རིན་ཐང་གཞན་ཞིག ལྷུག་རྩོམ། ར་ས་བསྟན་འཛིན་ཆོས་གྲགས།

民生   2024-08-21 19:21   西藏  





  རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།     


རིན་ཐང་གཞན་ཞིག

 
རྩོམ་པ་པོ། ར་ས་བསྟན་འཛིན་ཆོས་གྲགས།



༡ ང་སུ་ཞིག་རེད་དམ།
   ཡུན་རིང་འབྱེད་མ་ཐུབ་པར་ལུས་པའི་སེམས་པ་དེ་ཁ་ཕྱེ་སྐབས། ངས་ད་ལྟ་སུ་ཡང་ངོ་མི་ཤེས། ང་རང་སུ་ཞིག་ཡིན་པའང་རྟོགས་ཐབས་བྲལ། ཁ་ནས་ལེགས་བཤད་ཀྱི་སྦྲང་ཆར་འཇོ་མཁན་དེ་ཡིན་ནམ། ཡང་ན། ལག་གིས་སེམས་ཅན་གྱི་མཇིང་པ་གཅུ་མཁན་དེ་ཡིན། 
   མཚན་མང་པོར་གཉིད་ལམ་གྱི་ཞིང་ཁམས་དུ་མ་ཞིག་འགྲིམས་ནའང་། སླར་ཡང་དངོས་ཡོད་ཀྱི་འཇིག་རྟེན་འདིར་རྐང་པ་འཇོག་སྐབས། ལམ་བུ་ཡོད་ཚད་སྔར་ནས་ཚེར་མས་ཁེངས་པ་གཞི་ནས་རྟོགས། ཚེར་མས་རྐང་པའི་མཐིལ་ནས་ཁྲག་དམར་ཧུབ་ཀྱིས་འཐུང་གིན་འདུག སྐབས་དེར། ལོ་ངོ་སྟོང་ཕྲག་དུ་མའི་རིང་། མེས་པོའི་ཞབས་ཟུང་གཉིས་ཀྱང་ཁྲག་གིས་འཚོས་ནས་ཡོད་པ་གཞི་ནས་ཤེས། གང་ལྟར་ཡང་། ན་ཟུག་གཉིས་པོ་བདག་གི་སེམས་སུ་འཁྱིལ་ཆུ་བཞིན་དུ་བསྐྱིལ། འོན་ཏེ། ན་ཟུག་དེ་མ་གཏོགས། ང་རང་སྔར་བཞིན་སུ་ཡིན་རྟོགས་ཐབས་གཏན་ནས་མེད། 
   མེས་པོས་ཡར་ཀླུང་ཁོག་ནས་སྔར་ནས་ང་ལ་མཛུབ་བརྡ་ཞིག་གནང་མྱོང་མོད། དེ་ནི་ལྷ་སྒྲུང་མ་གཏོགས་ཅི་ཡང་མིན་པར་སྙམ། ད་ལྟ། ང་རང་འཚོལ་བཞིན་ཡོད། འཚོལ་བཞིན་ཡོད། སུ་ཞིག་གིས། སླར་ཡང་ལྷ་སྒྲུང་དེ་དག་བདག་ལ་ཐེངས་ཤིག་གསུངས་སྲིད་དམ། ལྷ་སྒྲུང་དེ་དག་ནང་། མེས་པོའི་འཛུམ་མདངས་དང་མིག་ཆུ། ད་དུང་། ཁྲག་གི་ཐིགས་པ་ཐིམས་ནས་འདུག ལྷག་པར་དུ། བདག་གི་མ་གཟུགས་ཤིག སྔར་ནས་དེའི་ནང་སྦས་ཏེ་ཡོད་པ་གཞི་ནས་རྟོགས། 
   དེ་རིང་ནས། ང་རང་སུ་ཞིག་ཡིན་པ་ཕྱིར་མིག་སློག་སྟེ་བཙལ་ངེས་ཡིན། 
   དེ་ནི་བཙན་པོའི་བང་སོའི་མདུན་དུ་བསླངས་པའི་གི་གུ་ཕྱིར་ལོག་དེ་ཡི་དོན་སྙིང་ཡིན་ཡང་སྲིད། 
༢ སྣང་བ་གཏོང་གིན་མེད།
