ་དེབ་བཀླག་རྒྱུར་དགའ་བའི་མི་ཚོའི་ངོས་ནས་བརྗོད་ན། ལོ་འདིར་རང་ལ་བློ་བསྐྱེད་ཐུབ་ཅིང་། དུས་ཀྱི་ཉམས་སད་ཐུབ་པ། གསར་གཏོད་ལྡན་པའི་དཔེ་དེབ་ཅི་ཙམ་ཐོན་མེད་ཐད་ལ་སྡོམ་རྩིས་སམ་ཕྱིར་མིག་བལྟ་རྒྱུ་ནི། གོང་གི་དོན་བྱ་གཉིས་ལས་ཀྱང་དོན་སྙིང་ལྡན་པའི་བྱ་བ་ཞིག་ཡིན་ངེས་རེད། གང་ལགས་ཤེ་ན། དཔེ་དེབ་བལྟ་རྒྱུར་དགའ་བའི་མི་ཞིག་གི་ངོས་ནས་བརྗོད་ན། མ་རྐང་ཉོ་སྒྲུབ་བྱ་མཁན་ཞིག་གིས་མ་རྐང་གི་འཛའ་ཐང་འཕར་ཆག་ལ་དོ་སྣང་ཆེན་པོ་བྱེད་པ་བཞིན། ཡིད་ཀྱིས་གཏད་ས་དང་། མིག་གིས་འཚོ་ས་གཙོ་བོ་ནི་དཔེ་དེབ་ཡིན་ཞིང་། དཔེ་དེབ་ལེགས་པོ་ཞིག་ལག་ཏུ་འཐོབ་པ་ནི། བསམ་པའི་རྒྱགས་ཕྱེ་ཕུན་སུམ་ཚོགས་པོ་ཞིག་ཏུ་བརྩི་བཞིན་ཡོད་ལ། ཟང་ཟིང་དང་འུར་སྒྲས་བཀངས་པའི་གྲོང་ཁྱེར་གི་ཕ་མཐའ་ནས། སླར་ཡང་རང་ལ་དབང་བའི་ཞིང་ཁམས་ཡངས་པོ་ཞིག་ཏུ་གང་འདོད་རྩེན་པའི་གོ་སྐབས་འཐོབ་པ་དང་ཡང་ཀུན་ནས་མཚུངས། ལོ་འདིར་བོད་ཡིག་རྩོམ་སྟེགས་ཐོག་ཏུ་སྨྱུ་གུའི་འདུ་བྱེད་བསྒྱུར་ལ་མཁས་པ་དག་གི་བརྩམས་ཆོས་མང་པོ་ཐོན་ཏེ་ཡོད་པས་ཧ་ཅང་དགའ་བར་འོས་པ་ཞིག་ཀྱང་ཡིན་པས་རེ་རེ་བཞིན་དུ་བརྗོད་པར་མི་སྤོབས་རུང་། སྐབས་འདིར་གཙོ་བོ་རྒྱུན་འཛིན་དང་། གསར་གཏོད། ནང་འདྲེན་གསུམ་གྱི་ཚད་གཞིའི་ཐོག་ནས་ལོ་འདིའི་བརྩམས་ཆོས་དག་ལ་ཕྱིར་མིག་ཅིག་བཀྱེད་ན། 
   ཐོག་མར་བོད་ཀྱི་མཁས་དབང་ནོར་བྲང་ཨོ་རྒྱན་མཆོག་ནས་སྒྲིག་གནང་མཛད་པའི《ཆོས་རྣམ་ཀུན་བཏུས》ཞེས་པའི་ཚིག་མཛོད་བམ་པོ་གསུམ་གྱི་བདག་ཉིད་ཅན་ཞིག ད་ལོ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བཏབ་སྟེ་འགྲེམས་སྤེལ་བྱས་པས། རང་རེའི་བོད་ཀྱི་རིག་གནས་ཐོག་ལ་སླར་ཡང་གཟི་འོད་ཆེན་པོ་བསྣན་ཞིང་། དེ་ཡང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྐུ་ཞབས་ལྷག་པ་ཕུན་ཚོགས་མཆོག་གིས་གསུངས་པ་བཞིན"སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དུ་བོད་རིག་པའི་ཐད་《བོད་རྒྱ་ཚིག་མཛོད་ཆེན་མོ》དང་། 《རྒྱ་བོད་ཤར་སྦྱན་ཚིག་མཛོད》《དུང་དཀར་ཚིག་མཛོད་ཆེན་མོ》སོགས་ལས་གཞི་རྣམ་གྲངས་ཆེན་མོའི་གྲས་ལེགས་འགྲུབ་བྱུང་བའི་རྗེས་སུ་ཡང་བསྐྱར་ཐོན་པའི་གྲུབ་འབྲས་རླབས་པོ་ཞིག་ཡིན།"པ་ལྟར་རོ། །ཚིག་མཛོད་འདིར་ཁྱད་ཆོས་ཆེ་ཤོས་ཤིག་ནི་ནང་དོན་ཧ་ཅང་རྒྱ་ཆེ་བ་སྟེ། རིག་གནས་བཅུའི་སྙིང་བཅུད་ཙམ་མ་ཟད། བཙན་པོའི་གདུང་རྒྱུད་ལ་སོགས་པའི་སྲིད་རབས་དང་། གྲུབ་མཐའ་ཁག་གི་གདན་རབས། བོད་ས་ཁུལ་གྱི་སྲིད་འཛིན་གྱི་སྡེ་ཚན། ཁྲིམས་སྲོལ་སྒྲིག་གཞིའི་སྐོར། ད་དུང་རྒན་གཞོན་བཀུར་བསྟིའི་གོ་རིམ་ལ་སོགས་པ་ཕུན་སུམ་ཚོགས་ཤིང་། དེ་དག་གང་ལས་འབྱུང་བའི་འདྲེན་ཁུངས་ཀྱང་ཧ་ཅང་ཁ་གསལ་ཞིང་། ཆོས་ཀྱི་རྣམ་གྲངས་སྡེ་ཚན་གཅིག་ནས་སྡེ་ཚན་ལྔ་སྟོང་བཞི་བརྒྱ་ང་གསུམ་བར་དུ་ཡོད་ལ། ཡིག་ཚང་ཆོས་འབྱུང་གང་ཞིག་ཡིན་པ་དང་དེ་དག་གི་ཤོག་ངོས་ཡན་ཆད་ནས་གསལ་བར་བཀོད་ཡོད་པས། ཆོས་ཀྱི་སྡེ་ཚན་གང་དང་འབྲེལ་བའི་ཤེས་བྱར་གཏིང་ཟབ་ཀྱིས་འཇུག་ཐུབ་པའི་དགེ་མཚན་བླ་ལྷག་ལྡན་ལ། བོད་ཀྱི་རིག་གནས་ལ་འཇུག་པའི་བློ་རབ་འབྲིང་ཐ་གསུམ་ཚང་མའི་སྐབས་ཐོབ་ཀྱི་བློ་དང་འཚམས་པ་ཞིག་ཏུའང་མཐོང་། དེ་ལྟའི་ཚིག་མཛོད་ནི་བོད་ཀྱི་རིག་གནས་ལ་འདྲིས་ཆ་ཤིན་ཏུ་ཟབ་ཅིང་། མི་ཚེ་ཐོས་བསམ་འབའ་ཞིག་ལ་གཞོལ་མཁན་ཞིག་གི་ཕྱག་སོར་ཁོ་ནའི་ཐོག་ནས་མ་གཏོགས་ཐོན་ཐབས་མེད། ཚིག་མཛོད་སྒྲིག་པ་པོ་གང་ཉིད་ཀྱང་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་མཛད་འཕྲིན་ཤིན་ཏུ་ཆེ་བ་ཞིག་སྟེ། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ཡི་རྩོམ་སྒྲིག་གི་ལས་ལ་ཞུགས་མྱོང་ཞིང་། རྩོམ་རིག་ཐད་ལའང་། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་པ་ཡིད་ཀྱི་དགའ་སྟོན》《སྤྲིན་གྱི་ཕོ་ཉའི་འགྲེལ་པ》 