བསྡུས་རྩོམ་སྒྲུང་ཐུང་ཁག་གི་བཀླགས་མཆན། གཅུང་བསྟན་བཟང་།

民生   2024-07-05 20:32   西藏  





  རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།     


རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་དྲུག་པ་ལས་མཚོ་སྔོན་བོད་ཡིག་གསར་འགྱུར་སྟེང་སྤེལ་བའི་སྒྲུང་ཐུང་ཁག་གི་བཀླགས་མཆན།

 
རྩོམ་པ་པོ། གཅུང་བསྟན་བཟང་།



   དང་པོ།   

ཆོས་མཆོག་གིམ་ཉེས་ཁ་གཡོགསནི།

འཚོ་བ་ནི་རྩོམ་རིག་གི་རྨང་གཞི་ཡིན་ཟེར་བ་བཞིན་དུ་ཆེས་གསར་ཐོན་ཅན་གྱི་དྲ་ལམ་རྐུ་མའི་མཐོང་སྣེར་བཟུང་སྟེ། མི་སྣའི་ཤོང་ཚད་ཟབ་ཅིང་། ཁ་བརྡའི་སྦྱོར་བ་རྣོ་བ། ཚོར་བའི་འཕར་རྐྱེན་ཞིབ་པ་བཅས་དངོས་ཡོད་རིང་ལུགས་ཀྱི་ཁྱད་ཆོས་ཚང་འདུག མ་གཞི་སྒྲུང་འདི་སྤྱི་ཚོགས་གསར་པར་ཉེན་བརྡ་རྒྱབ་པ་ཙམ་ཡིན་ཡང་། ཐ་མའི་མཇུག་འབྲས་ཁྲིམས་ཁང་ལ་བཅུག་པ་དེ་ཁ་སྒྲོག་པའི་རྣམ་པ་ཞིག་ཀློག་པ་པོའི་མིག་ལ་ཤར་བྱུང་། དེ་ནི་རྒྱུག་ཆེ་བའི་ཚོར་བ་ཙམ་ལས་དམིགས་བསལ་གྱི་དྲ་རྐུན་ལ་ཟུར་རྣོ་བའི་མིག་ཟུང་གཏད་མི་འདུག ཀློག་སྤྲོ་བ་དང་བཞུན་མོ་ཞིག་ནི་མཐོང་བྱུང་། 

གཉིས་པ། 

ཚེ་རིང་གིསྨུག་གྲོངནི།

བྱུང་རིམ་སྟབས་བདེ་ཞིང་། ཚེ་ལོ་གཅིག་པུའི་མཐོང་སྣེ་བཟུང་སྟེ་རྫོབ་ཆེ་བའི་སྤྱི་ཚོགས་ནས་མི་གཤིས་ཀྱི་མཛེས་རྟོག་ཅིག་སྐྲུན་འདུག ད་དུང་ཁོས་ཁྲ་ཁྲ་རིག་རིག་གི་སྤྱི་ཚོགས་ནང་དུ་མི་གཤིས་ལ་བསྙབས་པའི་སྒྲུང་ཐུང་ཞིག་ཏུ་མཐོང་། མཐོང་སྣེ་ཡག་གི གཤིས་ཀ་རྫོབ་ཀི ཚོར་བ་རྣོ་གི སྒྲུང་དེ་སྤྱི་ཚོགས་སློབ་གསོའི་སྟེང་དུ་མ་བཞག་པར་སྒྱུ་རྩལ་སྟེང་དུ་བཞག་ན་མཚམས་སྙམ། 

གསུམ་པ།

གཡུ་སྒྲོན་འཚོའིསྨག་རུམ་ཁྲོད་ཀྱི་འབོད་པནི། 

མཁའ་དབུགས་སྟུག་པའི་བརྩམས་སྒྲུང་གི་སྣང་བརྙན་དྭ་ཕྲུག་བྱིས་པ་ཞིག་ལ་གཏད་དེ། འཚོ་བའི་དུམ་བུ་བྱེ་བྲག་ཅིག་ལ་འཇུས་ཏེ། རལ་ལི་ཐང་དུ་འཐོར་བའི་ཉམ་ཆུང་རྨས་མ་ཞིག་ལྕི་བའི་སྲུབས་ཀ་ནས་ཐེངས་མང་བལྟ་རུ་བཅུག་སྟེ། ཀློང་ཡངས་པའི་སྒོ་མོ་ཞིག་ཧར་གྱེས་ཕྱེས་པ་ལྟར། བྱིས་སྒྲུང་རྩོམ་པ་པོ་ཨན་ཐུའུ་ཧྲིན་མིག་ལམ་དུ་འཁོར་བྱུང་ལ། ཟི་ཝེ་ཀིའི་སྒྲུང་ཐུང་ལྟར་དེ་སྔ་མཐོང་མྱོང་ཡང་གསལ་ཆ་མེད་པའི་འཇིག་རྟེན་ཁེར་ཧྲེང་ཞིག་ཏུ་ཁྲིད་དེ། སྐྱོ་སྣང་གིས་ཁེངས་ཤིང་རེ་ཐག་ཆད་པའི་ཡིད་སེམས་མཚོན་ཡོད། སྒྲུང་གཏམ་གྱི་བྱུང་རིམ་ཀློག་པ་པོར་དབུགས་འབྱིན་རྔུབ་ཙམ་ཡང་མི་སྟེར་བར་འཕེལ་རྒྱས་སུ་སོང་སྟེ། སྐྱོ་གར་ནས་འགོ་བཙུགས་ཤིང་སྐྱོ་གར་ནས་མཇུག་བསྡུ་བའི་བར་དུ་ཆུ་བོ་བབས་པ་བཞིན་ཤམ་ཤམ་དུ་བསྐྱོད། རྩོམ་འདིའི་བརྗོད་སྙིང་སློབ་གསོ་ལ་མ་བསྐོར་བར་མཁའ་དབུགས་སྟུག་པའི་བྱིས་པ་ཞིག་གི་སེམས་ཁམས་ཕྱིར་དྲན་བྱས་པའི་ཉམས་ཀྱི་མཛེས་པའི་སྟེང་ལ་བབས་ཡོད། མདོར་ན། ཁ་བྱང་དང་མཐུན་པའི་འཚོ་བའི་སྨག་རུམ་ཁྲོད་དུ་ཚོར་བའི་གཏིང་རིམ་ནས་འབོད་པ་ཆེས་ལེགས་པའི་ཁེར་རྐྱང་གི་སེམས་ཁམས་སྔོག་འདོན་བྱས་པའི་ལེགས་རྩོམ་ནང་གི་ལེགས་རྩོམ་ཞིག་ལ་མཐོང་སོང་། གཡུ་སྒྲོན་འཚོའི་སྨྱུག་རྩེ་དེ་རིང་བར་དུ་གཟབ་ཉན་མ་བྱུང་བས་ཁོ་བོ་འགྱོད་པ་སྐྱེས་བྱུང་། 

བཞི་པ།

འདམ་འཇིལ་ལིའིཐོག་དང་མདའནི།

ཐོག་མར་འཆར་ཡན་གྱིས་ག་ཞིག་ཏུ་ཁྲིད་པར་རྩོམ་ཡང་། གཏན་ཚིག་མང་ཞིང་གཏམ་དཔེ་དག་གིས་འཆར་ཡན་རབ་རིབ་ཏུ་བཏང་སོང་། བརྩེ་བ་དང་རྒྱུ་འབྲས་སྐྱ་འཐབ་སྟེ་མཚར་སྣང་སྟེར་བའི་སྒྲུང་ཐུང་ཞིག་ཏུ་མཐོང་། མཚར་སྣང་དེ་ཁ་ལ་འཁོར་བའི་མཚར་སྣང་ལས་གཏིང་ཟབ་པའི་མཚར་སྣང་ཞིག་ཏུ་མ་སེམས།

ལྔ་པ།

བྱ་མདོ་ནོར་བུ་རྒྱལ་གྱིབོར་སྟོར་བྱུང་བའི་བརྩེ་འཕྲིནནི།

སློབ་མ་ཞིག་གི་མཐོང་སྣེར་འཇུས་ཤིང་། བརྩེ་དུང་ཞིག་གི་ས་བོང་བསྙལ་ཞིང་། སེམས་ཁམས་ཞིབ་འབྲི་ཞིག་ལ་གདོང་གཏད་ན་ཡང་། ཚགས་དམ་པོ་དང་གྲིམ་པའི་རྣམ་པ་ཉུང་ཞིང་ཚིག་ཚོགས་ཤིག་ཏུ་གྱུར་པ་མཐོང་། མ་གཞི་ཉིན་ཐོ་ཞིག་བཀླགས་པ་ལྟ་བུའི་ཚོར་བ་བྱུང་ཡང་ཉིན་ཐོའི་ལུས་ཅན་གྱི་བརྩམས་སྒྲུང་རེད་མི་འདུག 

དྲུག་པ།

སྦྲ་འཚོའིརྐུན་མནི།

རྐུན་མ་ཀླད་རའི་གཟུགས་རྣམ་གཡར་ནས་མི་སེམས་ལ་གཤགས་བཅོས་ཤིག་བྱས་ཡོད། ཡ་ལི་ཧྲི་ཏོ་ཏེས་བྱུང་རིམ་ཞེས་པ་ནི་བྱ་འགུལ་ཉིད་དོ་ཞེས་པ་ལྟར། བྱ་འགུལ་འདི་མི་སྣ་ཕན་ཚུན་བར་འགལ་བ་དང་འབྲེལ་བ། སྙིང་རྗེ་དང་ཞེ་ལོག་བཅས་སྐྱ་འཐབ་པ་ལས་བྱུང་བའི་སྒྲུང་ཐུང་བཞུན་མོ་ཞིག་རེད་སྙམ། འོན་ཀྱང་། བརྗོད་སྙིང་ཆིག་རྐྱང་ཡིན་ཞིང་འཇིག་རྟེན་གྲགས་པའི་རྗེས་སུ་འབྲངས་པ་བཞིན་རྐུ་མ་དེ་ཁྲིམས་ལ་བཙུད་པ་ལས། རྐུ་མའི་སེམས་ཁམས་སྔོག་འདོན་བྱས་མེད་པ་དེ་སྒྲུང་འདིའི་མཛེས་རྟོག་བོར་བ་ལྟར་ཅུང་ཕངས་བྱུང་། 

བདུན་པ།

ཚེ་དབང་ལྷ་རྒྱལ་གྱིཡིད་དགའི་ཁྱིམ་བདགནི།

འཚོ་བའི་བདེན་པ་ཞིག་བཤད་ཞོར་རིག་གནས་དང་དཔལ་འབྱོར་རྡུང་ཁ་འཐུག་པར་ཟུར་གཞན་ནས་བར་མཐོངས་བཞག་ཡོད། གཏམ་རྒྱུད་གཅིག་པུ་བཤད་པ་ཙམ་མ་ཡིན་པར་བདེན་དགེ་མཛེས་གསུམ་གྱིས་ཕྱུག་པའི་འབྲོག་ལས་བོར་ཞིང་གྲོང་ཁྱེར་གྱི་འཚོ་བ་རོལ་བའི་བརྙན་རིས་གཉོམ་པོ་ཞིག་མཐོང་བྱུང་། ཀློག་སྤྲོ་བ་ཞིག་ནི་འདུག 

བརྒྱད་པ།

ཀ་ཤུལ་མགོན་པོ་སྐྱབས་ཀྱིསྨུག་ལང་ལོང་ནང་གི་ཁྱིམ་ཚངནི།

མི་ཞིག་འཕྲད་ལ་ཉེ་བ་དང་འཕྲད་རྒྱུ་མེད་པའི་སྐད་ཆ་ཞིག་འཆད་བཞིན། བར་སྟོང་ཆུང་ཆུང་ཞིག་ནང་འཚོ་བའི་བདེན་པ་ཞིག་བསྐྲུན། བུད་མེད་ཀྱི་མིག་གཡར་ནས་གས་ཆག་ཏུ་འགྲོ་བའི་མི་སེམས་མང་པོ་ལྷན་དུ་བསྡུས་ཤིང་ང་ཚོར་བཀྲམ་འདོན་བྱས་འདུག འཕར་ལྡིང་ཅན་གྱི་གཏམ་རྒྱུད་འགའ་ལྷན་དུ་བསྡུས་པ་དེ་མི་རབས་ཤིག་གི་ན་ཟུག་བསྐྱར་བཤད་བྱས་པ་ཙམ་ཡིན། 

དགུ་པ།

སྐྱ་ཁྲའིའོད་ཀྱི་གཤོག་སྣེར་དྲུད་པའི་མུན་པ་རབ་རིབནི།

སྒྲུང་འདིའི་ཁ་བྱང་མཐོང་བ་དང་སྙན་ངག་གམ་ལྷུག་རྩོམ་ཞིག་གི་ཚོར་བ་འབྱིན་ཡོང་། འོན་ཀྱང་ཞིབ་ཀྱིས་བཀླགས་དུས། ངོས་མི་གཅིག་པ་དང་ཡང་ན་ཚོར་བ་མི་གཅིག་པའི་འགྱུར་བ་ཞིག་གིས་དེད་པའི་འཚོ་བ་དེ་བྱིས་པ་བསམ་མེད་གཅིག་ལ་ཁ་མཚར་སློང་བ་དང་འདྲ་བའི་བསམ་གཞིགས་ཤིག་ལ་མགོ་བོ་འཁོར་དུ་བཅུག་ནས། དོན་དུ་མིའི་ལྷན་སྐྱེས་ཀྱི་འདོད་པ་ཆོག་དང་མི་ཆོག་མང་པོ་ཞིག་གིས་འཇུར་མིག་དུ་བཙུད་དེ་སྒོར་ཐོན་སོང་། 

བཅུ་ཐམ་པ།

སྤེན་པ་ཚེ་རིང་གིབྱིས་དུས་ཀྱི་གྲོགས་པོནི།

གཏམ་རྒྱུད་ཅིག་བཤད་ཞོར་མི་གཤིས་ཀྱི་གས་ཁ་མངོན་དུ་བཅུག་བྱུང་། དེ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་ལ་འགྲན་རྩོད་བྱེད་བཞིན་འདུག་པ་མཐོང་ཞིང་ཕྱིར་དྲན་གྱི་ཀློང་དུ་དྲན་ཤིང་བཀྲམ་ཡོད། དྲན་ཤིང་དེ་ནི་དུས་རབས་ཤིག་གི་མི་གཤིས་ཀྱི་གས་ཁ་དང་བསམ་གཞིགས་ཡིན། བསམ་གཞིགས་དེ་ཕྱིར་ལོག་པའི་ལམ་ཁར་སྣེ་སྟོན་བྱས་ཡོད། དེ་ནི་དུས་རབས་གསར་པའི་རྩམ་སྒྲུང་གི་མཐོང་སྣེ་བཟུང་སྟེ་མི་གཤིས་ལ་བསམ་གཞིགས་བྱས་པ་ཞིག་ཡིན། 

བཅུ་གཅིག་པ།

འབྲོང་རྒོད་ཀྱིསྒེའུ་ཁུང་འགྲམ་གྱི་མིག་ཆུནི།

ཨ་མ་ཞེས་ཆེས་སྙིང་ནས་བརྩེ་བའི་དྲིན་ཆེན་གྱི་སྐྱེད་མ་ཞིག་དམིགས་རྩེ་རུ་བཟུང་སྟེ་བྲིས་འདུག སྐབས་རེ་ལྷོད་ལ་འཁོར་ཞིང་སྐབས་རེ་ཟུར་ཟ་ཆེ་ཞིང་སྐབས་རེ་བདེན་པའི་ཆ་ཡང་མི་ཉུང་བ་མཁོ་འདོན་བྱས་འདུག བརྗོད་སྙིང་ཆིག་རྐྱང་ལས་འཕར་ལྡིང་དེ་ཙམ་མེད་པ་དང་ཟ་ཟུར་ནས་མི་གཤིས་ཤིག་མག་མོག་ཅིག་མཐོང་ཡང་ཚིག་གི་འཐེན་ལྷོད་ལ་ཚགས་དེ་ཙམ་དམ་པོ་མེད་འདུག 

བཅུ་གཉིས་པ།

མ་རུའི་ཚེ་དཔལ་སྐྱབས་ཀྱིཤུམནི།

མི་སྣའི་སྐད་ཆའི་ཁ་བརྡ་བསྐོར་ནས་དྲ་ལམ་གྱི་གཏམ་རྒྱུད་མང་པོ་སྣེ་མོ་སྣེ་མཐུད་བཏང་འདུག སེམས་ངལ་དེ་ནི་དུས་རབས་གསར་པར་འཕྲད་པའི་སྤྱི་ཆིངས་ཀྱི་སེམས་ངལ་ལམ་ཤུམ་པ་ཞིག་ལས་དེ་ལ་དམིགས་བསལ་གྱི་མཐོང་སྣེ་གཞན་འཚོལ་མི་འདུག བར་སྐབས་འགའ་རེར་རྩོམ་པ་པོ་ཕྱིར་ཐོན་ནས་བསམ་གཞིག་ནན་མོ་བྱས་པ་ལྟ་བུའི་ཚིག་སྐྱོན་མཐོང་སོང་། དེང་སང་ལྷུག་མ་ལ་ལ་བརྩམས་སྒྲུང་ལས་ཁ་དམ་ལ། བརྩམས་སྒྲུང་ལ་ལ་ལྷུག་མ་ལས་ཚིག་ལྷོད་འདུག 

བཅུ་གསུམ་པ།

བླ་མ་ཚེ་བརྟན་གྱིསིལ་བུར་ཆད་པའི་རྣམ་ཤེསནི།

འཆར་ཡན་གྱི་ཀློང་དུ་འཁྲིད་པར་བྱེད་ལ། ཀློང་ཡངས་པའི་སེམས་ཁམས་དེ་ལ་རྟོག་པའི་གཤོག་པ་བརྐྱངས་ཏེ་གདགས་སྲིབ་བམ་འཚོ་བ་མི་འདྲ་བ་གཉིས་སྐྱ་འཐབ་སྟེ། རྟོག་བཏགས། འོག་འཇུ། ཕྲ་ཞིབ་ཀྱི་ལྗོངས་རྣམ་བཅས་ཞིབ་འབྲིའི་ཉམས་མྱོང་ཕུན་སུམ་འཚོགས་ཤིང་། མཐར་ཕུ་ནུ་གཉིས་གཅིག་ཏུ་བབས། རོང་འབྲོག་གཉིས་ལྷན་དུ་འདུས། གྲོང་ཁྱེར་གྱི་དགོང་མོ་དང་འབྲོག་ཐང་གི་དགོང་མོ་གཅིག་ཏུ་གྱུར། ཨ་མས་ཕུད་པའི་བྱིས་པ་དང་ཆུང་མས་ཕུད་པའི་གཞོན་པ་གཉིས་གཅིག་ཏུ་བབས་ཡོད། འདི་ནི་འཕྲོས་རྟོག་དང་དུས་ཚོད་ལ་གོ་རིམ་མེད་པ། སྒྲིག་གཞི་ཉོག་ཅིང་བྱུང་རིམ་ཁུངས་མེད་པ། འཚོ་བའི་ཁྲོད་ཀྱི་སྡུག་བསྔལ་དང་ནག་ཉེས་ཀྱང་རྩེད་མཚར་དུ་བརྩི་བའི་དེང་རབས་བརྩམས་སྒྲུང་དམིགས་བསལ་ཞིག་ཏུ་མཐོང་། 

བཅུ་བཞི་པ།

པད་མ་ཕག་མོ་རྟ་མགྲིན་གྱིང་སུ་ཞིག་ཡིན་ནམནི།

བག་ཡངས་པའི་སེམས་ཁམས་ཤིག་གིས་ཀློག་པ་པོར་དྲི་བ་ཞིག་བཏོན་ཡོད། དྲི་བ་དེ་སྒྱུ་རྩལ་པའི་ཚོར་རྟོག་ཅིག་དང་འཆར་ཡན་ཞིག་ལ་སྐུར་བའི་དུས་ཀྱི་རླུང་བུ་ངར་པོ་ཞིག་ཅི་ལ་མིན། རང་དབང་གི་སྒོ་ནས་འཕྲོས་རྟོག་བྱས་པ་དང་། གཏམ་རྒྱུད་ལ་གོ་རིམ་མེད་པར་དཔྱོད་ཤེས་ཀྱི་ཟིན་པའི་ཆུ་སྣོད་ཆེན་པོ་ཞིག་བཤམས་འདུག

བཅོ་ལྔ་པ།

མེ་ཏོག་གིས་སྲོད་མགྲོན་པོནི།

མཐོང་སྣེ་གོ་འཛོལ་ཞིག་ལ་བརྟེན་ཏེ། སེམས་ཀྱི་བཟང་ངན་དང་གཤིས་ཀ་ལ་སྨྱོན་འཛུགས་བྱས་ཡོད། བག་ཉལ་གྱི་གཤིས་ཀ་དེ་རྐྱེན་དང་འཕྲད་ཚེ་སྔོག་འདོན་བྱས་པའི་རྩོམ་ཡག་ཅིག་ཡིན། དངོས་ཡོད་རིང་ལུགས་ལྟར་འཚོ་བ་ཞིག་ཞིབ་འབྲི་བྱས་ཀྱང་མངོན་མཚོན་རིང་ལུགས་ལྟར་མི་སྣའི་ནང་སེམས་ཀྱི་འཇིག་རྟེན་ལ་ཞིབ་ཕྲའི་དབྱེ་ཞིབ་བྱས་འདུག

བཅུ་དྲུག་པ།

གཅན་གླག་མིག་གིགཡང་སྐྱིད་ཀྱི་སེམས་གཅོངནི།

ན་ཚ་ཞིག་དང་བྲེལ་བ་ཞིག་ལྷན་དུ་སྦྲེལ་ཏེ་བྱིས་པར་དཀའ་ངལ་གཏད་པ་དང་། དཀའ་ངལ་དེའི་གདོང་ལེན་གསལ་པོ་ཞིག་ཐག་མ་བཅད་པར་གདོང་ནས་མཆི་མ་ཞིག་ལས་ཅི་ཡང་ཐོན་མེད་པ་དེ་ཆེས་སྤྱིར་བཏང་གི་སེམས་གཅོང་ཞིག་ལས། ཁྱད་འཕགས་ཀྱི་སེམས་གཅོང་བསྣན་མེད་པ་ནི་ཡིད་ཅུང་ཕངས།

བཅུ་བདུན་པ།

ཞོགས་རྫ་རྔའིལྷ་ཡུལ་ཉིན་གཅིག་དང་མི་ཡུལ་ལོ་བརྒྱནི།

འཆར་ཡན་རིང་ལུགས་ཀྱི་སྨྱུག་རྩེ་བེད་སྤྱད་ནས་མིའི་རིགས་ལ་ཡོད་ན་འོས་པའི་ཕུགས་བསམ་ཁྲོད་ཀྱི་འཚོ་བ་ཞིག་སྔོག་ཞོར། དུས་ཚོད་ལ་བར་སྟོང་ཞིག་བཟོས་ཏེ་གཞི་གྲུབ་རིང་ལུགས་ཀྱི་ཁྱད་ཆོས་བསབ་སྣོན་བྱས་འདུག་ཀྱང་གཉི་གའི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་འཁྱོངས་མེད་ན་ཡང་། རྨང་གཞི་རྩོམ་ཡག་ཅིག་ཏུ་མཐོང་།

བཅོ་བརྒྱད་པ།

གཟུངས་འདུས་སྐྱབས་ཀྱིཨ་ཕ་དཀྱུས་མ་ཞིག་གི་འཆར་གཞིནི།

སྟོང་བསམ་གྱི་མཐའ་དང་དབུས་ལ་ལག་སྙོབ་ཅིག་བྱས་ནས་མཚན་ཉིད་རིག་པའི་ཁས་ལེན་ལ་ཚ་འདེད་གཏོང་ཞོར། དྲི་བ་མང་པོ་ཞིག་བུ་དང་ཕ་མར་འཕངས་པ་དེ་དུས་རབས་ཤིག་གི་འགྲོ་སྟངས་དང་། དུས་རབས་ཤིག་གི་གནས་བབ་ཡིན་པ་འཁོང་ཚིག་འབྱིན་ཡོད། འོན་ཀྱང་། དྲི་བ་དེ་ལན་གསལ་ཐག་ཆོད་པ་ཞིག་སྔ་ས་ནས་བཏབ་ཟིན་པས་ལས་དབང་ཟེར་བ་དེར་འཁོང་དུ་བཟུང་བ་ནི་རང་ཉིད་ནུས་མེད་ཉམ་ཆུང་ཞིག་ཏུ་བཟོས་ཡོད།

བཅུ་དགུ་པ།

ཉི་མ་རྡོ་རྗེའིཐལ་ཆེ་བའི་སྤྱང་གྲུངནི།

རབ་རྟོག་བརྩམས་སྒྲུང་གི་གྲས་སུ་གཏོགས་པའི་འབྲི་ཐབས་བེད་སྤྱད་ནས། མིའི་རིགས་ཀྱི་རྒྱུད་ལ་དུག་རྫས་ལྟ་བུའི་འདོད་རྔམས་ཤིག་འཕེལ་བ་དེ་དོན་དུ་རྨོངས་པ་རྔམས་ནག་ཅིག་ཡིན་པར་བསམ་གཞིགས་ནན་མོ་བྱས་ཡོད། དུང་རབས་གསར་པའི་ཞན་སྐྱོན་ལ་གདོང་གཏད་ཅིང་བརྗོད་སྙིང་མཚམས་པོ་ཞིག་བསྟན་ཡོད།

ཉི་ཤུ་ཐམ་པ།

གཅུང་བསྟན་བཟང་གིཆུ་ལྷམནི།

འདི་ནི་གུས་པའི་སྒྲུང་ཐུང་བཀོད་འདུག་པས། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་ལ་ཐུགས་རྗེ་ཆེ་ཞུ་བ་དང་། ཀློག་པ་པོ་རྣམས་དགོངས་འཆར་གནང་རོགས་ཞུ་བ་ལས་ཅི་ཞིག་ཡོད་ཨང་།

ཉེར་གཅིག་པ།

ནགས་ཀླུང་ཟིལ་བའིདབྱངས་གསལ་སོ་བཞིནི།

རྒྱུག་ཆེ་བའི་དངོས་ཡོད་རིང་ལུགས་བེད་སྤྱད་ནས་དགེ་རྒན་གྱི་མཐོང་སྣེར་འཇུས་ཤིང་། སློབ་མ་ཞིག་དགེ་བ་སྐུལ་བའི་གཏམ་རྒྱུད་ཅིག་བཀླགས་ཡོད། དེའི་ནང་དུ་ཚིག་གི་སྙན་ཆ་དང་སློབ་རའི་གསོན་ཉམས། དགེ་ཕྲུག་གི་ཀུན་སྤྱོད་བཅས་འཁྱོངས་པོ་བྱུང་འདུག་ཀྱང་། དམིགས་བསལ་གྱི་སློབ་མ་དགེ་བའི་སྐུལ་བའི་ཁའར་ཝེ་ཐི་དང་མར་ཡ་སོན་ཐེ་སོ་རི་ལྟ་བུའི་བྱིས་པའི་སློབ་གསོ་ཁྱད་མཚར་བོ་ཞིག་འཁྱོངས་མི་འདུག་སྙམ།

ཉེར་གཉིས་པ།

བོང་སྟག་ལྷག་གའིརེབ་གོང་གོ་རེནི།

བརྩེ་དུང་གི་གཏམ་རྒྱུད་སྙན་མོ་ཞིག་བཀླགས་ཏེ་བུད་སོང་། དཔལ་སྒྲོན་དང་ཤ་བོ་སྐྱབས་ཀྱི་གཤིས་ཀ་མཐོང་སྣེར་བཟུང་སྟེ། དེང་སང་གི་སློབ་མའི་བྱ་སྤྱོད་དང་ཕུགས་བསམ་ལ་བསམ་གཞིགས་བྱ་ས་ཞིག་སྐྲུན་ཡོད། འདི་ལ་དེང་རབས་སྒྲུང་གཏམ་གྱི་ཆ་ཅུང་འདྲེས་འདུག 

ཉེར་གསུམ་པ།

གཙང་བོའིསྐྱིད་སྡུགནི།

འཚོ་བ་ཐབས་ཆག་གཅིག་གི་སྣེ་མོར་འཇུས་ཏེ་དགའ་ཞིང་ཡོད་ལ་སྐྱོ་ཞིང་ཡོང་བའི་ཁྱིམ་ཚང་ཞིག་གི་འཁོས་ཀ་མིག་སྔུན་འཁོར་བཅུག མ་གཞི་གཏམ་རྒྱུད་ཀློག་པ་ནི་མིའི་ལྷན་སྐྱེས་སུ་ཡོད་པའི་གཤིས་ཀ་ཡིན། དེ་ལ་རྟེན་ཏེ་དངོས་ཡོད་རིང་ལུགས་ཟེར་བའི་བརྩམས་སྒྲུང་འབྲི་ཐབས་དར་ཁྱབ་བྱུང་བ་ལོས་ཡིན། འོན་ཀྱང་། སྒྲུང་ཐུང་ཞིག་གི་ཁོག་ཏུ་འཚོ་བ་ཆེན་པོ་ཞིག་ཤོང་དགོས་ན་ཐབས་རྩལ་གཞན་པ་ཞིག་བེད་སྤྱོད་ཤེས་དགོས་པ་དེ་ཡིན། དེ་ལྟར་མ་བྱུང་ན་གཏམ་རྒྱུད་བཀླགས་ཞོར་ཡིག་ཚོགས་སྤུངས་པ་ལྟ་བུར་གྱུར་འགྲོ།

ཉེར་བཞི་པ།

ཚེ་རིང་སྒྲོལ་མའིསྐར་ཁུང་གི་འོད་ཐིགནི།

སློབ་མ་བུ་མོ་ཞིག་སློབ་མཐར་མ་ཕྱིན་པར་ཆུང་མར་བྲོས་པའི་བསམ་གཞིགས་ཤིག་མིག་ལ་འཁོར་བཅུག་འདུག དེ་ལ་དགེ་རྒན་དང་སློབ་གྲོགས་ཚང་མས་སྡང་སེམས་བྱས་པའི་རྣམ་པ་བཤམས་ཡོད། སློབ་མའི་སློབ་གསོ་ཤུགས་དྲག་པའི་ལོ་རབས་འདིར་རྩོམ་ཐུང་འདིའི་ནང་དུ་སྐར་ཁུང་གི་འོད་ཐིག་ཙམ་ལས་འཕྲོས་མེད་པའི་བུ་མོ་དེར་ཕོངས་སེམས་ཆེན་པོ་བཅངས་ཡོད་འདུག

ཉེར་ལྔ་པ།

འཆི་མེད་རྡོ་རྗེའིམེ་ཏོག་དམར་པོ་ཡང་ཡང་འཐུནི།

མ་གཞི་འཆི་བ་ནི་དངངས་སྐྲག་ཅིག་ཡིན་ཡང་ཁོ་ནི་མེ་ཏོག་དམར་པོ་ཡང་ཡང་འཐུ་བ་ལས་དངངས་སྐྲག་ཆེར་སྐྱེས་མ་བྱུང་། རེད། རྣམ་རྟོག་ནི་ཡོད་ཚད་ཀྱི་འབྱུང་རྐྱེན་ལ་བརྩིས་ཏེ། འཁོར་གེགས་བྱུང་བ་དང་། འཁོར་གེགས་བྱུང་བའི་རྗེས་སུ་ཁོའི་མཐོང་སྣང་ངོ་མཚར་བའི་འཇིག་རྟེན་ཞིག་བསྐྲུན་ཏེ། མཐར་འོད་སྐྲག་མེད་དུད་ཁ་དེ་ནི་ངན་སོང་ལ་འགྲོ་བའི་འོད་ཡིན་པ་བར་དོ་ཐོས་གྲོལ་གྱི་རྒྱབ་ལྗོངས་ཤིག་བཀྲག་འཚེར་རེར་བསྟན་པའི་དམིགས་བསལ་གྱི་ཁྱད་ཆོས་ཡོད་པའི་སྒྲུང་ཐུང་ཞིག་ཏུ་བཀླགས་ཡོད། དེང་རབས་ཕྱི་མའི་སྒྲུང་ཐུང་ལས་བསྡུས་བརྗོད་རིང་ལུགས་ལ་ཚོད་ལྟ་བྱས་ཤིང་། རིག་གནས་ཀྱི་སྲོག་ཏུ་བསྟིམས་པའི་ངོ་མཚར་བའི་སྒྲུང་ཐུང་ཞིག་ཏུ་ཁོ་བོར་འདོད། འོན་ཀྱང་གོང་དུ་སྦྲ་འཚོ་ཟེར་བ་དེ་འཆི་མེད་རྡོ་རྗེའི་སྨྱུག་མིང་ཡིན་པར་བཤད་མཁན་བྱུང་བས། དེ་ལྟར་ན། གོང་དུ་རྐུ་མ་ཞེས་པའི་སྒྲུང་ཐུང་ལས་འདི་ཡག་སྣང་ཤར 

ཉེར་དྲུག་པ།

སྣྲོན་ཟླ་སྐྱེས་ཀྱིལམ་སྐེད་དུནི།

ཁ་བརྡའི་ལམ་ནས་བྱུང་རིམ་སྟབས་བདེ་ཞིག་བཤད་པ་དང་། བུ་ཐ་ཤལ་ཞིག་གིས་བཟོས་པའི་ནག་ཉེན་དེས་ཕ་རྒན་སེམས་ཁྲལ་གྱི་ལྕི་བ་ཞིག་མིག་ལམ་དུ་མཐོང་བཅུག་སྟེ། ཕ་ཡིས་རང་ཉེས་ངོས་ལེན་ཆེད་དུ་བུ་ཁྲིམས་ཁང་གི་སྒོ་ཁར་དེད་དེད་པའི་ཐ་མར་ཁོར་ཡུག་མག་མོག་ཅིག་ནས་ཕ་ཡི་རྩ་དོན་བརླགས་པའི་བར་དུ་ལུ་གུ་རྒྱུད་དུ་བྲིས་འདུག

ཉེར་བདུན་པ།

རིན་ཆེན་གྱིདྲི་གཞོན་བུ་མོནི།

གསེང་བར་གྱི་ཤིང་ལོ་བཞིན་རླུང་བུས་ཕར་ཁུར་ཚུར་ཁུར་བྱེད་ཅིང་། ཕུགས་བསམ་དང་། བརྩེ་དུང་། ཐ་ན་མི་གཤིས་བཅས་རླུང་བུས་ཁུར་བ་བཞིན་གར་འགྲོ་གཏད་སོ་མེད་པར་གྱུར་པའི་དུས་རབས་གསར་པའི་བདེ་སྐྱིད་དང་འདོད་འདུན་ཀྱང་དེ་ལས་མ་འདས་ཞེས། འབྲི་ཐབས་གས་ཞིང་ཆ་རྫོགས་པའི་རྩོམ་ཐུང་ཞིག་ཏུ་མཐོང་བྱུང་། 

ཉེར་བརྒྱད་པ།

བཀྲ་ཤིས་རྒྱལ་གྱིནས་ཀྱི་བྱིན་རླབསནི།

ཐབས་སྐྱོ་ཡི་སྡུག་གི་ངང་ནས་ཨ་མ་ཞིག་གིས་འཚོ་བ་ངན་ངོན་ཞིག་གི་རྒྱུད་རིམ་བཟུང་སྟེ། ཁོར་ཡུག་ཐབས་སྡུག་ཅིག་མིག་སྔུན་འགྲམ་སྟོན་བྱས་འདུག གདོད་མའི་གཤིས་ཀའམ། རང་བྱུང་གི་འཚོ་རྟེན་ཆེད་དུ་བྱ་གཅན་རིགས་ཀྱིས་སོ་སོའི་བུ་ཕྲུག་གསོ་སྐྱོང་ལྟར། ཨ་མ་ཞིག་གིས་ནས་འབྲུ་རེ་རེ་བཞིན་ཁོག་ཏུ་བཟུང་ཞིང་ན་ཟུག་དང་དཀའ་སྡུག་ལ་གཟོད་བསྲན་བྱས་ཏེ་རང་གི་བུ་ཕྲུག་སྔུན་དུ་ནས་འབྲུ་རྣམས་ཕྱིར་སྐྱུགས་ཏེ་ཟ་རུ་བཅུག་པ་ནི་བསམ་ཡུལ་ལས་འདས་པའི་འཚོ་བ་ཞིག་གཤམ་སྟོན་བྱས་འདུག 

ཉེར་དགུ་པ།

ཀ་རྒྱའི་འཕྲིན་ལས་རྒྱ་མཚོའིདོགས་གཞིནི།

ཁ་དཔེ་རུ་བླ་མ་གྲོ་མ་གར་སྐྱེ་མི་ཤེས་ཟེར་བའི་དཔེ་དེ་དྲན་སློང་བ་ཞིག་རེད། སྣང་བརྙན་སྙོམ་པོ་ཞིག་གིས་དོགས་གཞི་ཚ་ངབ་ངབ་དངངས་ཡེད་ཡེད་ཅིག་གིས་མཐར་འཆི་ཁ་མའི་དབུགས་འབྱུང་སྩལ་བ་ལྟར་སྒྲུང་གི་རྔ་མ་ཕུད་སོང་། སྣང་བརྙན་གསོན་ཉམས་དོད་ཅིང་འཚོ་བ་སྐྱོ་ཉམས་ཆེ་བའི་སྒྲུང་ཐུང་དེ་སྙན་བྱུང་།

སུམ་ཅུ་ཐམ་པ།

གདུགས་དཀར་རིན་ཆེན་གྱིབོར་སྟོརནི།

ངོ་མ་ཁྲ་ལིང་མ་ཡིན་ན་ཆོག རྒྱ་ཐོ་མ་ཡིན་ན་ཆོག འབྲོང་ཚ་ཡིན་ན་ཆོག་བོར་སྟོར་བྱུང་བ་བདེན་པ་བདེན་རྐྱང་རེད། བོར་སྟོར་བྱུང་བ་དེ་ཁོས་བསམ་གཞིགས་ཤིག་བྱས་ཏེ། ཕ་མ་གཉིས་ཀ་དང་། དགེ་སློབ་གཉིས་ཀ ཐ་ན་འགྲུལ་པ་ཡང་བཙལ་འཚོལ་དུ་ཕྱིན་ཀྱང་མ་རྙེད་པ་དེ་ཁོས་ཕྱིར་དེང་རེ་བརྒྱབ་བྱུང་། དེ་དུས་ཁོང་ཚང་ལ་གཡང་ཟོག་ཁྲ་ལིང་མ་ཡོད་ལ། བཞོན་མ་འཛི་ཐོ་མ་ཡོད། ལྷས་འདབས་ནས་ཚ་བསུར་འཕུད་པའི་ཨ་མ་རྒན་མོ་ཡོད། ཡ་ཐབ་ཏུ་མ་ཎི་ལག་སྐོར་བསྐོར་བའི་ཨ་ཕ་རྒད་པོ་ཡོད། ད་དུང་ལ་གཞས་ལེན་རེས་བྱེད་པའི་ཕྱུགས་རྫི་ཁྱུ་གཅིག་ཡོད། ཁོས་བོར་སོང་བ་ཚོར་དུས་ད་རག་བར་དུ་བཙལ་ཀྱང་རྙེད་མ་བྱུང་། མཐར་སློབ་ཕྲུག་ཀྱང་བོར་སྟོར་ལ་སོང་ཞིང་དགེ་རྒན་དང་ཁོ་གཉིས་བཙལ་བཙལ་ཀྱང་མ་རྙེད་པར་སློབ་ཁང་དུ་ལོག་རྒྱུ་ལས་གང་ཡང་མ་རྙེད། 

སོ་གཅིག་པ།

གཡུ་སྒྲོན་གྱིཡག་འགྲནནི།

གཡང་མོ་ལུག་ལྷས་ནས་གཡང་དཀར་ལུག་གི་གཤིས་ཀ་ཅན་གྱི་རང་བྱུང་གི་མི་བུ་དེ་དག གློ་བུར་དུ་སྤྱི་ཚོགས་དང་དུས་རབས་ཀྱི་རྗེས་སུ་ལད་ཟློས་དང་གཞན་རྗེས་འབྲང་རྒྱུར་ཆེ་ཞིང་མཐར། གྲོགས་པོ་དང་གྲོགས་མོ། ཐ་ན་རང་ཉིད་ཀྱང་བོར་འགྲོ་བའི་སྤྱི་ཚོགས་སྐྱུར་མོ་ཞིག་བསྟན་ཡོད། རེད་དེ། གཡང་ར་བ་སྒོ་བཞིའི་ནང་དུ་འཚོ་བའི་གཡང་དཀར་ཁྱུ་ཚོགས་དེ་ཡང་བྲན་གཡོག་གི་འོག་ཏུ་ལུས་པ་ནས། རིམ་བཞིན་དེང་རབས་འདྲ་མཉམ་གྱི་སྤྱི་ཚོགས་སུ་གོམ་པ་གང་མདུན་དུ་སྤོས་ན་ཡང་། འགྲན་རྩོད་དང་ཕྲག་དོག འདོད་རྔམས་བཅས་ཀྱིས་སྔོན་གྱི་རིགས་རྒྱུད་དང་། རུས་རྒྱུད་གང་ཡང་མི་བརྩི་བར་ཡག་འགྲན་ནམ་སྡུག་འགྲན་གང་དེས་མིའི་ཡག་རྩོད་མཚན་ཉིད་ལྟ་སྟངས་ལ་འགྱུར་བ་ཐེབས་ཏེ། སྔོན་གྱི་རྒྱགས་པ་ལས་དེང་སང་སྐམ་པོ་ཡག་པ་ལྟ་བུའི་སྤྱི་ཚོགས་དེར་འཚོ་གནས་པའི་དགོས་མཁོའི་ཆེད་དུ་ཅི་ཡང་ཕོད་པའི་དེང་རབས་པ་ཞིག་ཤུགས་སུ་བསྟན་ཡོད།

སོ་གཉིས་པ།

དཔལ་རིས་དཀོན་མཆོག་གིདགེ་བའི་རྫུན་གཏམནི།

གབ་སྦས་རང་བཞིན་ཆེ་བའི་བརྩམས་སྒྲུང་ཞིག་ལ། མི་རབས་གཉིས་བར་གྱིས་མི་གཤིས་ཀྱི་ཟུར་དང་། ཕ་བུའི་བར་གྱི་བདེན་རྫུན་ལྷང་དུ་འབུད་བཅུག་ཅིང་། མི་རབས་གོང་མས་བཅོལ་བའི་སྒམ་ཆུང་ནག་པོ་དེ་མི་རབས་ཕྱི་མས་རྒྱ་གྲོང་ཞིག་ནས་འཚོང་བར་ཐེ་ཚོམ་མེད་པའི་མའི་གཤིས་ཀའམ། དད་པ། ཡིད་རྟོན། བློ་གྲོས་བཅས་ལས་གྲུབ་པའི་སྒམ་ཆུང་དེ་དགོན་པའི་མདུན་གྱི་མཆོད་རྟེན་རྩ་ནས་བརླགས་པའི་གོ་རིམ་སྟབས་བདེ་ཞིག་བྲིས་ཡོད། 

སོ་གསུམ་པ།

ཁྲི་ཟླ་གཞོན་གྱིམཚེར་ཤུལ་གྱི་ཐབ་ཀནི།

དུས་རབས་གསར་རྙིང་གཉིས་བར་གདོང་ཐུག་བྱུང་བའི་མི་གཤིས་དང་འཛེམ་བྱ་ཁག་གཅིག་མིག་ལམ་དུ་བཤམས་པ་དང་། དེའི་རྐྱེན་པའི་ཕ་ས་ཕ་ཡུལ་དྲན་ཡང་སྡོ་མཁན་མེད་པའི་མཚེར་ཤུལ་སྐྱ་བོ་ཞིག་མིག་ལམ་དུ་བསྟར་ཡོད། རྩོམ་འདིའི་བརྗོད་དོན་འཚོ་བའི་ཟབ་སར་བབས་ཤིང་། དུས་རབས་ཀྱི་རྨ་ཁར་སེན་ཏོག་བྱས་པ་ཞིག་རེད་འདུག་ལ། དེ་བས་ཡབ་མེས་ཀྱི་མཚེར་ཤུལ་ལ་དུང་བ་དེ་ཡང་ཡུལ་མིའི་མིག་ནང་དུ་མ་མཛའ་ཞིང་། དེ་ལ་དུང་མཁན་ལ་ཡང་རྒད་པོ་ཨུ་ཚུགས་སྐྱབས་སུ་མཐོང་ཞིང་རང་བཞིན་གྱི་ཤུལ་མལ་དུ་ལུས་པའི་རྒད་པོ་ཁེར་རྐྱང་ཞིག་ནུབ་ཁའི་ཉི་འོད་དང་ལྷན་དུ་འགྲེང་བའི་རེ་ཆད་ཅིག་མཐོང་བཅུག་ཡོད།

སོ་བཞི་པ།

ཀླད་ཀོར་གྱིཕྱི་གསལ་ནང་གསལནི།

རྡོ་མགོ་དང་དེའི་ཁོར་ཡུག་གིས་དབེན་ཞིང་འདུ་འཛི་ཉུང་བ། གླེང་མོལ་ནི་ཕོ་ཁ་མོ་གྱོད་ལས་མེད་པའི་གྲོང་རྡལ་ཆུང་ངུ་དེར། ངོ་གདོང་གི་སེན་རྗེས་ཕྱི་གསལ་ནང་གསལ་ཡིན་ཡང་ཚེར་མར་ཁ་འཕོངས་པ་དང་། རས་གུར་ནང་གི་སྒྲོན་མེའི་འོད་ངོག་ཏུ་གཟུགས་རིས་ཕྱི་གསལ་ནང་གསལ་ཡིན་ཡང་། རང་གིས་རང་ཉིད་རྨ་ཤུལ་གཏོད་པའི་ཁྱོ་གའི་གཤིས་ཀ་ཉམས་ཆུང་ནུས་མེད་ཅིག་མིག་ལ་འཁོར་བཅུག་ཅིང་། དེའི་ཁོར་ཡུག་གི་མག་མོག་ནང་གི་ཕྱི་གསལ་ནང་གསལ་དང་། རབ་རིབ་བར་ནས་ཕྱི་གསལ་ནང་གསལ་དེ་དག་ལ་བསམ་གཞིག་འཕར་མ་ཞིག་བཤམས་འདུག རྩོམ་བཞུན་མོ་ཞིག་མཐོང་ངོ་། །

སོ་ལྔ་པ།

རྡོ་རྗེ་འབུམ་གྱིརྒྱང་རིངནི།

ཐག་རིང་ནས་དབུས་ལ་ཆོས་འཇལ་དུ་ཡོང་བའི་དགེ་སློང་བློ་བཟང་གྲགས་པ་དང་། མ་ཡུམ་བར་གྱི་དྲན་པ་དམར་པོ་ཞིག་ཕྱིར་དྲན་བྱེད་དུ་བཅུག་ཞོར། དུས་རབས་གོང་མའི་ལོ་ཙཱ་བ་མང་པོ་ཞིག་ཚེ་སྲོག་ལ་མ་འཛེམ་པར་དམ་ཆོས་ཞུ་རུ་ཐག་རིང་ལ་སོང་བའི་བར་དུ་གཞིས་བཞུགས་དད་ལྡན་རྣམས་ཀྱི་བརྩེ་བ་དང་དུང་བ་རྣལ་མ་ཞིག་མིག་སྔུན་འཁོར་ཡོང་ངོ་།།

སོ་དྲུག་པ།

ཨོའུ་ཟོམ་གྱིཁ་བ་དང་འབྲེལ་བའི་སྐྱོ་སྣངནི།

ཁ་བ་ནི་དཀར་ཞིང་གཙང་བ་ཞིག་ཡིན་ཡང་། སློབ་མའི་སེམས་སུ་འཚེར་སྣང་དང་སུན་སྣང་། སེར་བུ། བུ་ཡུག་བཅས་ནས་གྲུབ་པའི་ནན་ཟུག་ཅིག་སློང་ཡོང་། འབྲོག་ཕྲུག་ཅིག་རང་སྲོག་གཅོད་པའི་ཚད་དུ་ཐོན་ཞིང་། སློབ་གྲྭར་ཨུ་ཚུགས་བྱས་རྗེས་གཞི་ནས་འགྲོ་ཐུབ་ཀྱང་། བྱིས་པའི་སེམས་ཁམས་དེ་ནི་སྦྲ་ཡི་ཨེ་ཁུང་དང་ཁྱིའི་སྣ་ཏོག་འཕྲད་པ་བཞིན་མ་བསམ་ས་ནས་སྒོར་མོ་ལག་ཏུ་བཞག་རྗེས་བྱིས་པ་རོགས་པ་དེ་ཁོའི་ཚབ་ཏུ་ཁྲིམས་ལ་སོང་བའི་འཕར་ལྡིང་ཞིག་བཞག་འདུག

སོ་བདུན་པ།

ཚེ་རིང་བསམ་འགྲུབ་ཀྱིངང་སྒུགནི།

འབྲོག་ཐང་ཞིག་ཏུ་ཆུང་མ་ཞིག་གིས་ཁྱོ་གར་སྒུག་པའི་བར་ཐག་ནུབ་གཅིག་རང་གཏམ་རྒྱུད་དུ་བསླས་ཏེ། ནང་བསམ་པའི་ཁེར་རྐྱང་དང་། རེ་སྒུག དྭངས་གཙང་། སྙིང་སྟོབས་བཅས་སྐྱ་སྒྲིལ་ཏེ་འགྲེམས་སྟོན་བྱས་ཤིང་། ད་དུང་འཚོ་བ་བབ་ཆགས་ཤིང་ཁེར་རྐྱང་གི་རྣམ་པ་དྭངས་ལ་གསལ་བ། གཤིས་ལ་འཇམ་པའི་འགྲེམས་སྟོན་དེར་དེང་རབས་བརྩམས་སྒྲུང་གི་མཛེས་པ་འཕར་མ་ཞིག་སྐྲུན་འདུག བུད་མེད་ཀྱི་སེམས་ཁམས་ཇི་བཞིན་ལྷུག་པར་བརྗོད་པ་དང་། འཚོ་བའི་མངར་ཁ་ཞིག་ཀློག་པ་པོར་མྱོང་རོལ་བྱེད་དུ་བཅུག་པའི་རྩོམ་ཡག་ཅིག་མཐོང་སོང་ 

སོ་བརྒྱད་པ།

བོན་སྐོར་ཚེ་རིང་དོན་འགྲུབ་ཀྱིབོར་སྟོརནི།

ཕས་བུ་བོར་བ་འཚོལ་ཞིང་བུས་ཕ་བོར་བ་འཚོལ་བའི་སྨུག་གྲོང་གི་ནང་དུ་ཡོད་ཚད་གསལ་ལ་མི་གསལ་བའི་ངང་འཐིབས་ཡོང་། འཐིབས་ཡོང་བ་ནི་སྨུག་པ་ཡིན་ཡང་མི་མཐོང་བར་བོར་འགྲོ་བ་ནི་སོ་སོའི་མེས་པོ་ཡིན། ཁ་བ་ནི་དཀར་གཙང་རང་སྐྱ་ཐུབ་པ་ཞིག་མིན་པར། སྨུག་གྲོང་དུ་ལྷུང་མ་ཐག་ཆུ་རུ་ཞུ་ཞིང་སྨུག་ཆིལ་ཆིལ་ངང་ཀ་ཤུར་དུ་ཞམ་འགྲོ མི་ནི་ཁ་བ་ལྟར་བར་མེད་དུ་འཚུབ་ཅིང་རྐྱེན་དང་འཕྲད་ཚེ་ཆུ་རུ་ཞུ་ཞིང་ཀ་ཤུར་དུ་སྨུག་ཆི་ལེར་ཞམ་འགྲོ རེད། བོར་བཞིན་པ་དང་འབོར་འགྲོ་བ། བོར་ཚར་བ་བཅས་ནི་དུས་ཀྱི་འཁོར་ལོ་དྲག་ཏུ་འཁོར་བའི་ཆོས་ཉིད་དེ་རྩོམ་པ་པོས་མིག་སོ་རྣོ་པོས་བཀླགས་འདུག རྩོམ་ཡག་སྣང་ཤར།