   ནམ་མཁའི་མཐོངས་སུ་ཐལ་རྡུལ་གྱིས་ལག་སྙོབ་བྱེད་ཀྱིན་འདུག ག་ལེར་ཉི་མའི་བཞིན་ལ་སྦར་བགྲད་ཐེངས་ཤིག་བྱ་རྩིས་ཡོད་ཅེས་ཟེར། ངས་ནམ་མཁའི་མཐོངས་ཀྱི་འགུལ་སྐྱོད་ལ་ལྟ་ཞིབ་བྱེད་ཐེངས་རེར། ཐལ་རྡུལ་ཡོད་ཚད་སྟོང་བའི་དབྱིངས་སུ་བྱེར་བཞིན་འདུག དེ་དག་གིས། བར་སྣང་དང་དུས་ཚོད་ཅེས་པའི་སྟོབས་ཤུགས་ལ་ངོས་འཛིན་དེ་ཙམ་མེད་པ་འདྲ། འཕུར་ཞིག འཕུར་ཞིག དྲན་ཤེས་མེད་པའི་ཐལ་རྡུལ་གྱི་ཚོགས་པ། ནམ་མཁའི་དབྱིངས་ནས་ཤ་ཐོར་རུས་ཐོར་དུ་འགྲོ་ངེས་ཡིན་པ་མ་ཤེས་སམ། ནམ་ཞིག་ས་གཞིའི་ཐོག་ཏུ་ཟགས་ངེས་ཡིན་པ་ཤེས་ཀྱིན་ཨེ་ཡོད་ལགས། མར་མེའི་འོད་ལ་ཆགས་པའི་ཕྱེ་ལེབ་དང་འདྲ་བའི་ཐལ་རྡུལ་གྱི་དཔུང་ཚོགས། སྔར་བཞིན། ནམ་མཁའི་དབྱིངས་སུ་འཕག་འཚག་མཛེས་པོ་ཞིག་རྒྱག་གིན་འདུག 
   རྡུལ་དང་མཚུངས་པའི་མི་ཚོགས་དེ་དག་ལ་ལྟོས་དང་། ས་གཞིའི་གྲོད་ཁོག་ཐོག་ཏུ་བ་སྤུ་བཞིན་དུ་ལང་ལོང་དུ་གཡོ་གིན་འདུག ཉི་མས་བསྲེགས་པའི་ངོ་གདོང་ནག་པོ་དེའི་ཐོག རེ་ཆད། དངངས་སྐྲག མིག་ཆུའི་རྗེས་ཤུལ་མ་གཏོགས་ཅི་ཡང་མཐོང་རྒྱུ་མིན་འདུག རྒྱུགས་ཤིག རྒྱུགས་ཤིག ཁ་གདངས་མིག་བགྲད་ཀྱི་མི་ཚོགས་ཀུན། ཉིན་ཞིག་གཉེར་མས་ཁེངས་ཤིང་མིག་གཉིས་གཡང་དུ་ལྷུང་བ་མ་ཤེས་སམ། སྡིག་ཉེས་ཀྱིས་འཚོས་པའི་ལག་པ་ཁྲི་ཕྲག ས་གཞིའི་སྤྱི་གཙུག་ཐོག དར་ལྕོག་བཞིན་ལྷབ་ལྷུབ་ཏུ་གཡོ། བྲེགས་ཁོམ་མེད་པའི་སེན་མོ་རིང་པོ་དེ་དག་ཀྱང་། རང་གི་རིགས་མཐུན་ཚོགས་ཀྱི་མགྲིན་པར་འཁྲིལ་བཞིན་འདུག དངོས་པོ་ཡོད་ཚད། རླུང་དམར་གྱིས་འཁྱེར་བའི་འགྱིག་ཁུག་ཅིག་དང་ཧ་ཅང་མཚུངས། ཇི་ལྟར་འཁུར་མིན་མི་ཤེས་ལ། གང་དུ་ལྷུང་མིན་དེ་བས་ག་ལ་གཏོགས། གནས་སྐབས་ཤིག རང་ཉིད་བྱ་རྒོད་ཅིག་ཏུ་འཁྲུལ་ཏེ་དབྱིངས་སུ་འཛེམས་མེད་འཕུར་གྱིན་འདུག འོན་ཏེ། དེ་ནི་གནས་སྐབས་ཤིག་གི་འཁྲུལ་སྣང་ཡིན་པ་ཤེས་མོད་ཀྱང་། སུ་ཞིག་གིས་ཀྱང་། དེ་ལ་སྣང་བ་གཏན་ནས་གཏོང་གིན་མེད། 
༣ སྡུག་བསྔལ་ལས་གྲོལ་ཚུལ།
