ས་སྐྱའི་གཟི་དཔལ། ལྷུག་རྩོམ། ར་ས་བསྟན་འཛིན་ཆོས་གྲགས།

民生   2024-10-20 12:14   西藏  





  རྨ་དགེ་མོ་ནམ་སྤྱི་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།     


ས་སྐྱའི་གཟི་དཔལ་དང་མཁར་གྱང་།

 
རྩོམ་པ་པོ། ར་ས་བསྟན་འཛིན་ཆོས་གྲགས།



   བོད་རྒྱལ་རབས་སིལ་བུར་འཐོར་རྗེས་ཀྱི་ལོ་ངོ་ཉིས་བརྒྱ་སུམ་བཅུ་ལྷག་ཙམ་རྗེས། འཁོན་དཀོན་མཆོག་རྒྱལ་པོས་དཔོན་པོ་རི་ཞེས་བྱ་བའི་ས་དཀར་ལོགས་ཀྱི་དབུས་སུ་ས་སྐྱ་དགོན་པ་ཕྱག་བཏབ་ཅིང་། དེ་ནས་བཟུང་སྟེ། ས་སྐྱ་པའི་གྲུབ་མཐའ་ཞེས་གྲགས་པ་མ་ཟད། གྲུབ་མཐའ་འདི་ཉིད་འཁོན་གྱི་གདུང་རྒྱུད་ན་རིམ་གཙོ་བོར་བྱས་ཏེ། སྐྱེས་བུ་དམ་པ་མང་པོས་འཛིན་སྐྱོང་སྤེལ་གསུམ་གནང་བ་རེད། 
   ས་སྐྱ་དགོན་པ་ནི་བདག་གིས་ཡུན་རིང་འགྲོ་འདོད་བྱེད་པའི་གནས་མཆོག་ཅིག་ཡིན། གང་ལགས་ཤེ་ན། གནས་འདི་ནས་ལོ་རྒྱུས་ཤིག་གི་བཞིན་རས་རྙེད་ཐུབ་ལ། བཞིན་རས་དེ་ལས་སྐྱོ་འཛུམ་འདྲེས་མའི་རྣམ་པ་ཞིག་ཀྱང་ཡིད་ལ་ལྷམ་མེར་མངོན་ཡང་ཐུབ་པས་ཡིན། བོད་ཀྱི་རབ་བྱུང་བརྩིས་ལོ་ཚུགས་རྗེས་ཀྱི་ལོ་ངོ་47པ་སྟེ་སྤྱི་ལོ1073ལོར་འཁོན་གྱི་གདུང་རྒྱུད་འཁོན་དཀོན་མཆོག་རྒྱལ་པོ་ས་དེར་ཕེབས་ཤིང་། ས་དེའི་སྒེར་བདག་ཞང་ཞུང་གུ་ར་བ་དང་། བན་སྡེ་གྲོང་བཞི་ལྷ་གྲོང་བདུན་བྱ་བ་རྣམས་ལ་ས་དེ་ཉོ་སྒྲུབ་གནང་མཁན་ཡིན་སྐོར་དང་། དེ་ནི་བསྟན་འགྲོའི་དགེ་རྩར་སྨིན་པའི་ཆེད་དུ་ཡིན་ལུགས་སོགས་གསུངས་པས། སྒེར་བདག་དེ་དག་གིས་ཀྱང་རིན་པ་མི་དགོས་པར་འབུལ་རྒྱུའི་དམ་བཅའ་བཞག་མོད། འཁོན་དཀོན་མཆོག་རྒྱལ་པོས་མ་འོངས་མཆོད་སྦྱིན་དབར་ལ་ལབ་གླེང་ཉུང་ན་ལེགས་པར་གཟིགས་ནས། སོ་སོར་ནོར་བུའི་ཕྲེང་བ་སོགས་རིན་པོ་ཆེ་མང་དུ་སྦྱིན་གནང་མཛད་དེ། དཔོན་པོ་རིའི་ནུབ་ཏུ་ཡོད་པའི་འབའ་གྲོག་ཡན་དང་། ཤར་དུ་ཡོད་པའི་མོན་འགོ་གྲོག་རོང་གཉིས་ཀྱི་ནང་ཚུད་རི་འདབས་དེ་ཁོང་ལ་བདག་པར་བྱས། སྐབས་འདིར་ས་སྐྱ་པར་བོད་ཡོངས་ལ་མངའ་དབང་བསྒྱུར་བའི་དབང་ཆ་མེད་སྟབས་ས་སྐྱ་བྱང་མ་དེ་ཉིད་གཞི་རྒྱ་དེ་ཙམ་ཆེན་པོ་མེད། འོན་ཏེ། འགྲོ་མགོན་ཆོས་རྒྱལ་འཕགས་པའི་དུས་སུ་ཡོན་གོང་མས་ས་སྐྱ་པར་རྒྱབ་རྟེན་བྱས་པའི་དབང་གིས། དཔོན་ཆེན་ཤཱཀྱ་བཟང་པོས་བོད་ཁྲི་སྐོར་བཅུ་གསུམ་ལ་ཀུན་སློང་བྱས་ཏེ་ས་སྐྱ་བྱང་མ་རྒྱ་བསྐྱེད་དང་། ས་སྐྱ་ལྷོ་མ་སྟེ་ས་སྐྱ་ལྷ་ཁང་ཆེན་མོ་གསར་བཞེངས་དང་། ཕྱིས་སུ་རིམ་པར་རྒྱ་བསྐྱེད་དེ་གཞི་ཁྱོན་ཆེན་པོ་ཞིག་ཏུ་གྲུབ། 
   འགྲུལ་སྐྱེལ་རླངས་འཁོར་དེ་ནི་ས་སྐྱ་ལྷོ་མའི་འགྲམ་དུ་བཀག་ཅིང་། མི་རྣམས་བྲེལ་བྲེལ་འཚུབ་འཚུབ་ངང་ནས་ལྷ་ཁང་ནང་དུ་མཇལ་བར་བསྐྱོད། འདུ་ཁང་ནང་དུ་རྒྱ་ནག་སེ་ཆེན་ཀ་བ་དང་། ནག་པོ་ཁྲག་འཛག་གི་ཀ་བ། འབྲོང་ཕོ་ཀ་བ། སྟག་ཕོ་ཀ་བ་བཅས་ཀ་ཆེན་བཞི་ཡོད་ལ། དུས་གསུམ་སངས་རྒྱས་སོགས་པའི་སྐུ་འདྲའང་མང་དུ་འདུག སྐབས་དེར་ཁྲི་སྟེང་དུ་བཞུགས་པའི་དགེ་འདུན་པ་ཞིག་གིས་སྟོན་པ་བཅོམ་ལྡན་འདས་དུང་དཀར་གྱི་སྐྱེ་བ་བཞེས་སྐབས་སུ་གྲགས་པའི་དུང་དཀར་གྱི་ཕྱི་སྐོགས་དང་། ཕྱིས་སུ་ཡོན་གོང་མས་བླ་མ་འཕགས་པར་སྐུ་ཡོན་དུ་ཕུལ་པའི་དུང་དཀར་བྱིན་ཅན་དེ་ཉིད་འབུད་ཀྱིན་འདུག་ལ། དད་ལྡན་མང་ཚོགས་ཀྱིས་ཀྱང་རུ་བསྟར་སྒྲིག་སྟེ་སྒོར་མོ་གང་འགབ་རེ་ཕུལ་ཏེ་རང་ལ་དབང་བའི་དུང་སྒྲ་རེ་རེའམ་འགའ་ཞིག"ཉོ"བཞིན་འདུག་ལ། དེ་ཉིད་ཐོས་ན་དམྱལ་བ་ནས་གྲོལ་བར་བཤད། དེ་བཞིན་པོ་ཏི་ལྕགས་ལོང་མར་གྲགས་པ་དེ་ཉིད་ཀྱང་བཞུགས་སུ་གསོལ་ལ། དམ་ཆོས་པོ་ཏི་ཚར་ལ་དངར་བ་བརྩིགས་ཏེ་ཡོད་པས། ངོ་མ་ཕྱི་ས་རྡོའི་རྩིག་པ་ཞིག་ཀྱང་ནང་ཆོས་ཀྱི་པོ་ཏིའི་བརྩིགས་པ་མ་ཞིག་ཅེས་གསུངས་པ་དེ་ཡང་བདེན་པ་རང་དུ་སྣང་། ད་དུང་ནང་དུ་རྟེན་དང་བརྟེན་པ་མང་དག་ཅིག་ཡོད་པས་ཡིད་ལ་དད་པ་དབང་མེད་སྐྱེ་འོང་ལ། ལོ་ངོ་དགུ་བརྒྱའི་སྔོན་གྱི་རང་གི་མེས་པོ་དག་གི་མཛད་རྗེས་དག