《རྗེ་ཙོང་ཁ་པའི་སྙན་ངག་ཨའི་དབྱངས་ངེས་ཀྱི་འགྲེལ་པ》སོགས་མང་དུ་ཡོད་ལ། འགྲེལ་པ་དེ་དག་ཀྱང་མ་ཡིག་གི་འབྲུ་རེ་རེ་འགྲེལ་པའི་ནང་དུ་བསྟར་ཏེ་ཡོད་པས། ཁ་གསལ་ཞིང་གོ་བདེ་བའི་ཁྱད་ཆོས་ལྡན། དེ་ལྟའི་བོད་ཀྱི་རིག་གནས་ལ་ནང་བྱན་ཆུད་པའི་རྨང་གཞིའི་ཐོག་ཏུ་ཚིག་མཛོད་འདི་ཉིད་ལེགས་འགྲུབ་མཛད་ཟིན་ལ། ད་ཆ་དགུང་གྲངས་བདུན་བཅུ་དོན་དྲུག་ལ་ཕེབས་ཀྱང་སྔར་བཞིན་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་གཞོལ་གནང་མཛད་ཀྱིན་ཡོད་ལ། ཉིན་ཞིག་བརྙན་འཕྲིན་ལས་ཁུངས་ཀྱི་བཅར་འདྲིའི་ལེ་ཚན་ཞིག་ཏུ་ཁོང་གིས་གསུངས་དོན། ཁོང་གིས་སླར་ཡང་བོད་ཀྱི་གནའ་རྩོམ་ཞིག་ལ་འགྲེལ་པ་མཛད་བཞིན་ཡོད་པར་གསུངས། དེ་ལྟའི་སྙིང་སྟོབས་ཆེན་པོ་བཅངས་ཏེ་རང་གི་སྐུ་ཚེའི་སྨད་དེ་མུ་མཐུད་བོད་ཀྱི་རིག་གནས་ཆེད་དུ་སྒྲོན་མེ་བཞིན་ཀུན་གྱི་ཡིད་དུ་སྤར་གནང་མཛད་པ་ནི་བོད་ཀྱི་མཁས་དབང་རྒན་གྲས་ཤིག་གིས་ཕྱི་རབས་པ་རྣམས་ལ་བཞག་པའི་རིན་བྲལ་གྱི་གཅེས་ནོར་ཞིག་དང་། བོད་ཀྱི་སྔོན་བྱོན་མཁས་དབང་དག་གི་རིག་གནས་དང་སྙིང་སྟོབས་ཀྱི་མེ་དཔུང་མ་གཞིལ་བར་གཅིག་རྗེས་གཅིག་གིས་འཛིན་པའི་རྟགས་སུའང་གྲུབ། དེ་ནི་བོད་ཀྱི་མཁས་དབང་རྒན་གྲས་ཤིག་གིས་རིག་གནས་འཕེལ་རྒྱས་ཀྱི་ལམ་བུར་བཞག་གནང་མཛད་པའི་ཞབས་རྗེས་ཤིག་ཡིན། དེ་དང་མཚུངས་པར་ཕྲན་གྱིས་གཤམ་དུ་ལོ་འདིར་ཐོན་པའི་བརྩམས་ཆོས་གཞན་པ་ཞིག་ལས་བོད་ཀྱི་རྩོམ་པ་པོ་དར་མའི་གྲས་ཀྱི་ནག་པོ་སྐལ་བཟང་མཆོག་གིས་བོད་ཀྱི་བརྩམས་སྒྲུང་ལ་ལྷོད་མེད་ངང་ནས་འཚོལ་སྙེགས་བྱས་པ་ལས་བྱུང་བའི《དམྱལ་ཟངས་ནང་ན་ཀུ་རེ་མེད》ཅེས་པ་དེ་ངོ་སྤྲོད་ཞུ་བ་ལ། 
   《དམྱལ་ཟངས་ནང་ན་ཀུ་རེ་མེད》ཅེས་པ་དེ་ནི་སྐུ་ཞབས་ཚེ་གྲུབ་མཆོག་གིས་བརྩམས་སྒྲུང་དེའི་གླེང་གཞིའི་དོད་དུ་བྲིས་གནང་མཛད་པ་ལྟར"'རྒས'སླ་བའི་ང་ཚོའི་རྩོམ་པ་པོ་རྣམས་དང་བསྡུར་ན། ཁོང་ནི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་པའི་ཁེར་རྐྱང་གི་མདུན་སྐྱོད་པ་ཞིག་རེད།"ཅེས་གསུངས་པ་ལྟར་བོད་ཀྱི་སྔར་ཡོད་རྩོམ་སྟེགས་ལ་མ་བྱུང་བའི་གསར་གཏོད་ཀྱི་ཆ་ལ་འབུངས་གནང་མཁན་ཞིག་རེད། བརྩམས་སྒྲུང་ནང་དུ་ནག་ཚོང་ཚོགས་པ་ཞིག་གིས་བོད་ཡུལ་དུ་ཚོང་ལམ་གཏོད་ཆེད་ས་གནས་དེ་གའི་དཔོན་རིགས་དང་ངན་འབྲེལ་བྱས་པ་དང་། བྱ་ཐབས་སྣ་ཚོགས་ཐོག་ནས་རང་གི་ཚོང་ལམ་གི་གེགས་སུ་གྲུབ་པའི་མི་སྣ"བཀྲ་རྡོར"དང"ནག་རྡོ"གཉིས་པོ་ལྔ་པའི་ལམ་དུ་བརྫངས་པའི་ཐབས་བཀོད་དུ་མ་འཐེན་མོད། ཁོ་གཉིས་ཀྱིས་རྒྱབ་དཔུང་གཉེན་ཅི་ཡང་མེད་པའི་གནས་ཚུལ་འོག ཐབས་དང་ཤེས་རབ་ཐོག་ནས་དགྲ་བོའི་ངན་ཇུས་ལས་རྣམ་པར་རྒྱལ་བའི་སྐོར་བསྟན། ཕྲན་གྱིས་བརྩམས་སྒྲུང་འདིར་གཅིག་ལ་གཅིག་ཏུ་སྦྲེལ་བའི་ཁྱད་ཆོས་ གསུམ་ཡོད་པ་མཐོང་སྟེ། གཅིག་ནི་གསར་གཏོད་ཀྱི་ཆ་དང་ལྡན་པ། གཉིས་པ་ནི་དངོས་དོན་དང་ཤིན་ཏུ་ཁ་འཕྲོད་པ། གསུམ་པ་ནི་གནད་ལུགས་ཤིག་དང་ཆོས་ཉིད་ཅིག་གིས་སྡོམ་ཚིག་བཀོད་པ་དང་གསུམ་ཡིན། གསར་གཏོད་ཀྱི་ཆ་ལྡན་ཞེས་པ་དེའང་བོད་ཡིག་གི་ལམ་ནས་དེང་གི་ཁྲོམ་རའི་དཔལ་འབྱོར་གྱི་སྤྱི་ཚོགས་སུ་གནས་གནས་པའི་དངོས་དོན་ཏེ་བདེན་དོན་ནི་རྒྱུ་དང་དབང་གི་དབར་ལ་ཧ་ཅང་ཉམས་ཆུང་ཞིག་ཏུ་འགྱུར་བཞིན་པ་དེ་རྩོམ་པ་པོས་བློ་སྟོབས་ཆེན་པོས་སྒྱུ་རྩལ་གྱི་ཐོག་ནས་མངོན་མཚོན་བྱས་ལ། ཡང་འཚོ་ས་སྦྲ་གུར་ཙམ་དང་། ལག་ཆ་འུར་རྡོ་ཁོ་ན་སྤྱོད་པའི་སྒྱུ་རྩལ་བརྩམས་ཆོས་གཞན་གྱི་གནས་ལས་འཕགས་ཏེ། དེང་གི་ལག་ཆ་དང་འཕྲུལ་རིགས་གང་རུང་བཀོལ་ཤེས་པའི་བོད་མི"བཀྲ་རྡོར"དང"ནག་རྡོ"ལྟ་བུ་ཡོད་པ་བསྟན་ལ། ཡང་རྫོང་དཔོན་དང་སྤྱི་བདེ་ཁྲུའུ་ཡི་ཁྲུའུ་ཀྲང་ལྟ་བུའི་བདེན་དོན་གཉའ་ནས་གནོན་མཁན་ཡང་བརྩམས་སྒྲུང་ནང་དུ་བསྟན་པ་བཞིན་དོན་དངོས་སུའང་ཡོད་པའི་དབང་གིས། གཤམ་གྱི་ཁྱད་ཆོས་གཉིས་པ་སྟེ་དངོས་དོན་དང་ཧ་ཅང་ཁ་འཕྲོད་པ་ཞིག་བྱུང་ཡོད། དངོས་ཡོད་ཀྱི་སྤྱི་ཚོགས་ནི"རྒྱུ"དང"དབང"གིས་བསླུས་པའི་འཇིག་རྟེན་ཞིག་དང་། འཇིག་རྟེན་འདི་ལྟའི་འོག་ན་ཚེ་སྲོག་གི་རིན་ཐང་དང་མིའི་ཀུན་སྤྱོད་ཀྱི་རྣམ་གཞག་ནི་ཧ་ཅང་ཉག་ཕྲ་བ་ཞིག་ཏུ་འགྱུར་པའི་སྣང་བ་བསྟེར་བས། མི་དང་དཔལ་འབྱོར་དང་། དཔལ་འབྱོར་དང་མིའི་དབར་ན་ཐད་ཀར་མཚུངས་རྟགས་བཀོད་པ་ལས། མི་དང་དཔལ་འབྱོར་དང་། དཔལ་འབྱོར་དང་མིའི་དབར་ན་ཚེ་སྲོག་གི་རིན་ཐང་དང་ཀུན་སྤྱོད་ཀྱི་རྣམ་གཞག་གིས་བར་འདུམ་བྱེད་པའི་ལྷུ་ཚིགས་དེ་ཡོངས་སུ་ཞིག་པའི་སྣང་བ་ཞིག་ཀྱང་བྱུང་བས། སྐབས་དེར་རྒྱའི་རྩོམ་པ་པོ་ཞུས་དབྱི་ཀྭ་ཡི་བརྩམས་སྒྲུང《ཟླ་བ་ཉིས་བརྒྱ་བཞི་བཅུའི་ཚེ་གང》ཞེས་པ་དེ་དྲན་འོང་སྟེ། འགྲིམ་འགྲུལ་ལས་འཛོལ་ནང་དུ་རྐྱེན་ལམ་ཤོར་བའི་རང་གི་ཁྱོ་བོའི་ཆེད་དུ་ཆུང་མ་ཞིག་གིས་རླངས་འཁོར་གྱི་བདག་པོར་འཁོན་ལན་སློག་པའི་གཏམ་རྒྱུད་ཅིག་ཡིན་ཞིང་། མཐར་དཔལ་འབྱོར་གྱིས་ཡོད་ཚད་འཇལ་བའི་དུས་སྐབས་འདིར། ཁོ་མོར་མི་རིན་སྒོར་མོ་ཁྲི་ཉི་ཤུ་མ་གཏོགས་མ་བྱུང་ཞིང་། མཐར་ཁོ་མོས་རྩིས་བགྲང་བྱ་སྐབས་ཉིན་རེའི་ཚེ་སྲོག་དང་བདེ་སྐྱིད་ལ་ཁྱོན་སྒོར་མོ་ཉི་ཤུ་རྩ་བདུན་མ་གཏོགས་མི་རི་བའི་སྡོམ་ཚིག་འཐོབ་ཅིང་། ཚེ་སྲོག་དང་དཔལ་འབྱོར་བར་དུ་ཐད་ཀར་ཉོ་ཚོང་བྱེད་པའི་རིམ་པ་ཞིག་ལས་ཅི་ཡང་མེད། 《དམྱལ་ཟངས་ནང་ན་ཀུ་རེ་མེད》ཅེས་པའི་ནང་དུའང་དེ་དང་མཚུངས་པའི་དཔེ་མཚོན་མང་དུ་ཡོད། འོན་ཏེ་བརྩམས་སྒྲུང་ཡོངས་སུ་མཐོ་རླབས་གཡོ་རུ་བཅུག་མཁན་གྱི"བཀྲ་རྡོར"དང"ནག་རྡོ"གཉིས་པོས་རྒྱབ་དཔུང་གཉེན་ཅི་ཡང་མེད་པའི་ཆ་རྐྱེན་འོག་ཏུ། བདེན་དོན་སྐྱོང་ཆེད་བག་ཚ་མེད་པར་ནག་ཚོགས་དང་འཐབ་འཛིང་བྱས་ཏེ། བྱས་རྗེས་ཆེན་པོ་བཞག་ཡོད་མོད། འོན་ཏེ་བརྩམས་སྒྲུང་གི་མཇུག་ཏུ"གསོན་ཐོག་ན་ཡོད་པའི་ཅུའུ་ཀྲང་ནག་རྡོ་དང་ཞའོ་ཝང་ལ་སྒུག་ནས་ཡོད་པའི་ལས་དབང་ནི་ཅི་ཞིག་ཡིན་ནམ་ཞེ་ན། དེའང་སུས་ཀྱང་དཔག་དཀའ་བ་ཞིག་ལགས"ཞེས་མཇུག་བསྡུས་ཡོད་པས། བརྩམས་སྒྲུང་འདི་ཉིད་སྔར་བས་དངོས་ཡོད་ཅན་དུ་འགྱུར་ཡོད་ལ། བསམ་གཞིག་བྱེད་པའི་བར་སྟོང་ཆེན་པོ་ཞིག་ཀྱང་བསྐྲུན་ཡོད་པས། བརྩམས་སྒྲུང་གཞན་བཞིན་གོང་ནས་གཟིགས་བཟོས་དང་མང་ཚོགས་ཀྱི་ཐལ་མོའི་རྡེབ་སྒྲའི་འོག་ཏུ་མཇུག་སྒྲིལ་བ་ལས་ཀྱང་རྒྱ་ཆེ་ཞིང་གཏིང་ཟབ་པ་བྱུང་ཡོད། དེ་ལྟའི་བསམ་གཞིག་གི་བར་སྟོང་དེས་བརྩམས་སྒྲུང་དེའི་ཁྱད་ཆོས་གསུམ་པ་སྟེ། གནད་ལུགས་སམ་ཆོས་ཉིད་ཅིག་གསལ་སྟོན་བྱེད་ཀྱི་ཡོད་པར་འདོད་དེ། བདེན་དོན་དེ་རྒྱལ་ཡང་བླ་ཕམ་ཡང་རུང་། རྒྱལ་ཕམ་དེ་གཙོ་བོ་མིན་ཞིང་། རྒྱལ་ཕམ་ནི་རེས་ཀྱིས་འཁོར་བ་ཞིག་ཡིན། དེ་ལས་ཀྱང་གཙོ་བ་ནི་བདེན་དོན་དེ་ཉིད་མི་ནུབ་ཅིང་། བདེན་དོན་གྱི་དཔལ་འབར་དེ་ཉིད་གཅིག་ལག་གཅིག་གིས་བརྒྱུད་པ་ཇི་བཞིན་རྒྱུན་བསྲིངས་ཐུབ་པ་ནི་དེ་བས་འགངས་ཆེན་ཡིན་པ་བསྟན་འདུག་པས་ཆོས་ཉིད་ཅིག་གི་ཟབ་སར་རྟོག་འཇུག་བྱ་ཐུབ། གོང་གི《ཆོས་རྣམ་ཀུན་བཏུས》ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་བྱས་པ་ལས་བྱུང་བའི་གྲུབ་འབྲས་ཤིག་ཆེན་པོ་ཞིག་ཡིན་ལ། 《དུང་དཀར་ཚིག་མཛོད་ཆེན་མོ》ཡི་རྗེས་སུ་བྱུང་བའི་ཚིག་མཛོད་ཆེ་གྲས་ཤིག་རེད། ཡང《དམྱལ་ཟངས་ནང་ན་ཀུ་རེ་མེད》ཅེས་པ་ནི་ནག་པོ་བསྐལ་བཟང་མཆོག་གིས《ཀླུ་འབུམ་མི་རྒོད》རྗེས་སུ་བྲིས་གནང་མཛད་པའི་ཚོད་བགམ་རང་བཞིན་དང་གསར་གཏོད་རང་བཞིན་ལྡན་པའི་བརྩམས་སྒྲུང་ཞིག་ཡིན་ཞིང་། དེང་རང་ཉིད་འཚོ་ཞིང་གནས་པའི་མངོན་མངོན་རྗེན་རྗེན་གྱི་སྤྱི་ཚོགས་ཐོག་གི་གནས་ཚུལ་དངོས་ཉིད་མཚོན་དཔེར་བཟུང་ཞིང་དེ་ལ་ཕྱིར་རྟོག་བྱས་ལས་གྲུབ་པ་ཞིག་ཡིན། གཤམ་དུ་ལོ་འདིར་བོད་ཀྱི་རྩོམ་སྟེགས་ཐོག་ཏུ་བྱུང་བའི་གྲུབ་འབྲས་གཞན་ཞིག་སྟེ། མི་རིགས་གཞན་གྱི་རིག་གནས་བསྡུ་ལེན་བྱས་པ་ལས་ཐོབ་པའི་གྲུབ་འབྲས་སྐོར་ངོ་སྤྲོད་ཞུས་ན། 
   ཉེ་བའི་ཆར། ཕྱི་རྩོམ་གྲགས་ཆེན་བོད་དུ་ཡིག་སྒྱུར་བྱས་པའི་བརྩམས་ཆོས་མི་ཉུང་བ་ཞིག་ཐོན་ཡོད་མོད། འོན་ཏེ་བོད་ཀྱི་བརྩམས་ཆོས་གྲགས་ཆེན་མི་རིགས་གཞན་གྱི་སྐད་དུ་བསྒྱུར་བའི་གྲུབ་འབྲས་དང་བསྡུར་ན། ད་དུང་ཧ་ཅང་ཉག་ཕྲ་བས། "ནང་འདྲེན"བྱས་པ་དེ"ཕྱིར་