ང་ཚོ་བསམ་བློ་འཚོལ་དུ་འགྲོ། ར་ས་བསྟན་འཛིན་ཆོས་གྲགས།

民生   2024-08-08 21:29   西藏  





  རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།     


འགྲོ། ང་ཚོ་བསམ་བློ་འཚོལ་དུ་འགྲོ།

 
རྩོམ་པ་པོ། ར་ས་བསྟན་འཛིན་ཆོས་གྲགས།




    ལོ་རྒྱུས་དེབ་ཐེར་ཕར་སློག་ཚུར་སློག་བྱས་ཏེ་ཤོག་བུ་ཟད་ལ་ཉེ་གིན་འདུག བདེན་མིན་དབྱེ་འབྱེད་དཀའ་བའི་དཔྱད་རྩོམ་མཇུག་འཕྲོ་དེ་ཡི་ཆེད་དུ་བསམ་གཞིག་ཕར་ཚུར་བསྐོར་དོན་ཅི་ཞིག་ཡོད། བདེ་ཞིང་ཡང་བའི་ལྷམ་གོག་གཙང་མ་གྱོན་ནས་ང་ཚོ་ལམ་དུ་བཞུད་དེ་བསམ་བློ་འཚོལ་དུ་འགྲོ་ན་ཅི་འདྲའི་ཨང་། ནམ་མཁས་ང་ཚོའི་ཆེད་དུ་བགྲོད་ལམ་ཡོངས་ཀྱི་སྒོ་མོ་ཕྱེས་ཟིན་ལ། ས་གཞིས་བདག་ཚོའི་ཆེད་དུ་ཕྱོགས་ཀྱི་ཕ་མཐར་ས་གདན་ཡོངས་རྫོགས་བསྲིངས་ཚར་འདུག 
   ས་ཆ་འདི། ལུས་ཀྱི་རྡུལ་ཆུས་ཆག་ཆག་བཏབ་པའི་བྱེ་ཐང་འདི་ཉིད་ཡིན། ཡུལ་ལུང་འདི། བསམ་བློའི་སྟོབས་ཀྱིས་རིམ་བཞིན་བཞེངས་པའི་ཕོ་བྲང་ཞིག་ཀྱང་སྟེ། ལོ་རྒྱུས་ཁྲོད་དུ་དགའ་སྐྱོ་ཅི་དགར་འཁྲུངས་སའི་བསམ་ཡས་དགོན་པ་ཞེས་པ་དེ་ཉིད་ལགས། ད་ཆ། ལོ་རྒྱུས་དབྱིངས་ནས་ཁད་ཀྱིས་ཟགས་པའི་མ་ཎི་འཁོར་ལོས་ལྗོངས་འདི་ཡོངས་སུ་བསྐོར་འདུག་ལ། ངུར་སྨྲིག་འཛིན་པའི་གྲྭ་པ་ཚོ། མཚོ་མོ་ཇི་བཞིན་ལྟེམས་པའི་མཆོད་མེའི་མཐའ་འཁོར་ནས། གཟིམས་པར་ཉེ་བའི་མཆོད་སྡོང་རེ་རེ་ཡང་ནས་བསྐྱར་དུ་སློང་བ་དང་། ལྷ་ཚོགས་མདུན་ན་སྒྲིག་པའི་ཡོན་ཆབ་ཀྱང་། ཉིན་ལྟར་བྱོ་ཞིང་སླར་ཡང་བཀངས་བ་དེ། ཉི་ཟླའི་འཁོར་བགྲོད་ཇི་བཞིན་ཉིན་མ་གཅིག་ལའང་ཆད་མྱོང་མེད་རབས་དེས། སྐབས་དང་དུས་ཚོད་དེ་ནས་བཟུང་། ཡུལ་འདིའི་ལོ་རྒྱུས་ཀྱང་། འདུ་འཛིའི་སྣང་བས་བསྐྱུར་བའི་བྱ་བཏང་བ་དང་འདྲ་བར་འགྱུར་ངེས་ལ། ལག་པས་སྨིན་མཚམས་ཕུབ་སྟེ་རྒྱང་རིང་རྒྱང་རིང་ཞིག་ཏུ་རེ་ལྟོས་བྱེད་པ་ལས། རང་གི་གམ་དུ་ཡོད་པའི་ཕོར་པའི་ནང་གི་སྲུབས་ཇ་དེ་ཉིད་རིམ་བཞིན་གྲང་མོར་འགྱུར་གིན་ཡོད་པར་སེམས་དོགས་བྱེད་ཀྱིན་མེད་ཚོད་རེད། བསམ་བློ་ནི། ནམ་ཡང་ཆོས་ཉིད་ཅིག་གི་རྩེར་མོར་འཛེགས་རྒྱུར་ཆེས་དགའ་བས། རང་གི་འཁོར་དུ་མེ་ཏོག་བཞིན་དུ་བཞད་པའི་འཛུམ་ཆུང་དག་ལ་མིག་ཟུར་ཙམ་ཡང་འཕེན་གྱིན་མེད་པའི་སྣང་ཚུལ་དེ་ནི་ཅི་འདྲའི་བློ་ཕམ་ཞིག