སྔར་བཞིན་ལོ་ངོ་དགུ་བརྒྱའི་རྗེས་ཀྱི་ཕྱིས་རབས་པ་ཚོའི་མིག་ལམ་དུ་བསྟར་རྒྱུ་ཡོད་པ་ནི། ཇི་འདྲའི་ལོ་ཟླའི་དཀའ་ཚེགས་དང་དུས་ཀྱི་ཉམས་སད་ཐེག་ཐུབ་པའི་སྙིང་སྟོབས་ཤིག་མེད་ན་འགྲིག་ཐབས་ཅི་ལ་ཡོད་སྲིད་སྙམ་པ་ཞིག་ཀྱང་བྱུང་། དེ་ནས་ལྷ་ཁང་རེ་རེ་རིམ་པས་མཇལ་བ་དང་། སྐབས་དེར་རང་རེས་ཁ་རྒྱུན་དུ་བརྗོད་པའི་ས་སྐྱ་འབག་མོའམ་ས་སྐྱའི"སྲུང་མ"བཞུགས་པའི་ལྷ་ཁང་དུ་འབྱོར་ཞིང་། དེར་མང་ཚོགས་མང་པོ་འདུས་ཏེ་འདུག་ལ། ཚང་མས"སྲུང་མ"དེ་ལ་འཇིགས་ཏེ་ཁྲོ་བའི་རྣམ་པ་སྟོན་གྱིན་འདུག་ལ(དེ་སྔོན་གྱི་ཤོད་རྒྱུན་དུ་སྲུང་མ་དེ་ཉིད་ཤོར་ཏེ་མི་ལ་གནོད་འཚེ་བསྐྱལ་བའི་སྐོར་རྣ་ཐོས་ཡོད་པས་རེད)ཡང་ལྷ་ཁང་ནང་དུ་བཞུགས་སུ་གསོལ་ཏེ་ཡོད་པས་ཁ་བཏགས་དང་སྒོར་ཟུར་མང་པོ་ཞིག་དེའི་མདུན་དུ་རི་ལྟར་སྤུངས་ཏེ་འདུག དེ་ནི་ཤེས་རིག་མ་རྒྱས་པའི་བྱིས་བློ་ཅན་གྱི་སྐབས་ཀྱི་གདོད་མའི་མི་ཡི་བསམ་བློ་ལྟ་བུ་ཞིག་སྟེ། མི་རྣམས་ལ་རང་བྱུང་ཁམས་ཀྱི་གནོད་འཚེ་ཕོག་སྟབས། དེར་སྐྲག་ཅིང་ཁྲོ་ལ། ཡང་དེར་རྒོལ་བར་མ་བཏུབ་པས་སླར་དེ་ལ་མཆོད་ཅིང་བཀུར་བའི་རྣམ་པ་དང་ཡང་ཡང་དག་མཚུངས། དོན་དུ་སྐྲག་ཅིང་ཁྲོ་བ་ནི་རང་གི་དོན་དུ་ཡིན་ལ། མཆོད་ཅིང་བཀུར་བའང་རང་གི་དོན་དུ་དེ་བས་ཡིན། ད་དུང་དེ་ལས་རྒྱུ་མཚན་གསུམ་པ་ཞིག་ཡོད་ཟེར་ན། དེ་ནི་ང་ཚོའི་རྒྱུད་ན་ཡོད་པའི་དད་པ་ཙམ་བུ་བ་དེ་ཡིས་ལན་པ་རེད། དད་པ་ཙམ་བུ་བ་དེ་ཡོད་པས་ད་བར་ང་ཚོ་གཅིག་ཏུ་སྒྲིལ་ཐུབ་པ་རེད་ལ། ཡང་རྒྱུ་དང་རྐྱེན་གང་རུང་ཞིག་འཕྲད་ན། ལོག་པའི་ལམ་དུ་འཕྱན་ཉེན་ཡོད་པས་དེ་ཉིད་སེལ་ཡང་དགོས་ངེས་རེད། མདོར་ན་དད་པ་ཙམ་བུ་བ་དེ་དད་པ་ཡང་དག་ཏུ་འགྱུར་རྒྱུ་དང་། དད་པ་རྣལ་མ་ཞིག་ཏུ་བཏང་སྟེ། དད་པའི་ཡུལ་བདེན་པ་དང་། ཡོད་པ། མི་བསླུ་བ་གསུམ་གང་རུང་ལ་དམིགས་ནས་ཡིད་ཆེས་པ་དང་། འདོད་པའི་རྣམ་པ་ཅན་ཞིག་བྱུང་ཐུབ་ན། ད་གཟོད་ཤེས་རབ་སྤྱན་གྱིས་ཟིན་པའི་དད་པ་ཡིན། ངས་སྐབས་དེར་གློ་བུར་དུ་དད་པའི་སྐོར་བརྗོད་དོན་ཡང་། བདག་ས་སྐྱའི་ལྷོ་ངོས་ཀྱི་ལྷ་ཁང་ཆེན་མོ་རྣམས་མཇལ་ཟིན་རྗེས། རིམ་བཞིན་ས་སྐྱའི་བྱང་ཕྱོགས་དཔོན་པོ་རིའི་འདབས་ཀྱི་ལྷ་ཁང་རྣམས་ལ་མཇལ་བར་བསྐྱོད་སྐབས། སེམས་ལ་རང་དབང་མེད་པར་ང་ཚོའི་རྒྱུད་ན་ཡོད་པའི་དད་པ་དེར་ཡང་ཐེ་ཚོམ་ཆེན་པོ་ཞིག་སྐྱེས་པས་ཡིན། གལ་ཏེ་གཞུང་ལུགས་ཁོ་ནའི་ཐོག་ནས་བརྗོད་ན། ཁྱོད་ཀྱིས་བདག་ལ་ཆོས་སུ་བཤད་པའི་དད་པར་སྐུར་བ་འདེབས་སོ་ཞེས་དམོད་པ་བོར་ངེས་ལ། ཆོས་སུ་བཤད་པའི་དད་པ་དེས་ཁྱོད་ཀྱི་རྒྱུད་ན་ཡོད་པའི་དད་པ་ཙམ་བུ་བ་དེའི་སྐྱོན་ཆ་འགེབས་སྲུང་ཡང་བྱ་ངེས་རེད། དངོས་དོན་ཐོག་ནས་ང་ཚོའི་རྒྱུད་ན་ཡོད་པའི་དད་པ་ཙམ་བུ་བ་དེར་གཤག་དཔྱད་ཐེངས་ཤིག་བྱས་ན། ཕྱིས་སུ་ང་ཚོའི་སྙིང་ནས་འཛགས་པའི་ཁྲག་རྒྱུན་དེ་ཡང་ཇེ་ཉུང་དུ་གཏོང་ཐུབ་སྙམ། 
   ས་སྐྱ་བྱང་མ་ནི་ས་སྐྱའི་ཁྲི་འཛིན་དང་པོ་འཁོན་དཀོན་མཆོག་རྒྱལ་པོས་འདེབས་གནང་མཛད་པ་ཞིག་དང་། ཕྱིས་སུ་ས་སྐྱ་པར་ཡོན་གོང་མའི་རོགས་སྐྱོར་འཐོབ་པས། འགྲོ་མགོན་ཆོས་འཕགས་སྐབས་སུ་རྒྱ་བསྐྱེད། བདག་གིས་ས་སྐྱའི་བྱང་མའི་ལྷ་ཁང་གི་འདྲ་པར་རྙིང་པ་ཞིག་མཐོང་ཞིང་། དེའི་གཞི་རྒྱ་ཧ་ཅང་ཆེ། ད་ཆ་ས་དེར་བསྐྱོད་སྐབས་ལྷ་ཁང་བཅུ་གྲངས་འགའ་ལས་མེད་ཅིང་། བདག་གི་རྐང་པའི་འོག་ཏུ་ཚེག་སྒྲ་སྒྲོག་བཞིན་ཡོད་པའི་རྡོ་ལྷེབ་དང་རྡོ་ཧྲུག་དེ་དག་ནི། དེ་སྔོན་བཟོ་བཀོད་ཚར་དུ་དངར་བའི་ལྷ་ཁང་རེ་རེའི་གྱང་ལྡེབས་དང་། སྐུ་བརྙན་གྱི་གྲུབ་ཆ་རེ་རེ་ཡིན་སྲིད་ལ། རྡོ་ལེབ་དེ་དག་ཐོག བདག་གི་མེས་པོ་དག་གིས་ཐོད་པ་གཏུགས་པའི་གཉེར་རིས་གྲངས་ལས་འདས་པ་དཔར་ནས་ཡོད་ཀྱང་ངེས། ཞིག་རོར་གྱུར་པའི་ལྷ་ཁང་རེ་རེའི་སྒོ་མོའི་ངོགས་སུའང་། སྐྱེས་ཆེན་མཁས་གྲུབ་མང་པོ་ཞིག་གིས་རྒྱབ་བསྙེས་མཛད་དེ། རྒྱབ་ཀྱི་རི་དང་མདུན་གྱི་ཆུ་བོར་གཟིགས་རྟོག་གནང་སྟེ་ཐུགས་སྨོན་གང་མང་མཛད་མྱོང་ཡོད་སྲིད་ཨང་། ད་དུང་སྟོང་པར་ལུས་པའི་ས་ཕུག་རེ་རེའི་ནང་། དེ་སྔོན་སངས་རྒྱས་རེ་རེའི་འཇིམ་བརྙན་ཝ་ལེར་བཞུགས་ཡོད་ལ། དེ་ཡི་མདུན་དུ་བསྒྲོན་པའི་མཆོད་མེའི་ཕྲེང་བ་རེ་རེ་ཡིས་རྩིག་པའི་ངོགས་ཀྱི་ལྡེབས་རིས་ཐོག་ལ་འཕྲོས་ཀྱིན་ཡོད། འོན་ཏེ། ད་ཆ་ཞིག་རོར་གྱུར་པའི་ས་སྐྱ་བྱང་མའི་ཕང་བ་རུ། སྐྱེ་བོ་བསྐྱོད་མཁན་ཤིན་ཏུ་ཉུང་ཞིང་། ཚང་མས་རྒྱང་ནས་ཐལ་མོ་སྦྱར་ཏེ་སྨོན་ལམ་བཏབ་རྗེས། བྲེལ་བྲེལ་ངང་ནས་འགྲམ་གྱི་ཆང་ཁང་ནང་དུ་འཚངས་བཞིན་འདུག