   མི་རྣམས་རྒྱ་མཚོའི་མཐའ་འཁོར་དུ་མ་གྲོས་གཅིག་མཐུན་གྱིས་འཚོགས་སོང་། སྡུག་བསྔལ་ཡོད་ཚད་རྒྱ་མཚོའི་ནང་དུ་ཞེ་སྡང་གིས་གཡུགས་ལ་བྲེལ། ལྷ་པ་དང་མོ་པ་མང་པོས་མིག་ཟུང་རྡོ་ལྟར་ཟུམ་སྟེ་རིམ་གྲོར་བརྩོན་ཀྱིན་འདུག སྐབས་དེར། ཁོར་ཡུག་ཐམས་ཅད་སྨག་གིས་དཀྲིགས་ཤིང་གློག་དམར་འཁྱུག རྒན་པོ་ཞིག རི་ཉག་ཐོག་ནས་ལག་པ་སྨིན་མཚམས་སུ་བཅར་ཏེ། ནམ་མཁའི་མཐའ་ནས་སྐྱ་རེངས་འཆར་བར་སྒུག་སྟེ་ཡུན་རིང་སོང་། དེ་ལྟར་ཤེས་མེད་ཚོར་མེད་ཀྱི་ངང་ནས། སླར་ཡང་ལོ་ངོ་སྟོང་ཕྲག་འགའ་ཞིག་སོང་འདུག སྡུག་བསྔལ། སྔར་བཞིན་མི་ཡུལ་ཐོག་ཏུ་མཁའ་རླུང་བཞིན་དུ་འགྲམས་ཏེ་གནས། གྱེས་བྲལ། འཐབ་རྩོད། མིག་ཆུ། ད་དུང་མང་པོ་ཞིག རྐང་འཇབ་ལག་འཇབ་ཀྱིས་ང་ཚོའི་འཚོ་བར་འཁྲིལ་ཡོང་ནས་འོང་། ད་ཆ་ང་ཚོས་སྡུག་བསྔལ་གྱི་བྲང་ཁོག་གཤགས་ཏེ་ཉི་མར་བསྲོས་ཟིན། སྡུག་བསྔལ་རེ་རེ་སེལ་བའི་བརྒྱུད་རིམ་ནི། བདེ་བར་ཕྱོགས་པའི་ལམ་བུ་ཡིན་པ་རྟོགས་བྱུང་། 
   གང་ཞིག་ནི་བདེ་སྐྱིད་ཡིན་པ་རྟོགས་ཐབས་དཀའ་བ་བཞིན། གང་ཞིག་སྡུག་བསྔལ་ཡིན་པ་དེ་ཡང་རྟོགས་ཐབས་དཀའ་བ་ཞིག་རེད་འདུག མི་རྣམས་འཚོ་བའི་འཕྲང་ལམ་འགྲིམས་བཞིན་ག་ལེར་མི་ཚེའི་མཇུག་མཐར་བསྐྱོད་ནའང། གང་ཞིག་བདེ་སྐྱིད་ཡིན་པ་རྟོགས་མེད་ལ གང་ཞིག་སྡུག་བསྔལ་ཡིན་པ་དབྱེ་འབྱེད་ཐུབ་ཐབས་མེད། ག་ལེར། མི་རྣམས་ཀྱིས། རང་གི་སེམས་དང་རང་ཉིད་མཉམ་དུ་བགྲོད་བཞིན་ཡོད། སྨག་གནག་པའི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་བར་གསེང་ནས། མདའ་ལྟར་མགྱོགས་པའི་དུས་ཀྱི་བར་ཁྱམས་ནས། མི་ཚོས་སྡུག་བསྔལ་ཡོད་ཚད་གསིག་གསིག་བྱས་ན་ཡུལ་ཁམས་གཞན་པ་ཞིག་ཏུ་བསྐྱོད་ཐུབ་ཟེར། དེ་ལྟར། ཚེ་འདིའི་སྡུག་བསྔལ་ཐོག་ནས་བྱུང་བའི་རིན་ཐང་ཐམས་ཅད་རྨེག་མེད་བཅོམ་གྱིན་འདུག
   བདེ་བས་མི་རྣམས་ག་ལེར་གཉིད་ཀྱི་ལམ་དུ་འདྲེན་སྲིད་མོད། 
   སྡུག་བསྔལ་གྱིས། མིག་ཆུ་འཕྱིས་ཞོར་འཇིག་རྟེན་ཞེས་པའི་དོན་སྙིང་བསྩལ་གྱིན་འདུག

ཆེད་དེབ«ཕལ་པའི་རང་མདངས»ལས་བཏུས།
སྒྲིག་སྦྱོར་པ། རོང་པོ་རང་འཚོལ།



玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章