གཟིགས་དང་། ད་དུང་དབུ་སྐྲ་སྐྱ་ཕྱེད་སྔོ་ཕྱེད་འགྱུར་བའི་རྒན་རྒོན་ཚོས། ལག་པད་སྙིང་གར་བཅངས་ཤིང་སྤྱན་མིག་ཟུམ་ཟུམ་ངང་ནས་ཁ་ཏོན་བྱེད་པའི་ངང་ཚུལ་ནི། ཡུལ་འདིའི་གཟི་བརྗིད་ཡོད་ཚད་སླར་ཡང་བརྗེད་བྱང་ཚུལ་གྱིས་གཞན་ལ་བརྒྱུད་སྤྲོད་བྱེད་པ་དང་ཡང་ཧ་ཅང་མཚུངས་མོད་ཀྱང་། ཁོང་རྣམས་ཚོས། སྐུ་བོངས་ཆེ་བའི་ལྷ་ཚོགས་དག་ལ་ཐོད་པ་གཏུགས་པའམ། རི་བཞིན་བརྩེགས་པའི་བཀའ་བསྟན་དག་གི་འོག་ན་སྒུར་ཏེ་འགྲོ་བའི་སྐད་ཅིག་དེར། དེ་དག་རྒྱབ་ན་བསྐུང་བའི་རྔུལ་ཁྲག་དང་། དགའ་སྐྱོའི་ཟོམ་ལས་འཛགས་པའི་མིག་ཆུའི་རྒྱུན་ལ་སྣང་འཇོག་གནང་མཁན་དཀོན་ཚོད་རེད། 
   དེ་ལྟར། མི་རབས་གཅིག་དང་མི་རབས་གཉིས། མི་རབས་གསུམ་དང་མི་རབས་བཞི། གོམས་འདྲིས་སོང་བའི་ཐོད་པ་དེ་ཉིད་ས་རུ་ཡང་ནས་ཡང་དུ་གཏུགས་པ་ལས། ཐོད་པ་ནམ་མཁར་བསྟན་ཏེ་ཨ་སྔོན་དབྱིངས་ནས་རྒོད་པོ་ཞིག ཇི་ལྟར་བྱས་ཏེ་ས་རུ་ཟགས་ཚུལ་ཐད་ལ་ག་ལེར་བསམ་གཞིག་དེ་ཙམ་གཏོང་མྱོང་མེད་པ་འདྲ།
    ལོ་ངོ་སྟོང་གི་སྔོན་རོལ་ན། ཤ་རྩི་སྨུག་ཅིང་དར་ཟབ་སྤྲས་པའི་སྐྱེས་བུ་ཞིག་གིས་གནས་དེའི་ཁོར་ཡུག་ཀུན་ཏུ་ག་ལེར་འཆམ་འཆམ་གནང་བའི་ཞོར། མཐའ་བཞི་དབང་དུ་བསྡུ་བའི་དགོངས་པ་རི་བོའི་གསེང་དང་ཆུ་བོའི་ཞབས་སུ་བསྟིམས་པ་དང་། བསམ་བློའི་མེ་ལྕེ་མཁའ་རུ་སྤར་བས་ཚག་སྒྲའི་མེ་སྟག་ཕྱོགས་བཞིར་གཏོར་བའི་རྔམ་བརྗིད་ཅིག་ཀྱང་བྱུང་ཡོད་ལ། ཧྭ་ཤང་ཞིག་ཀྱང་རང་གི་སྟན་ལས་འཚབ་འཚུབ་ལངས་ཏེ། ལྷམ་ཡང་བླངས་ཁོམ་མེད་པར་རྟབ་རྟབ་ངང་ནས་གནས་ལས་བྱོལ་བའི་བསམ་བློའི་ཐོག་སྒྲ་ཞིག་ཀྱང་བསམ་གཏན་གླིང་ནས་གྲག་མྱོང་ཡོད་ཚུལ་མཁས་པའི་ངག་ལས་རྒྱུན་དུ་ཐོས། སྐབས་དེར། པད་མའི་ངང་ཚུལ་བྱ་བའི་མཁས་པ་ཞིག བདེན་པས་བསྐྱུར་བའི་ཞེ་སྡང་ཞགས་པ་མཚན་མོའི་མུན་ཁུང་བརྒྱུད་དེ་སྒྲ་སྒྱུར་གླིང་དུ་བཏབ་པའི་དུས། སྐུ་སྲོག་སྐད་ཅིག་ཉིད་དུ་འཇའ་བཞིན་གྱུར་ན་ཡང་། བདེན་པ་བརྩད་པའི་ཐུགས་དགོངས་ཡངས་པོ་གངས་ཅན་དེ་ལ་སྔར་བཞིན་ཁྱབ་པ་མ་ལགས་སམ། ལྡེབས་རིས་ཐོག་གི་མི་སྣ་རེ་རེའང་། རྒྱ་གར་ལུགས་ལས་རིམ་བཞིན་བཅོས་ཏེ་བོད་མི་རང་གི་ཁྱད་ཆོས་ཐོག་ཏུ་གཏན་ལ་འབེབས་པའི་བསམ་གཞིག་སྒོ་མོ་ཡངས་པར་ཕྱེས་པའང་ལགས། དུས་སྐབས་འདི། དད་དང་རིགས་པ་གཉིས་ལས་རིགས་པར་མོས་གུས་བྱེད་པའི་དུས་སྐབས་ཤིག་དང་། མི་ཡི་སྟོབས་ཀྱིས་ལྷ་ཚོགས་རྣམ་པར་གནོན་པའི་དུས་སྐབས་ཤིག