རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
མུན་པའི་ཀློང་ནས་འོད་སྒོར་རྙེད་ཚུལ།
རྩོམ་པ་པོ། ར་ས་བསྟན་འཛིན་ཆོས་གྲགས།
ས་ཡོམ་ཁྲོད་དུ་ཚེ་སྲོག་ཤོར་བ་རྣམས་ལ་རྗེས་དྲན་ཆེད་དུའོ། །
ཞོགས་པ། འགུལ་ལ་ཉེ་བའི་ཚེ་སྲོག་མང་པོ་ཞིག སླར་ཡང་མདང་གི་མཚན་མོའི་ཁ་དོག་ལྟ་བུའི་ལམ་དུ་ཤུགས་ཀྱིས་འཁྲིད། ཕྱིར་མིག་བྱ་ལོང་མེད་ལ། ལག་བརྡ་ཞིག་ཀྱང་གཏོང་ཁོམ་མེད་པའི་ངང་། ཡིད་ཀྱི་སྲུབས་སུ་དཀྲུགས་པའི་དབའ་ཀློང་དེས། ང་ཚོའི་ཡིད་ཁམས་ད་ལྟ་མ་འོངས་ཚང་མར་སྐྱོམས་ངེས་ཡིན། ཚེ་སྲོག་ཅེས་པའི་འོད་སྣང་མ་གཞིལ་བར་དུ།
ཚེ་སྲོག མུན་པའི་ཀློང་དུ་བཞུད་པའི་གཡུ་ཆུང་གྲུ་དཀར་དེ་ཉིད་ཡིན་ལ། གྱང་ཧྲུལ་སྦུབས་ནས་ཕྱི་ལ་ཅེར་རེར་བལྟ་བའི་འདྲེན་བྱེད་ཟུང་དེ་རེད།
ད་དུང་། མིག་ཆུ་རྡོག་པོ་རེ་རེས་སེམས་ཀྱི་སྐོམ་གདུང་སེལ་བའི་བརྒྱུད་རིམ་ཁོ་ན་ལགས། སྐབས་དེར་བསྲིངས་བའི་ལག་ཟུང་དྲོན་མོ་རེ་རེ་ནི། རྣམ་ཤེས་ཐོག་གི་ནག་ནོག་སེལ་བའི་བྱབས་ཁྲུས་ཐེངས་ཤིག་དང་། བསམ་པའི་ཕྱི་ནང་བརྗེ་བའི་བརྒྱུད་རིམ་ཆ་ཚང་ཡིན།
སྐབས་དེར། མིག་ཆུ། རང་ཉིད་གཅིག་པུའི་ཆེད་དུ་ཉིལ་བའི་སྒེར་སེམས་ཅན་ཞིག་མ་ཡིན་ལ། སེམས་སྡུག ཁྱོད་ཉིད་གཅིག་པོའི་བྲང་ཁོག་གཤགས་པའི་ཟུག་གཟེར་དེ་ཡང་ཅི་ལ་ཡིན། ཁ་རོག་གེར། བརྩེ་བའི་མེ་དྲོད་སྤར་མཁན་མང་པོ་མང་པོ་ཞིག་གི་རེ་འབོད་རེད།
ལྟོས་དང་། གྱང་རོར་གྱུར་པའི་ཁང་པའི་བར་གསེང་རེ་རེ་ནས། སང་ལོ་སྔར་བཞིན་རྩྭ་ལྗང་རེ་རེའི་མཆེ་བ་འབུས་སྲིད་ལ། བསམ་ཤེས་ཅན་གྱི་བྱིའུ་ཆུང་དེ་ཚོས་ཀྱང་། ཡངས་ཤིང་ཡས་པའི་ས་གཞིའི་དེའི་ཐོག་སླར་ཡང་ཁོ་ཚོའི་ཚང་མལ་བརྩིགས་ངེས་རེད།
མུན་པས་དཀྲིགས་པའི་བརྒྱུད་རིམ་དེ་དག་ཡལ་ཟིན་རྗེས། ཚེ་སྲོག་ཅེས་པའི་རིན་ཐང་སླར་ཡང་དྭངས་ཤིང་གསལ་བའི་སེམས་ཀྱི་ངོ་བོར་བསྟིམས་ངེས་རེད།
འོད་སྣང་ལྟ་བུའི་ཚེ་སྲོག་མང་པོ་ལམ་དུ་བཞུད་ཚུལ་དེ་འདྲའི་སེམས་ལ་གཟན་པ་ཞིག་ཡིན་རུང་། ཤུལ་དུ་ལུས་པའི་ཚེ་སྲོག་མང་པོ་ཞིག་ལ་ནམ་མཁའ་ལྟ་བུའི་སེམས་པ་བསླས་མྱོང་ལ་། རྒྱ་མཚོ་ལྟ་བུའི་གཏིང་མཐའ་བྲལ་བའི་དྲི་ཚིག་ཅིག་ཀྱང་བཞག་ཡོད་ངེས། འོད་སྣང་ལྟ་བུའི་ཚེ་སྲོག་དང་། ཚེ་སྲོག་ལྟ་བུའི་འོད་སྣང་ཡཱ།
ས་ཡོམ་དེས། ང་ཚོའི་སེམས་ལ་མུན་པ་ལྟ་བུའི་སྡུག་བསྔལ་མང་པོ་བཟོས་ཡོད་མོད། མུན་པ་དེ་ཡི་ཁྲོད། ང་ཚོས་སླར་ཡང་ཚེ་སྲོག་ཐོག་གི་འོད་སྣང་མང་པོ་འཚོལ་ཐུབ་ངེས།
2010-4-17 ལྷ་ས་རུ་བྲིས།