རྒན་པོ་ཞིག་གིས་བདག་ལ་ས་སྐྱ་བྱང་མའི་ལྷ་ཁང་དེ་ནི་རིག་གསར་སྐབས་སུ་གཏོར་སྐྱོན་ཐེབས་ལུགས་དང་། རིག་གསར་སྔོན་དུ་ས་སྐྱ་བྱང་མ་དེར་མཇལ་བར་བསྐྱོད་དགོས་ན་ཉིན་གཅིག་དགོས་ཚུལ་གསུངས། གཏོར་སྐྱོན་དེ་ནི་ཧ་ཅང་ཡིད་སྐྱོ་དགོས་པའི་གནས་དོན་ཞིག་ཡིན་པ་ནི་གདོན་མི་ཟ་བ་ཞིག་རེད། འོན་ཏེ་ལོ་རྒྱུས་ནི་ནམ་ཡང་ལོ་རྒྱུས་ཡིན་ལ། ལོ་རྒྱུས་ཁོ་ནའི་ནང་དུ་མགོ་བོ་འཁོར་ན། ལོ་རྒྱུས་ནང་ནས་ཕྱི་རུ་ཐོན་སའི་སྒོ་མོ་ཞིག་ཀྱང་རྙེད་པར་དཀའ། ལོ་རྒྱུས་ལས་ཕྱིར་ཐོན་ཏེ། དེ་ལས་མཐོ་བའི་རི་རྩེ་ཞིག་ཏུ་འགྲེངས་ཏེ་ལོ་རྒྱུས་ཡོངས་ལ་ཞིབ་རྟོག་བྱ་རྒྱུ་དེ། ལོ་རྒྱུས་ཤིག་གིས་ང་ཚོར་སྦྱིན་པའི་འོས་འགན་ཡིན་ལ། ཀེང་རུས་ལྟ་བུར་གྱུར་པའི་མཁར་གྱང་དེ་དག་གིས། ང་ཚོར་བཅངས་པའི་རེ་བ་ཞིག་ཀྱང་ཅིས་མ་ཡིན། མཁར་གྱང་དེ་དག་ནི་ཡིད་སྐྱོ་དགོས་པ་ཞིག་མ་རེད་ལ། གོད་ཆག་དེ་དག་ཀྱང་མིག་ཆུ་འདོན་དགོས་པ་ཞིག་གཏན་ནས་མིན། མཁར་གྱང་རེ་རེས་ནི་ང་ཚོར་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པ་ར་སྤྲོད་བྱས་པ་རེད་ལ། གོད་ཆག་རེ་རེའང་ང་ཚོས་མི་རིགས་གཞན་དང་འདྲ་བར་ལོ་རྒྱུས་དབང་ཀློང་ཁྲོད་ནས་ཉམས་སད་དང་ཁྲག་དྲོན་གཏོར་བའི་སྙིང་སྟོབས་ཡོད་པ་མཚོན་གྱིན་ཡོད་པ་མ་རེད་དམ། མིག་རྒྱ་བཀྱེད་དེ་ལྟོས་དང་། གནའ་བོའི་ཀེ་རི་སི་བ་དང་རོ་མན་རྒྱལ་ཁབ་ཀྱི་མཁར་གྱང་རེ་རེ་ནས། ཨེ་ཇེབ་ཡུལ་གྱི་ཞིག་རོར་གྱུར་པའི་གཏོར་གཟུགས་མཆོད་རྟེན་དང་རྒྱ་གར་ཡུལ་གྱི་མཆོད་རྟེན་ཞིག་རལ། ད་དུང་ཁ་སོ་བུད་པ་ལྟ་བུའི་རྒྱ་ནག་ལྕགས་རི་རིང་པོ་དང་། གོང་མའི་སྐྱེད་ཚལ་དུ་གྲགས་པའི་ཡོན་མིང་ཡོན། དེ་དག་ཚང་མ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་རྗེས་ཤུལ་ཤ་སྟག་ཡིན་ལ། ཡུལ་གྲུ་དེ་དག་གི་ས་གནས་ཀུན་དུ་མཁར་གྱང་ཞིག་རོས་ཁེངས་ནས་ཡོད་པ་མ་རེད་དམ། མཁར་གྱང་ནི་ལོ་རྒྱུས་ཀྱི་དན་རྟགས་རེད་ལ། མཁར་གྱང་དེ་དག་ལ་མི་དང་འདྲ་བར་ཚེ་སྲོག་གི་སྐྱེ་སྟོབས་ཀྱང་མངའ་བའང་ཡིན། ལོ་རྒྱུས་ཡུན་རིང་མེད་པའི་མི་རིགས་ཤིག་ལ་མཁར་གྱང་གི་ཞིག་རོ་དེ་དག་མེད་ལ། བཙས་མ་ཐག་པའི་ཕྲུ་གུ་ཞིག་གི་ལུས་ལ། ངལ་རྩོལ་བྱས་པའི་རྒྱུ་ལས་འཐོབ་པའི་གཟི་བརྗིད་ཀྱི་རྨ་རྗེས་གང་ཡང་མེད་པ་ལྟ་བུ་རེད། མཁར་གྱང་ནི་ལོ་རྒྱུས་ཀྱི་དན་རྟགས་དང་། ལོ་རྒྱུས་ནི་མི་རིགས་དེས་བརྒྱུད་མྱོང་བའི་བཤུལ་ལམ་རིང་མོ་ཞིག་གི་མཚོན་བྱེད་རེད། དེས་ན་མཁར་གྱང་གི་ཆེད་དུ་མིག་ཆུ་གཏོང་མི་དགོས་ལ། མཁར་གྱང་གི་ཆེད་དུ་ལོ་རྒྱུས་ལ་ཚིག་མཚོན་བཏབ་པས་ཅི་ཞིག་ཕན། འོན་ཏེ་ང་ཚོས་མཁར་གྱང་དེ་དག་གིས་ང་ཚོར་ཅི་ཞིག་བརྗོད་ཀྱིན་པ་ཉན་དགོས་ལ། ས་རྡོས་བརྩིགས་པའི་མཁར་གྱང་དེ་དག་ཉིལ་ཟིན་རུང་། ང་ཚོའི་བླ་སྲོག་དེ། ཉིལ་ཟིན་པའི་ས་རྡོ་དེ་དག་ཐོག་ཇི་ལྟར་བྱས་ཏེ་འགྲེངས་ནས་རི་བོའི་ཕར་རྒྱབ་ཏུ་བལྟ་རྒྱུ་དེ་ཉིད་རེད། དེ་ནི་ང་ཚོས་མཁར་གྱང་ལ་བཙལ་བའི་ཚེ་སྲོག་རེད་ལ། མཁར་གྱང་གིས་ང་ཚོར་སྦྱིན་པའི་བློ་མིག་ཅིག་ཀྱང་ཡིན། 
   རིག་གསར་གྱི་སྐབས་སུ་ཆོས་ལ་དད་པ་ཡོད་ཟེར་མཁན་གྱི་མི་ཕལ་མོ་ཆེས་དུས་རླུང་དང་བསྟུན་ཏེ། རང་གི་ཉེ་འགྲམ་དུ་ཡོད་པའི་ལྷ་ཁང་དང་དགོན་པ་མེར་བསྲེགས་བཏང་ལ། ཤིང་རྒྱུ་སོགས་རང་གི་ཁྱིམ་དུ་འཁྱེར་ཏེ་བུད་ཤིང་གི་དོད་དང་། ཕྱུགས་ར་བསྐོར་མྱོང་ཡོད་པ་མ་རེད་དམ། ས་སྐྱའི་དགོན་པ་དེ་ཉིད་ཀྱང་ཉམས་ངའི་སྣང་ཚུལ་དེ་ལས་ལྡོག་པར་དཀའ། གལ་ཏེ་མཁར་གྱང་དེ་དག་ལ་སྨྲ་བྱེད་ཡོད་པའི་དབང་དུ་བཏང་ན། དེ་ཚོའི་ཡིད་གདུང་ཆེ་ཤོས་ནི་རང་གི་ཕ་མེས་ཀྱིས་བསྐྲུན་པའི་རྗེས་ཤུལ་དེ། རང་གི་ཕྱི་རབས་པ་ཞིག་གིས་གཏོར་བཤིག་བཏང་བ་དེ་ཉིད་ཡིན་ངེས་རེད། ཁ་སང་མཆོད་མེ་འཁྱེར་ཏེ་ལྷ་ཁང་རེ་རེའི་ནང་དུ་གུས་གུས་ཞུམ་ཞུམ་ངང་ནས་ཡོང་མཁན་ཚོ། དེ་རིང་གྲི་དང་སྟ་རེ་འཁྱེར་ཏེ་ལྷ་ཁང་རེ་རེའི་ལྕམ་ཤིང་ཀ་བ་སོགས་པ་གཅོད་གཏུབ་ཀྱི་ལས་ལ་བྲེལ་བཞིན་ཡོད། དེ་འདྲའི་འགྱུར་བ་ནི་དོན་དུ་ཁོ་ཚོའི་རྒྱུད་ལ་དད་པ་གཤའ་མ་ཞིག་མེད་པས་རེད་ལ། དེ་ཡང་རིགས་པས་འཆུན་པའི་དད་པ་བརྟན་པོ་ཞིག་མེད་པས་ཡིན། གང་ལྟར་ཡང་བྱ་བ་གང་ལའང་ཤེས་རབ་ཀྱིས་མ་ཟིན་ན། བྱ་བ་དེ་ཉིད་མཐར་ཕྱིན་མི་ཐུབ་པ་གཏན་འཁེལ་ཡིན། ཤེས་རབ་ཀྱིས་ཟིན་པའི་དད་པ་ཞིག་ཡོད་ན། བྱ་བ་སྐྱུག་བྲོ་པོ་དེ་དག་ཀྱང་གཏན་ནས་ཡོང་ཐབས་མེད། 《ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་པ》ཡི་ནང་དུ་ཚིག་རིས་ཇི་བཞིན་བློ་ལ་མ་ངེས་རུང་། དོན་དེ་ལྟ་བུ་ཞིག་ཡོད་དེ། མཆོད་རྟེན་བྱེ་བ་ཕྲག་ཁྲིག་བཤིག་པ་དང་། དགེ་སློང་དུ་མར་མ་གུས་པ་ལས་ཀྱང་ཉེས་པ་ཆེ་བ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པར་དམོད་པ་བོར་བ་དང་མ་གུས་པ་དེ་རེད་ཅེས་གསུངས་ཡོད། དེའི་ཐོག་ནས་ཤེས་རབ་ནི་གཙོ་བོ་ཡིན(སྤྱིར་ཤེས་རབ་དང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མ་གཅིག་ནའང)པ་དང་། ཤེས་རབ་ནི་ཐེ་ཚོམ་འགོག་པར་བྱེད་ཅིང་། རང་ཡུལ་བརྟག་པར་བྱ་བའི་དངོས་པོ་ལ་དམིགས་ནས་རང་སྟོབས་ཀྱིས་བླང་དོར་འབྱེད་པའི་རྣམ་པ་ཅན་གྱི་སེམས་བྱུང་ཞིག་ཀྱང་རེད། དད་པ་དེ་ཉིད་ཤེས་རབ་ཀྱིས་ཟིན་ན། དད་བྱའི་ཡུལ་དེ་ལ་ཐེ་ཚོམ་བྲལ་ཞིང་། ཐེ་ཚོམ་བྲལ་ཏེ་དད་བྱའི་ཡུལ་དེ་ལ་ཡང་སྔར་ནས་རང་གིས་བརྟག་ཅིང་དཔྱད་ལ། བླང་དོར་ལེགས་པར་འབྱེད་ཟིན་པས་དད་མཁན་དང་དད་ཡུལ་གཉིས་དབར་ལ་དུས་དང་རྐྱེན་གྱི་འགལ་རྐྱེན་ཅི་ཞིག་བྱུང་རུང་ཕྲལ་དུ་འགྱུར་མི་སྲིད། ས་སྐྱ་དང་འདྲ་བའི་བོད་ཁུལ་གྱི་མཁར་ཤུལ་མང་པོ་ནི་ང་ཚོར་ལོ་རྒྱུས་ཀྱི་བྱུང་བ་ཡུན་རིང་ཡོད་པའི་དན་རྟགས་རེད་ལ། ལོ་རྒྱུས་ཀྱི་དན་རྟགས་དེ་དག་ལས་ང་ཚོའི་ཤེས་རབ་ཀྱི་འདས་ཟིན་མངོན་ཐུབ་ལ། དེ་ལས་ཀྱང་འགངས་ཆེ་བ་ནི་མཁར་གྱང་དེ་དག་གི་ང་ཚོའི་ཤེས་རབ་ཀྱི་མ་འོངས་པའི་ཉི་ཟེར་ལ་སྒུག་བཞིན་འདུག 