མདོར་ན། གངས་ཅན་ལྗོངས་དེར་མུན་པ་བསལ་ཏེ་འོད་ཟེར་འཚོལ་བའི་བརྒྱུད་རིམ་སྐར་མདའ་ལྟ་བུའི་དུས་ཤིག་སྐབས་དེར་བྱུང་བ་མ་ཡིན་ནམ། 
   དེ་ལྟར་བསམ་ཡས་དགོན་པའི་ས་གཞི་གོམ་གྱིས་འཇལ་བཞིན། བསམ་པའི་ངོས་ལ་དེ་དག་འདྲེན་ཐེངས་རེར། བདག་གི་མཆུ་སྒྲོས་རང་དབང་མེད་པར་བསམ་ཡས་དགོན་པའི་སྐས་འཛེགས་རེ་རེར་སྦྱོར་དགོས་བྱུང་སོང་ལ། ཧས་པོ་རི་ཡི་མཐའ་ན་སྤུངས་པའི་བྱེ་མའི་ཕུང་གསོག་རེ་རེ་ལག་པའི་མཐིལ་དུ་བཞག་བྱས་ཏེ། མེས་པོའི་མཛད་འཕྲིན་བགྲང་བར་འདོད་པའི་བློ་ཁ་ཞིག་ཀྱང་ངང་གིས་སྐྱེས། སྐབས་དེར། མཆོད་ཁྲིའི་ཐོག་ཏུ་བཞུགས་པའི་ལྷ་སྐུ་རེ་རེ་ནི། བདག་གི་མེས་པོའི་རུས་རྩིབས་ཐོག་ན་བསྒྲོན་པའི་མཆོད་མེ་རེ་རེ་ཡིན་པ་ཤེས་འོང་ལ། དཔེ་སྒྲོམ་ཐོག་ཏུ་བཞུགས་པའི་བཀའ་བསྟན་དེ་དག་ཀྱང་། བདག་གི་མེས་པོའི་མཛུབ་མོའི་གསེང་ནས་བཞད་པའི་མེ་ཏོག་རེ་རེ་ཡིན་པའི་ངེས་ཤེས་འདྲེན། རེད། ལྷ་དང་མི། མི་དང་ཆོས་ཀྱི་འབྲེལ་བ་དེས། སྐབས་དེར་མེས་པོའི་བློ་དང་དཔའ་སྟོབས་དེ་ལ་ལྷ་ཚོགས་འདུད་ཅིང་། ཆོས་ཕུང་དག་ཀྱང་འཁོར་བར་གྱུར་བ་མ་ཡིན་ནམ། དེ་ལྟར། མེས་པོའི་ཞབས་ཀྱིས་ནོན་པའི་ཀོང་བརླགས་ནང་། ཤུལ་དུ་བཞག་ཅིང་དེ་ལས་སྔར་བཞིན་འབྲུབ་པའི་ཆུ་མིག་དེ་ལ་མི་རབས་དུ་མར་སྐོམ་གདུང་སེལ་བའི་ནུས་པ་ལྡན་ཡོད་ལ། དེང་གི་དུས་སུའང་། དེ་ལ་བརྟེན་ཏེ་འཚོ་འཚིས་འཛིན་པ་ཅི་ཙམ་ཡོད་པ་གསལ་ལེར་ལགས། 
   འགྲོ། མི་རབས་འདི་ཡིས་ཆང་དང་རྒྱན་སྐུགས་ཡོངས་སུ་དོར་བྱས་ནས། མེས་པོའི་སྒལ་གཞུང་བརྒྱུད་དེ་ལོ་རྒྱུས་དངོས་ཀྱི་བདེན་ཞལ་འཚོལ་དུ་འགྲོ། གཞན་གྱི་བསམ་བློས་བཀངས་བའི་དཔེ་དེབ་རྒྱང་དུ་བསྐྱུར་ཏེ། རང་གི་བསམ་བློ་འཚོལ་དུ་འགྲོ། གང་ལགས་ཤེ་ན། དེ་སྔོན་མེས་པོས་བརྒྱུད་རིམ་དེ་ཉིད་འགྲིམས་པ་དང་། ད་ཆ་ང་ཚོ་སྔར་བཞིན་གསོན་པོར་གནས་པ་བདེན་དཔང་བྱེད་པའི་ཆེད་དུ་འགྲོ།

ཆེད་དེབ«ཕལ་པའི་རང་མདངས»ལས་དྲངས།
སྒྲིག་སྦྱོར་པ། རོང་པོ་རང་འཚོལ།



玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章