གསར་བྲིས་སྙན་ངག་བཞི། རོང་པོ་རང་འཚོལ།

民生   2024-08-25 11:25   西藏  







དཀར་གསལ་ཟླ་བ། ཞར་བཀོད་གསུམ།


རྩོམ་པ་པོ། རོང་པོ་རང་འཚོལ།


དཀར་གསལ་ཟླ་བ།


ཁོ་མོའི་བཞིན་རས་དཀལ་གསལ་ཟླ་བ་འདྲ། །

དཀར་གསལ་ཟླ་བ་འཛུམ་ཙམ་ཟུམ་ཙམ་བྱེད། །

གོར་གོར་འོ་མའི་ཐིག་ལེ་འཐུང་འདོད་ཀྱིས། །

དེ་མཐོང་ཡིད་དགའ་ལྡང་ཙམ་གཡོ་ཙམ་བྱེད། །

དཀར་གསལ་ཟླ་བ་རེས་འཆར་རེས་ནུབ་ཡོང་། །

དེ་འཐུང་ཨུཏྤལ་གཡོ་ཙམ་འགུལ་ཙམ་ཡོང་། །

རིང་སོང་ཟླ་བ་མཐོན་པོའི་དགུང་ན་གསལ། །

མཐོན་པོའི་དགུང་ན་ཁེར་བུ་རླུང་གིས་ཟ། །

མ་འདྲིས་གྲོགས་ལ་འཁོར་བའི་ཕྱི་མིག་གིས། །

ཡང་ཡང་ཞལ་ངོ་ཐང་ལ་འཕེན་བྱེད་པ། །

ཞིབ་ཏུ་བརྟགས་ན་དཀར་གསལ་ཟླ་བ་ཡང་། །

སྐྱོ་བའི་རི་མོ་དང་བཅས་རྒྱང་ལ་འགྲོ། །

དཀར་གསལ་ཟླ་བ་སྟོང་བའི་ཁམས་ནས་བཞུད། །

འཕུར་འདོད་ཨུཏྤལ་དམའ་མོའི་ས་ལ་བཏགས། །

ལམ་དེ་གནམ་སས་བཅད་སོང་སྐྱོ་ཐལ་ལོ། །

ལས་དེ་སྣང་བས་བཀག་སོང་སྐྱོ་ཐལ་ལོ། །


སྙིང་ཉེ་བའི་ནམ་མཁའ།


ཁ་སང་དང་དེ་རིང་ད་དུང་མ་འོངས་པ་དེ་དག

ཁྱེད་ཀྱི་ཕྱག་ཟུང་ལ་སྙོར་རོགས།

བྱིས་པའི་པྲ་ཚག་ནས་རྒན་པོའི་སྐྲ་དཀར།

དེ་དག་ཀྱང་ཁྱེད་ཀྱིས་བདག་རོགས།

ལམ་འདི་ནས་གཞན་དང་གཞན་ནས་གཞན་དག

དེ་དག་ཀྱང་ཁྱེད་ཀྱིས་གཟིགས་རོགས།

ང་དང་ང་ཡིར་འཁྱུག་པའི་ཡིག་འབྲུ་འདི་དག

ཁྱེད་ཀྱིས་གཅེས་སེམས་ལ་གདགས་རོགས།

མི་ཤེས་པའི་ས་དཀར་དཀར་དེ་ནས།

མི་དཔོག་པའི་ཁྱེད་ཀྱིས།

ཅིས་ཀྱང་ཕྱེད་མིག་ཅིག་འཇོག་རོགས།

ཕྱེད་མིག་དེའི་ཟུར་ན་ངའང་འཇོག་རོགས།

ཀྱེ་ཀྱེ། སྙིང་ཉེ་བའི་ནམ་མཁའ།


རྣམ་སྨིན།


འདི་ནས་རྒྱང་རིང་མ་རེད་སེམས་ཀྱི་ཐུ་སྣེ་ཞིག །

འཁྲིལ་བའི་སྒྲ་དབྱངས་མ་རེད་སྐྱོ་བའི་ལོག་མལ་ཞིག །

འུ་གཉིས་བྱ་ཡིན་མ་རེད་འཕུར་བའི་ནམ་མཁའ་མེད། །

གཏན་དུ་གཉིད་པའི་བྱ་བ་འདི་ཡང་ཚར་དུས་མེད། །

བྱམས་པས་བཤད་ན་འུ་གཉིས་འགྲོག་པ་མི་རིང་ཟེར། །

དེ་ཡང་མ་ཡིན་ད་ཆ་ཕན་ཚུན་སུན་ཅིང་མཆིས། །

མི་རེའི་མགོ་ན་ན་བུན་སྟུག་པོ་མི་དྭངས་པས། །

གཏམ་དང་བརྩེ་བ་རྡོ་ཐོག་ཆུ་ཐིགས་ལྟར་དུ་ཡལ། །

འཐོབ་བྱ་མ་མཆིས་མདུན་ཕྱོགས་གྲོང་གིས་ཅི་ཞིག་བྱ། །

འུ་གཉིས་ཆུང་འགྲོ་ཐོབ་ཐང་གླེང་བའི་གྲལ་སྟེགས་མེད། །

འདི་ན་གངས་ཡིན་དེ་ན་མེ་ཆུ་རླུང་གི་ཁམས། །

འུ་གཉིས་སྐྱིད་སྡུག་ཚ་གྲང་འཐབ་པ་དེ་ག་ཙམ། །


ལོ་ཟླ་འདི་དག


ང་རང་ངོ་མ་ངོ་མི་ཤེས་པ་ཞིག་ཏུ་གྱུར་འདུག

ངས་མེ་ལོང་དུ་རང་ཉིད་མཐོང་ཐུབ་མོད།

མེ་ལོང་ངོས་ཀྱི་ང་རང་ནི་ང་རང་གཞན་ཞིག་རེད།

ལོ་ཟླ་འདི་དག་ཏུ། 

ངས་རང་ཉིད་དུར་ཐང་དུ་སྦས་སམ་སྙམ།

ང་རང་ལོ་ཟླ་འདི་དག་གི་ནང་སྙིང་དུ་བཅུག་དུས།

ངས་རང་ཉིད་བོར་སོང་། 

ལོ་ཟླ་འདི་དག་དང་ལྷན་དུ་བོར་སོང་།

ལོ་ཟླ་འདི་དག 

ངའམ་ངའི་ལོ་ཟླ་འདི་དག

སྐྱ་ཤར་ཤར་གྱིས་རྒྱང་རིང་གི་ཕྱོགས་སུ་བསྲིངས་འདུག་ཀྱང་།

རྒྱང་རིང་ལ་མུ་མཐའ་མེད་པས། 

ངས་རང་ཉིད་བོར་སོང་།

ལོ་ཟླ་འདི་དག་ཀྱང་བོར་སོང་།


སྒྲིག་སྦྱོར་བ། རོང་པོ་རང་འཚོལ། 

玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章