གཏོང" བྱས་པ་ལས་ཉུང་ཞིང་། གཞན་གྱིས་རང་རེའི་རིག་གནས་ལ་རྒྱུས་མངའ་བྱས་པ་མང་ཞིང་། རང་རེས་གཞན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་པ་ཉུང་ངུར་ཟད། ལོ་འདིར་འགྱུར་རྩོམ་ཐད་ལ་ཨོ་རྒྱན་རྡོ་རྗེ་མཆོག་གིས་ཧྥ་རན་སིའི་རྩོམ་པ་པོ་ཀྲུང་མ་ཆུང་བས་བརྩམས་པའི《ཇ་ཤིང་མེ་ཏོག་མ》 ཡིག་སྒྱུར་པར་འགྲེམས་མཛད་པས། བོད་ཡིག་དཔེ་དེབ་གཟིགས་རྒྱུར་མཉེས་པའི་ཀློག་པ་པོ་ཚོས་བོད་ཡིག་ལམ་ནས་འཛམ་གླིང་གྲགས་ཅན་བརྩམས་སྒྲུང་གཟིགས་ཐུབ་པས་དགའ་བར་འོས་པའི་བྱ་བ་ཞིག་ཡིན། བརྩམས་སྒྲུང་འདིའི་མི་སྣ་གཙོ་བོ་མ་ག་རི་ཐ་འཚོ་གོས་ཀྱི་དོན་དུ་གྲོང་ཁྱེར་ཕ་ལིར་འབྱོར་ཞིང་། ལུས་བཙོངས་ཏེ་འཚོ་བ་འཁྱོལ་ཐབས་བྱེད་པ་མ་ཟད། རྒྱུ་ནོར་གང་བྱུང་བཀོལ་ཏེ་སྐྱིད་འདོད་ཁོ་ན་བྱེད་པའི་གོམས་ངན་ཡང་འཇགས་ཡོད། འོན་ཏེ་སེམས་ཀྱི་གཏིང་དུ་ འཚོ་བ་དེ་རིགས་ལ་ཞེན་པ་ལོག་ཅིང་། ལྷག་པར་དུ་ཨར་མན་དང་འཕྲད་པ་དང་གྱེས་པའི་གནས་ཚུལ་ཇི་སྙེད་ཅིག་ལས། མིའི་རིགས་འཚོ་གོས་ཀྱི་དོན་དུ་ཚུལ་འཆལ་གྱི་བྱ་བ་མང་པོ་བྱེད་ཅིང་ཡོད་ནའང་། ནང་སེམས་སྦུག་ཏུ་ནམ་ཡང་དྭངས་གཙང་དྲི་མེད་འོད་དཀར་ཀྱི་སེམས་ཁམས་ཤིག་ཡོད་ཚུལ་དང་། ཡང་ཨར་མན་གྱི་ཕས་རང་གི་མཚན་དང་སྙན་གྲགས་ཀྱི་དོན་དུ་མ་ག་རི་ཐར་མ་འདོད་པར་རང་གི་བུ་དང་ཁ་གྱེས་སུ་བཅུག་པ་ལས་རང་དབང་དང་ཀུན་སྤྱོད་ཀྱི་རྣམ་གཞག་དབར་ན་ནམ་ཡང་སེལ་ཐབས་མེད་པའི་བཀག་རྒྱ་ཞིག་ཀྱང་གནས་པ་མཚོན་ཞིང་། མཐར་ཁོ་མོ་མ་གྲོངས་པའི་སྔོན་དུ་ཨར་མན་ལ་བྲིས་པའི་འཕྲིན་ཡིག་དེས་ནི་དེ་བས་ཀྱང་མི་རྣམས་ལ་ཡིད་གདུང་དྲག་པོ་ཞིག་བསླངས་ཡོད། དེའི་བོད་འགྱུར་མ་དེ་ཡང་སྒྱུར་པ་པོ་གང་ཉིད་ཡུན་རིང་སྙན་ངག་དང་རྩོམ་སྒྲིག་པའི་བྱ་བར་གཞོལ་བའི་དབང་གིས་ཚིག་སྦྱོར་བཀོལ་ཚུལ་སོགས་འོས་འཚམས་བྱུང་ཡོད་པས། རྩོམ་རིག་གི་སྐད་ཆའི་མཚོན་ཐབས་དང་སེམས་ཀྱི་ཚོར་འདུ་སོགས་ཇི་ལྟ་བ་བཞིན་བྱུང་ཡོད།
༤ 