སོ་དགུ་པ།

སིམ་པོའིམཚེནི།

འཁྲུལ་སྣང་གི་འཇིག་རྟེན་ཞིག་ནས་ནུ་བོས་ཕུ་བོ་ཆུང་མའི་དོན་དུ་བསད་ཅིང་། འཆི་ཁར་གནོང་འགྱོད་ཞི་མེད་པས་མི་སོད་ལག་དམར་ཡིན་པར་ཁ་ཆེམས་བྲིས། ལག་དམར་གྱི་བུས་པས་ལག་དམར་ཁྲིམས་ལ་གཏུག་མ་དབྲ་བར་མཆིལ་མ་ཁམ་གང་དང་ལྷན་དུ་མིད་པ་ཞིག་གཤམ་སྟོན་བྱེད་ཞོར། འཇིགརྟེན་འདི་མ་གཞི་ནས་ཆུང་ཆུང་ཞིག་དང་དོག་པོ་ཞིག་ཡོད་པ་ཤུགས་ལ་བསྟན་ཞིང་། མིའི་སེམས་མིས་མི་ལོན། ཁྱི་ཁོག་དབྱུག་པས་ལོན་པ་ལྟར་འདོད་ཆགས་ཀྱིས་བསླུས་པའི་སྐྱུར་ལ་སྐ་བའི་གཏམ་རྒྱུད་ཅིག་སྒྱུ་འཕྲུལ་ལྟར་དྲན་ངོགས་སུ་འཁོར་བཅུག་ཡོད།

བཞི་བཅུ་ཐམ་པ།

ཁྱུང་ཐར་རྒྱལ་གྱིརྒྱང་རིང་གི་སྐར་མ་འོད་ཆེནནི།

སྤོ་བོ་དང་ཚ་མོ་གཉིས་ཀྱི་ཁ་བརྡ་ལས་རྒྱང་རིང་སྐར་མ་འོད་ཆེན་གྱི་མྱོང་རོལ་གླེང་བར་སྣང་བརྙན་དུ་བཞེངས་ཤིང་། འདས་སོང་གི་མེས་པོ་རྣམས་སྐར་མ་འོད་ཆེན་ལྟར་རྒྱང་རིང་དུ་ད་དུང་འཚེར་ཞིང་། དེང་རབས་ཀྱི་མི་བཟོས་སྐར་མ་ཞིག་ཀྱང་ཁོང་གཉིས་ཀྱིས་མཐོང་བར་སྤོ་བོ་ཡ་མཚན་གྱིས་བྱིས་པ་ཞིག་ལྟར་ཚ་མོར་དྲིས་པའི་ངང་། དུས་རབས་གསར་རྙིང་གཉིས་ཀྱི་དགེ་མཚན་མ་ལུས་ནམ་ཡང་གཟིམས་པ་མེད་པའི་སྐར་མ་འོད་ཆེན་ལྟར་མཁའ་དབྱིངས་སུ་ཤར་བ་དེར་ཡང་ཡང་ལྟ་ཞིང་། མཐར་ཚ་མོས་ཀྱང་སྤོ་བོ་སྐར་མ་འོད་ཆེན་དེའི་ནང་དུ་བཞུགས་པ་མཐོང་བ་བྲིས་ཡོད། དེ་ནི་མིའི་བསམ་གཞིག་ནི་དྭངས་ཤིང་གཙང་བ་ནམ་ཡང་ནུབ་པ་མེད་པའི་ནམ་མཁའི་སྐར་མ་འོད་ཆེན་ཞིག་ཡིན་པར་བསྟན་ཡོད།

ཞེ་གཅིག་པ།

ཚེ་རིང་བཀྲ་ཤིས་ཀྱིལོ་དེའི་དབྱར་ཁརནི།

ཁྱིམ་བདག་དང་སློབ་མའི་བར་དུ་ཧེ་བག་ཆེན་པོ་ཞིག་ཤོར་བ་དང་། སློབ་མ་དང་ཕ་མའི་བར་དུ་དེ་ལས་ཆེ་བའི་ཧེ་བག་ཅིག་ཤོར། སློབ་ཐོན་དང་ལས་བྱེད་བར་དུ་དེ་བས་ཆེ་བའི་ཧེ་བག་ཅིག་ཤོར། ལས་བྱེད་དང་མང་ཚོགས་བར་དུ་དེ་བས་ཆེ་བའི་ཧེ་བག་ཤོར། མདོར་ན་འཇིག་རྟེན་འདི་ཧེ་བག་ཆེན་པོ་ཞིག་ཡིན་ཞིང་། ཧེ་བག་གི་བར་ནས་བགྲོད་ཅིང་ཧེ་བག་གི་བར་ནས་ཟགས་པ་བཅས་གཏམ་རྒྱུད་འཕར་ལྡིང་ངེས་ཅན་ལྡན་པའི་གཡང་འབུམ་སློབ་མཐར་ཕྱིན་པའི་སྔ་ཕྱི་མི་སྣའི་བྱུང་རིམ་ཧེ་བག་ལྡན་ལ་འཕར་ལྡིང་སྐྱེན་པ་ཞིག་སྔོག་འདོན་བྱས་ཡོད། 

ཞེ་གཉིས་པ།

ལྡོང་སྲས་ཨ་བྷེའིཁྱི་རྐུནནི།

མིའི་འཚོ་བ་ནི། ཆེས་ཐབས་སྡུག་དང་འདོད་རྔམ། ངོ་ཚ་མེད་པའི་སྤྱི་ཚོགས་གཅིག་ཡིན་པ་ར་སྤྲོད་དང་། ཐ་ན་ལས་དཔལ་འབྱོར་གྱི་སྟེང་ན་མཛའ་བརྩེ་དང་ཞེ་མདང་། འཁོན་ར་བཅས་འདུས་ཡོད་པ་ཤུགས་སུ་བསྟན་པའི་རྗོད་པ་ལྷོད་ལ་བརྗོད་སྙིང་རིན་ཐང་ལྡན་པའི་བྲོ་བ་ལྡན། ཁྱད་པར་དུ་དེང་རབས་ཕྱི་མའི་དུས་ནས་མི་རྣམས་ཐབས་སྡུག་སྟེ་སྒུག་པ་དེ་ཡང་མཐོང་ཡང་། ཞོར་དུ་བདེ་འཇགས་སློབ་གསོ་ལྟ་བུའི་གཙང་སྦྲ་དེ་ནི་ཆེས་ཁ་ཟུམ་པའི་རྣམ་པ་ལས་ཆེར་མ་མཐོང་ཡང་། སློབ་གསོ་བ་ཞིག་ལ་མཚོན་ན་མེད་ཐབས་མེད་པ་ཞིག་ཡིན་ཡང་སྲིད། འོན་ཀྱང་སྒྱུ་རྩལ་གྱི་ངོས་ནས་བརྩམས་སྒྲུང་སློབ་གསོ་གཏོང་སྤྱད་དུ་བཀོལ་སྤྱོད་དགོས་པ་ཡང་མ་མཐོང་ངོ་།།

ཞེ་གསུམ་པ།

ལྷ་མོ་འཚོའིརི་བོའི་ཕ་རོལནི།

འབྲོག་ཐང་ནས་ཚར་ལོངས་བྱུང་བའི་བྱིས་པ་ཞིག་དང་རི་བོའི་ཕ་རོལ་གྱི་སློབ་གྲྭའི་གནས་བབ་གཉིས་བར་གཤིབས་སྡུར་ཞིག་བྱེད་ཞོར། ད་དུང་འབྲོག་ཐང་དུ་ལྷུན་གྲུབ་ཚེ་རིང་ཟེར་བའི་སློབ་ལོག་ཅིག་ནོར་གནག་གི་རྫི་བོར་སྐྱོད་པའི་རྣམ་པ་བཀོད་འབྲི་བྱས་ཡོད། རེད་དེ། མིའི་མངོན་འདོད་དང་རེ་སྨོན་ལ་ཚད་བཟུང་མེད་པར་ལྕགས་ཕོར་གྱི་དོན་དུ་རྩོད་པའི་དུས་དེར། ལྷུན་གྲུབ་ཚེ་རིང་ལ་མཚོན་ན་དེ་ལྟའི་སྡུག་བསྔལ་དང་རེ་ཆད་ཅི་ཡང་མེད་པར་ནོར་གནག་གི་རྫི་བོར་སྐྱོད་པ་དེ་བསམ་བློའི་རེ་སྨོན་གཞན་ཞིག་ཡིན།

ཞེ་བཞི་པ།

གདུང་དྲུག་གིཤེའུ་སྨུག་ཆུངནི།

མི་སེམས་ནི་མིས་མི་ལོན། ཁྱི་སེམས་ནི་དབྱུག་པས་ལོན། ཟེར་བ་བཞིན་རྔོན་པ་ཞིག་རི་དྭགས་ལ་བརྩེ་དུང་ཆགས་ཏེ་སེམས་གཏིང་གི་བརྩེ་བ་དང་ངེས་འབྱུང་མ་བུ་ངོ་འཕྲོད་པའི་སྐོར་བཀྲམ་འདོན་བྱས་འདུག འོན་ཀྱང་ཤེའུ་ཕྲུག་དེ་རི་དྭགས་ལ་མི་འཁོར་བར་ཉི་མ་རྒྱལ་མཚན་ལ་འཁོར་བ་དེ་ཁོས་ཁ་རོགས་ལར་ནས་མིན་ཡང་ཐག་ཆོད་པའི་སྐྱེ་བ་སྔ་ཕྱིའི་ལུང་བསྟན་དང་འཆར་ཡན་སོགས་ནི་གང་ཡང་བཞེངས་མི་འདུག

ཞེ་ལྔ་པ།

བཙན་གྱིཡོལ་བནི།

འཆར་ཡན་སྣ་ཚོགས་སྐྱ་འཐབ་སྟེ་རོལ་ཆ་ཞིག་ཕྱིར་དྲན་ནམ་འཚོལ་སྙེགས་བྱེདཔ་ལྟར་བྲིས་ཤིང་། དོན་དུ་མིའི་སྟོང་བསམ་དང་དེའི་ཕ་རོལ་ན་ངོ་མཚར་བའི་རོལ་ཆ་ཞིག་ཡོད་པ་དྲན་སློང་དུ་བཅུག ད་དུང་མིའི་མི་ལ་སྐྱོབ་པའི་འདུ་ཤེས་དེ་ཤུགས་ཆེན་པོས་ཕྱིར་འཐེན་བྱས་ནས་ཁེར་རྐྱང་གི་འཚོ་བ་དེར་སྙིང་པོ་མེད་པའི་ལྦུ་བ་ཞིག་ལ་འགྱུར་དུ་བཅུག་འདུག

ཞེ་དྲུག་པ།

ཚེ་དཔག་སྐྱབས་ཀྱིའཕུར་མཉེདནི།

ལོང་བའི་འཕུར་མཉེད་ལ་ཁ་གཡར་ཏེ། ཚོར་བའི་འཇིག་རྟེན་ཞིག་ལ་འཁྱམས་སུ་བཅུག་པ་དང་། དེའི་ཞོར་དུ་རྩོམ་རིག་གི་མཛེས་རྟོག་མྱོང་རོལ་ཅུང་ཐུབ་འདུག་སྙམ། མ་གཞི་རྩོམ་རིག་གི་མཛེས་རྟོག་ནི་ཚོར་བ་རྣོན་པོའི་ཕག་ཏུ་ཡིབས་པ་ལས་སྔོག་འདོན་དེ་ཙམ་བྱེད་མཁན་མེད། ཁོང་གིས་ཚོར་བ་དེ་གནད་ལ་ཁེལ་བ་ཞིག་བྱས་པ་དང་། རྩོམ་རིག་གི་མཛེས་རྟོག་ཉམས་སུ་མྱོང་ཐུབ་པ་འདུག

ཞེ་བདུན་པ།

མི་སྐྱ་མགོན་རྒྱལ་གྱིདོགས་སྣངནི།

འདི་ནི་སློབ་རའི་རྩོམ་ལས་ཅུང་འགོང་བའི་མི་སྣའི་བྱ་བྱེདལ་རྟེན་ནས་སེམས་ཁམས་སྔོག་འདོན་གྱི་ཐབས་ལམ་ཞིག་བཤམས་ཏེ། འཇིག་རྟེན་མཐུན་འཇུག་གི་སྐོར་ཟུར་ལྟས་ལེབ་མཐོང་གི་བུད་མེད་ཁེར་ཧྲེང་ཞིག་གི་འཚོ་བ་མེ་སོན་ལྟ་བུ་ཞིག་བཀོལ་སྤྱོད་གཏོང་ཡོད། དེ་ཡང་སློབ་མའི་སེམས་ཁམས་དང་ཨ་མའི་སེམས་ཁམས་འགྲན་སྡུར་དེའི་ཁྲོད་ཁྱོད་ལ་ཐོབ་པའི་སེམས་ཁམས་དེ་རྨས་མ་ཞིག་ཏུ་འགྱུར་བཅུག་པ་ལྟ་བུ་རེད།

ཞེ་བརྒྱད་པ།

ཤ་བདེ་བུ་ཁྲིད་ཀྱིཉིན་གཅིག་གི་མི་ཚེནི།

ཉིན་གཅིག་གི་དུས་ཚོད་མི་ཚེ་གཅིག་ལ་བསྡུས་པའི་འབྲི་ཐབས་གསར་པ་འདི་དར་ནས་ཅུང་སོང་། ད་ལམ་ཁོས་སློབ་གྲྭའི་ཁོར་ཡུག་ཏུ་ཚབ་ཆེན་གྱི་སློབ་ཁྲིད་དེར་མི་འདོད་པའི་རྣམ་པ་ཤུགས་ཆེན་བྱས་ཡོད། ད་དུང་སློབ་རའི་ནང་གི་བྱ་དགའ་དང་གཟེངས་བསྟོད། ལོ་རེའི་ཡིག་རྒྱུགས་བཅས་ལ་ཉེན་བརྡ་རེ་བརྒྱབ་ཅིང་། སྐབས་དེའི་བཀྲ་ཤིས་ནི་ཞེ་སྡང་དྲག་པོ་འབར་བ་ལས་གཞན་པའི་ཚོར་སྣང་དམིགས་བསལ་དང་ཐབས་ལམ་གས་བཏིང་མི་འདུག

ཞེ་དགུ་པ། 

དྷཱིཿ  ཁྲག་སྨྱུག་གིའཇིག་རྟེན་འདིས་བརྗེད་ཟིན་པའི་མིནི།

རེད། སྒྲུང་ཐུང་ནི་མཁའ་དབུགས་སྟུག་པོ་ཞིག་ཡོད་ན་དེའི་ཆོག་པ་ལ། བུད་མེད་སྐོར་ཞིག་གིས་འབྲོག་ལས་ཀྱི་ལས་ཀའི་ཁྲོད་ཕན་ཚུན་བར་གྱི་གཏམ་གླེང་དང་འཁོན་སྐད་གང་ཡང་མེད་པར་སྤྱི་ཚོགས་ཧྲིལ་པོ་ཞིག་གི་མཁའ་དབུགས་ཆེས་སྟུག་པའི་བར་མཚམས་དུམ་བུ་ཞིག་རྩོམ་ནང་དྲངས་པ་དེ་དགེ་ཐོན་འདུག དེ་ཡང་སྐྱོ་སྡུག་དང་ཁེར་རྐྱང་། དོགས་འཚེར་སོགས་ཀྱིས་བཙེས་པའི་སེམས་ཁམས་ནི་མུན་པའི་ནང་གི་རྒྱུ་སྐར་བཞིན་མངོན་འདུག རྩོམ་འདི་འཚོ་བའི་ངོས་གཅིག་ལས་འཇིག་རྟེན་ཧྲིལ་པོ་མཐོང་བའི་ལེགས་རྩོམ་དུ་མཐོང་བྱུང་།

ལྔ་བཅུ་པ། 

མུ་ནེ་སྐྱབས་ཀྱིཁོག་པ་སྟོང་བའི་མིནི།

ལྷུག་བརྗོད་ཀྱིས་ཟིན་པའི་སྒྲུང་ཐུང་འདི་ནི་གསོན་ཉམས་དོད་པའི་སྒྲུང་ཞིག་རེད། ཁོག་པ་སྟོང་བའི་མི་ནི་མ་གཞི་ནས་བོར་སྟོར་བྱུང་བའི་སྤྱི་ཚོགས་ཤིག་ཅི་ལ་མིན། དེ་ཡང་ནུབ་གླིང་པའི་སྐད་ཆས་བཤད་ན་རྙིང་པ་ཡོད་ཚད་བོར་བའི་འཇིག་རྟེན་ནམ་རིག་གནས་འདྲེས་སྦྱོར་གྱི་དུས་རབས་སུ་བོར་ཟིན་པའི་སྤྱི་ཚོགས་ཤིག་མ་ཆགས་རང་ཆགས་རེད། 

ང་གཅིག་པ།

འབྲོང་གཤིས་དཔལ་འབྱོར་གྱིཁྲི་འཛིནནི།

དུས་ཚོད་དམ་འཛིན་དང་མངོན་འདོད་ཀྱིས་སྒུར་ཤུགས་འོག ཧེབ་ལངས་པའི་མི་འགའ་ཁྲིམས་རའི་ནང་ཚུད་འགྲོ་བ་ཞིག་མིག་ལམ་དུ་མཐོང་བཅུག་ཡོད། ཁོང་ཚོའི་འདོད་རྔམ་ཆེ་ཤོས་ནི་རྟ་རྒྱུག་ཡིན། ཛ་དྲག་གི་རྟ་རྒྱུག་ཐོག་ཏུ་སྐུགས་བཞག་པའི་སྣང་ཚུལ་ཞིག་མཐོང་བཅུག་ཡོད། 

ང་གཉིས་པ།

ཨོ་ཏོག་བསྟན་ཉིའིཕོ་ལོ་ཉི་ཤུའི་སྒོ་ཐེམ་བརྒལ་རྗེསནི།

ཁོ་རང་བྱིས་པའི་དུས་ཀྱི་ཕྱིར་དྲན་ཞིག་བཀླགས་ཞོར་རྨི་ལམ་ཞིག་རྐྱ་ཡ་རུ་སྡེབ་སྟེ་བྲིས་ཤིང་། འབྲོག་པའི་འཚོ་བ་དང་ཨ་ཕའི་དད་མོས། སྐྱེ་མ་སྔ་མའི་རླངས་འཁོར་དོན་རྐྱེན་ཕྱིར་དྲན་བཅས་ཕན་ཚུན་ཉན་སྤྲོ་བའི་སྒྲུང་ཐུང་ཞིག་རེད། མ་གཞི་འཚོ་བ་དུམ་བུ་ཞིག་སྟོན་ཞོར་སྐད་ཆའི་སྒྱུ་རྩལ་ཧ་ལས་པའི་མཐོན་པོར་ལྡིང་བ་ཞིག་བྱུང་ན་ད་གཟོད་རྩོམ་གྱི་གོ་ཆོད་སོང་བ་རེད། དེང་སང་དེ་ལྟ་བུའི་རྩོམ་ཉུང་ཞིང་ཕལ་ཆེར་གཏམ་རྒྱུད་གཙིགས་སུ་བཟུང་སྟེ་འཕར་ལྡིང་ལས་བཀོད་འབྲི་དང་མཁའ་དབུགས་གཉི་ག་འཛོམས་པའི་སྐད་ཆའི་སྒྱུ་རྩལ་ཚད་མཐོ་སར་འགྱིང་བ་ཞིག་དཀོན་ཚོད་དུ་འདུག

ང་གསུམ་པ།

རྡོ་རྗེ་དོན་གྲུབ་ཀྱིམི་ཡུལ་གྱི་གླུ་སྐདནི།

རྒྱང་རིང་ཞིག་ལ་ལྷག་པའི་གླུ་སྐད་དེ། གདོད་མའི་སྐད་སྒྲ་སྙན་མོ་ཞིག་བྲག་ཆ་རུ་འཁོར་བ་བཞིན་ག་ལེར་ཡོལ་འགྲོ་བ་མཐོང་བའི་ཕྱིར་དྲན་སྐྱ་བོ་ཞིག་བཞེངས་སྐྲུན་བྱས་ཏེ། དེ་ནི་ཆེས་གསོན་ཉམས་ལྡན་པའི་མ་ཎི་འཁོར་ཁང་དང་ཨ་མའི་འབོད་སྐད། བུ་རྫིའི་ཁ་འདོན་སོགས་འདུས་པའི་ཕྱིར་དྲན་དེ་སྐད་ཆའི་མཛེས་པ་ལྷུར་བླངས་ཤིང་། དྲན་གདུང་ལྕི་མོ་ཞིག་ཆུ་འཁོལ་བ་བཞིན་བདུས་འདུག 

ང་བཞི་པ།

བཙུན་ཐར་རྒྱལ་གྱིདམར་རྒནནི།

རྩམས་སྒྲུང་དེ་ངོ་མཚར་བའི་ཆ་མང་པོ་ལྷན་དུ་སྤུངས་ཤིང་། འདས་དོན་ཕྱིར་དྲན་ཞོར་དུ་འཚོ་བའི་མངར་སྐྱུར་སྐ་གསུམ་གང་སར་ནས་ལུད་ཡོང་བ་ཞིག་འདུག དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཟེར་ན་མི་ཆོག་རྒྱུ་མེད་པའི་ལེགས་རྩོམ་ཞིག་མཐོང་སོང་།

ང་ལྔ་པ།

ནམ་མཁའ་བཀྲ་ཤིས་ཀྱིརླངས་ཀྱི་རྩེ་མོནི།

རི་དྭགས་ཀྱི་ལྟེ་བ་གླ་རྩིའི་དོན་དུ་ཁོར་ཡུག་ཅིག་ཞིབ་བཀླགས་བྱས་འདུག རེད་དེ་མི་དེ་དག་གླེན་ཞིང་ལྐུགས་པ་དང་། ཐེ་ཚོམ་ཅན། སྔངས་སྐྲག་ཅན་སོགས་བཞེངས་སྐྲུན་བྱས་པ་དེ་ནི་དུས་རབས་ཀྱིས་བཞག་པའི་སེམས་རྣམ་འཕར་མ་ཞིག་ཁས་ལེན་དུ་བཅུག་འདུག 

ང་དྲུག་པ།

མགར་ཚེ་དོན་གྱིང་རང་མི་ངན་དུ་གྱུར་སོང་ཨེ་རེདནི།

འཚོ་བ་ནི་མ་གཞི་ནས་རྩོམ་རིག་གི་རྒྱུ་ཆ་སྲིན་སྐུད་ལྟ་བུ་ཞིག་ཡིན་མོད། དེར་སྒྱུ་རྩལ་གྱི་ལས་སྣོན་ཇི་ཙམ་བསྐྲུན་ཀྱང་ཟད་པའི་མཐའ་མི་མངོན་པ་ནི་རྩོམ་རིག་ཡིན། མགར་ཚེ་དོན་གྱི་སྒྲུང་ཐུང་འདི་ནི་ཡིད་ཀྱི་གཏིང་ནས་སྒུལ་བའི་ཐབས་རྩལ་གལ་ཆེན་ཞིག་གིས་ཟུར་ངོས་མི་འདྲ་བ་དུ་མ་ལྷན་དུ་སྦྲེལ་ཡོད། འཚོ་བའི་མངར་སྐྱུར་དག་ནི་རོ་མཆོག་བརྒྱ་ལྡན་གྱི་གསོལ་སྟོན་ཞིག་བཤམས་པར་ཐུགས་རྗེ་ཆེ།

ང་བདུན་པ།

ཚྭ་རྡེའུ་ཡིདོགས་ཡོད་ཉེས་ཅནནི།

ཕྱོགས་གཅིག་ནས་བལྟས་ན། མ་གཞི་འཁོར་བ་འདི་བསམ་སར་མི་འགྲོ་གསེག་སར་ཕྱིན་པ་ཞིག་ཅི་ལ་མིན། དེ་བས་ང་ཚོའི་ཡུལ་སྲོལ་དང་གོམ་གཤིས་ནི་ཡན་གར་བ་ཞིག་བཅུན་བྱེད་དུ་བཟོས་པ་ལྟ་བུ་ལས་ལྷན་སྐྱེས་ཀྱི་མིའི་གཤིས་ཀ་ནི་འདོར་དུ་མེད་པའི་རང་བྱུང་རང་གཤིས་ཤིག་ཡིན་པ་ངོས་འཛིན་ཡོད། ཁྲིམས་དང་མིའི་འདོད་པ་གཉིས་གཞི་གཅིག་ལ་མི་གནས་པའི་དུས་ཚོད་ནང་དུ་འཚོ་བ་མངར་སྐྱུར་ཅན་གྱི་སྒྲུང་འདི་སྐྱོ་གདུང་གི་ཟབ་ཚད་ཅན་ཞིག་རེད་ལ། ཕྱོགས་གཅིག་ནས་བསམས་ན། དེང་རབས་གསར་པའི་མིའི་སེམས་ཁམས་ལ་འཇིགས་སྣང་དང་སྡུག་བསྔལ། བཀྲ་མི་ཤིས་པ་རྣམས་དགོད་སློང་བྱེད་དུ་གྱུར་པའི་རྩེ་མཚར་ནག་པོའི་སྒྲུང་གི་འབྲི་ཐབས་གཤིས་ཀྱི་འཁྱོངས་པ་ཞིག་རེད་འདུག་ལ། བརྩམས་སྒྲུང་འདིའི་མཛེས་པ་གཙོ་བོ་ནི་ཐབས་སྡུག་སྟེ་སྐྱོ་སྣང་དང་རེ་ཆད་ངང་གནས་པའི་ཆུང་མའི་སེམས་ཁམས་སྟེང་ན་ཡོད་སྙམ། 

ང་བརྒྱད་པ།

བྱང་གྲོལ་གྱིགློག་སྐས་ཨང་བཞི་པནི།

འཚོ་བའི་གཏུབ་ངེ་ཞིག་དྲངས་པ་དང་། དུས་རབས་དང་མཚམས་པའི་མིའི་འཚོ་བ་དང་། ཆས་གོས། སྐད་ཆ་བཅས་ཟུར་བལྟས་ལེབ་མཐོང་གི་མེ་ལོང་ཆུང་ཆུང་ཞིག་ཏུ་མཐོང་། སྐད་ཆའི་སྒྱུ་རྩལ་ནི་ལས་སྣོན་ལ་རག་ལས་པ་ལྟར། ཆུ་བརྒྱ་ཟམ་འོག་ཏུ་བཅུག་པ་ལྟར་གློག་སྐས་ཀྱི་སྒྲོམ་བུ་ཞིག་གནད་དུ་བཟུང་བ་ནི་ཐབས་རྩལ་ཡག་ཤོས་ཤིག་རེད། འཚོ་བ་དེའི་ནང་དུ་གཅོད་གཏུབ་འདྲ་གསུམ་གང་ཡང་མ་བྱས་པས་མིའི་འཚོ་བ་དངོས་ལ་ཞུགས་པ་ལྟ་བུའི་ཚོར་བ་ཞིག་བསྟབས་འདུག

ང་དགུ་པ།

དབྱངས་འབུམ་ཚེ་རིང་གིཁྲག་གིས་གཤེར་བའི་མེ་ཏོག་དཀར་པོནི།

རྔོན་པ་ཞིག་སྡིག་པ་བཅད་པའི་རྣམ་པ་ཞིག་མིག་ལམ་བཤམས་པ་དང་། དེའི་ཤུགས་ནས་མིའི་སེམས་ལ་ང་རྒྱལ་དང་ཞེ་སྡང་། སྙིང་བརྗེ་དང་བྱང་སེམས་ལྷན་སྐྱེས་སུ་ཡོད་པར་སྔོག་འདོན་བྱས་ཡོད། གཏམ་རྒྱུད་དུམ་བུ་དེའི་ནང་གི་ཁེར་རྐྱང་གི་འཚོ་བ་ཉམ་ང་བ་ཞིག་དྲན་སློང་དུ་བཀོད་པ་དང་། ཁེར་རྐྱང་དེ་ནམ་ཡང་ཁེར་རྐྱང་གི་རྒྱ་ལས་འགོངས་མི་ཐུབ་པའི་སེམས་ཕམ་དང་ཡིད་མུག་གི་རྣམ་པ་ཞིག་ཞོར་ལ་སེམས་ལ་འཁོར་དུ་བཅུག་ཡོད།

དྲུག་ཅུ་པ།

རྩྭ་ཕྲན་གྱིརེ་སྒུགནི།

འཁོར་བའི་གྲུ་ཟུར་ནས་བརྩེ་དུང་དང་མི་གཤིས་གླེང་བའི་རྩོམ་ཐུང་སྙིང་བརྗེ་མོ་ཞིག་མཐོང་བ་དང་། དེའི་ནང་དུ་ཕོ་མོའི་བརྩེ་དུང་ནི་ཡོད་ཚད་ཀྱི་ནང་ནས་ཡོད་ཚད་ཡིན་པར་བཤད་པ་དེར་ཡིད་འགུལ་ཐེབས་པ་ཞིག་རེད། ད་དུང་ཁ་བཙོག་ཁ་ཤས་ནི་བོད་མིའི་སྲུང་བྱ་ལས་འགོངས་པ་ཨ་མས་བུ་ལ་དོ་ནུབ་བྱིས་པ་ཞིག་ཆགས་ན་རང་གི་ཕུ་བོའི་རྣམ་ཤེས་ཡིན་ཟེར་བ་དང་། སྲུ་མོ་ཞིག་ཆུང་མའི་ཚུལ་གྱིས་ཇི་མི་སྙམ་པར་ཆུང་མར་ལེན་པ་དག་ནི་རྨོངས་ཤིང་འཐོམ་པའི་སྤྱི་ཚོགས་ཤིག་ལ་ཉེན་བརྡ་བརྒྱབ་ཡོད་འདུག 

རེ་གཅིག་པ།

དུར་སྲིའིགསང་བའི་སྒྲོམ་ཆུང་ནང་གི་མུ་ཏིགནི།

ཁེར་རྐྱང་གི་རེ་སྒུག་དེ་ནི་མི་ཞིག་ཡོང་སྟེ་སྒོ་རྡུང་དགོས་པ་དང་། ནམ་ཡང་མཐོང་རྒྱུ་དང་ཐུག་རྒྱུ་མེད་པར་སྒུག་དགོས་པ། སྐབས་རེ་རྨི་ལམ་དང་སྐབས་རེ་དངོས་ཡོད་འདྲ་བའི་འཁྲུལ་སྣང་འབའ་ཞིག་གི་ཀློང་དུ་འབྱམས་སུ་བཅུག་པ་ནི་སྐྱོ་ངལ་དང་ཁེར་རྐྱང་གི་མཛེས་པ་རྨ་མེད་པ་ཞིག་ཡིན། མཐར་ཁོའི་ལྷན་ཅིག་སྐྱེས་པའི་མ་རིག་པ་དེ་འགྲོགས་པ་ལྟར་མུན་ནག་ཏུ་ཁོ་དང་འདྲ་བའི་སྒོ་རྡུང་མཁན་དེ་རབ་རིབ་ཏུ་མཐོང་བར་བཅུག་ཡོད། དེ་ནི་དྲི་རྟགས་ཆེན་པོ་ཞིག་རང་གིས་རང་ལ་འཕངས་པ་ལྟ་བུ་ཡོད། རྩོམ་འདིའི་བཀོད་འབྲི་མཛེས་ལ་ཡིད་ལ་འཚེངས་པ་ཞིག་བྱུང་།


6


玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章