   ཡང་ད་ལོའི་བོད་འགྱུར་མ་གཞན་ཞིག་ནི་བོད་ཡིག་བསླབ་གཞི་ཙམ་དང་། སློབ་གྲྭའམ་དགེ་རྒན་བསམ་ཤེས་ཅན་རེ་ཡོད་ན《གངས་རྒྱན་ན་ཆུང་ཚགས་པར》མངགས་ཉོ་བྱས་ཏེ་དེ་ལས་ཤེས་བྱ་ཐོབ་འདོད་བྱ་མཁན་བོད་ཀྱི་བྱིས་པ་ཚོར་དམིགས་ཏེ་སྐུ་ཞབས་ཕུན་ནོར་ལགས་ཀྱིས་བསྒྱུར་བའི《གྷ་རིམ་གྱི་བྱིས་སྒྲུང》དེབ་བཞི་ཅན་ཞིག་པར་འགྲེམས་གནང་བས། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པར་སྐུ་ཞབས་ཚེ་རིང་དོན་གྲུབ་མཆོག་གིས་བསྒྱུར་གནང་མཛད་པའི་《མཚན་ཞག་སྟོང་གི་གཏམ་རྒྱུད》ཅེས་པའི་བྱིས་སྒྲུང་ཡིག་སྒྱུར་རྗེས་སུ། སླར་ཡང་ཐོན་པའི་འཛམ་གླིང་གི་མུ་འབྲེལ་བྱིས་སྒྲུང་གྲགས་ཅན་ཞིག་ཡིན། ང་ཚོས་རྒྱུན་དུ་རིག་གནས་ཀྱི་མཐོ་ཚད་ཅིག་དང་སྤྱི་ཚོགས་ཀྱི་ཟབ་ཚད་ཁོ་ན་གླེང་བ་ལས། དེ་ཡི་གཙོ་ཤུགས་སུ་འགྱུར་པའི་མིའམ། ལྷག་པར་དུ་བྱིས་པ་དག་སྣང་མེད་དུ་བསྐྱུར་བའི་སྣང་ཚུལ་ལ་ཆད་གསབ་ཁ་སྐོང་ལེགས་པོ་གནང་། འགྱུར་སྤུས་ཐད་ལའང་དེ་སྔོན་ཁོང་གིས་རྒྱ་གར་གི་སྙན་དག་པ་ཐེ་གོར་གྱི《གྷ་ཐན་ཀཱ་ལེ》དང་འཇར་མན་གྱི་རྩོམ་པ་པོ་གོ་ཏེའི《གཞོན་ནུ་འོད་ཐར་གྱི་སེམས་གཅོང》ཞེས་པ་སོགས་བསྒྱུར་མྱོང་ཡོད་པས། ཐེངས་འདིར་ཡང་བྱིས་པའི་ངག་སྒྲོས་དང་མཐུན་པའི་སྒོ་ནས་ཁ་གསལ་གོ་བདེར་བསྒྱུར་གནང་འདུག ལོ་འདིར་བོད་ཡིག་རྩོམ་སྟེགས་ཐོག་ཏུ་བརྩམ་བྱ་ལེགས་གྲས་མང་པོ་ཐོན་ཡོད་མོད། རེ་རེ་ཇི་བཞིན་ངོ་སྤྲོད་ཞུ་བའི་སྤོབས་པ་མ་མཆིས་མོད། སྐབས་འདིར་རྒྱུན་འཛིན་དང་། གསར་གཏོད། ནང་འདྲེན་བཅས་ཚད་གཞི་གསུམ་དུ་བཟུང་སྟེ། དེ་དག་ཁྲོད་ནས་ཅུང་ཁྱད་དུ་འཕགས་ཤིང་། རྩོམ་རིག་དང་སྤྱི་ཚོགས་ཀྱི་དོན་སྙིང་ལྡན་པའི་བརྩམས་ཆོས་དཔེ་མཚོན་ཅན་འགའ་ངོ་སྤྲོད་ཞུ་ཁུལ་བྱས་པ་ལགས། 

༢༠༠༩ལོའི《སྦྲང་ཆར》དུས་དེབ་བཞི་པའི་ཐོག་འཁོད།
ཆེད་དེབ«ཕལ་པའི་རང་མདངས»ལས་དྲངས།
སྒྲིག་སྦྱོར་པ། རོང་པོ་རང་འཚོལ།



玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章