   རླངས་འཁོར་གྱི་དུང་བརྡ་གྲག་བྱུང་། སླར་ཡང་གནས་སྐོར་ཞིག་གི་མཇུག་སྒྲིལ་ཞིང་། གནས་སྐོར་གསར་པ་ཞིག་གི་དབུ་ཁྱུད་བྲི་འགོ་བརྩམས་ཀྱིན་ཡོད། ངས་རླངས་འཁོར་གྱི་ཁྲ་མའི་ནང་ནས་ལོ་བགྲེས་ཀྱི་རྒན་པོ་ཞིག་དང་འདྲ་བའི་ས་སྐྱ་དགོན་པའི་མཁར་ཤུལ་གྱི་ངོ་གདོང་རེ་རེར་ལྟ་བཞིན་དུ། དེ་དང་འབྲེལ་བའི་ལོ་རྒྱུས་མང་པོ་ཞིག་གློ་བུར་དུ་ཡིད་ལ་འཚངས་བ་སྟེ། གྲྭ་ཆས་དམར་པོ་བཞེས་པའི་དགེ་སློང་བགྲེས་པོ་ཞིག ཕྱག་གཡས་སུ་དགུང་ལོ་བཅུ་ལ་སོན་པའི་བྱིས་པ་ཞིག་དང་། ཕྱག་གཡོན་དུ་དགུང་ལོ་དྲུག་ལ་སོན་པའི་བྱིས་པ་ཞིག་འཁྲིད་བཞིན་དུ། སེམས་ཚེགས་ཆེན་པོས་ས་སྐྱ་ནས་ཆིབས་ཐོན་གནང་བའི་རྣམ་པ་ཡིད་ལ་དྲན་བྱུང་ལ། བཅོམ་ལྡན་རིག་རལ་དང་བླ་མ་འཕགས་པ་གཉིས་དབར་གི་རྩོད་པ་བྱེད་པའི་ཚིགས་བཅད་དེའང་དྲན་ཡོང་སྟེ། བཅོམ་ལྡན་རིག་རལ་གིས་བླ་མ་འཕགས་པར།
སངས་རྒྱས་བསྟན་པ་བཀའ་ཕྱག་སྤྲིན་གྱིས་སྒྲིབ། ། 
སེམས་ཅན་བདེ་སྐྱིད་མི་དཔོན་ལག་ཏུ་ཤོར། ། 
སྙིགས་དུས་དགེ་སྦྱོང་དཔོན་པོའི་ཆ་ལུགས་འཛིན། ། 
འདི་གསུམ་མ་གཏོགས་འཕགས་པ་མིན་པར་གོ། ། 
   ཞེས་པའི་ལན་དུ་བླ་མས་འཕགས་པས། 
བསྟན་ལ་འཕེལ་འགྲིབ་ཡོང་བ་རྒྱལ་བས་གསུངས། ། 
སེམས་ཅན་བདེ་སྐྱིད་རང་རང་ལས་ལ་རག ། 
གང་ལ་གང་འདུལ་དེ་ལ་དེ་སྟོན་བྱེད། ། 
འདི་གསུམ་མ་རྟོགས་མཁས་པ་མིན་པར་གོ། ། 
   ཅེས་པ་དེ་ཉིད་ཡིན་ཞིང་། བཅོམ་ལྡན་རིག་རལ་གྱི་གསུང་ཚིག་འདི་ཉིད་བླ་མ་འཕགས་པའི་མཛད་སྤྱོད་ཐོག་ལ་ཏག་ཏག་རན་མིན་མ་ཤེས་རུང་། ཕྱིས་ཀྱི་ལོ་ངོ་བརྒྱ་ཕྲག་ལྷག་ཙམ་རིང་གི་བླ་སྤྲུལ་ཕལ་མོའི་ཆེའི་མཛད་སྤྱོད་ལ་ལུང་བསྟན་བསྟན་པ་ཇི་བཞིན་གནད་ལ་འཁེལ་བ་ལོ་རྒྱུས་ལ་གཟིགས་རྟོག་ཡོད་མཁན་ཚོས་མཁྱེན་ངེས། 
༢༠༠༩-༦-༢༥ཉིན་ས་སྐྱ་མགྲོན་ཁང་དུ་བྲིས།
ཆེད་དེབ«ཕལ་པའི་རང་མདངས»ལས་དྲངས།
སྒྲིག་སྦྱོར་པ། རོང་པོ་རང་འཚོལ།



玛尔格莫兰
སྐལ་བ་བཟང་སོང་། འདི་ནས་འུ་ཚོས་དབྱངས་གསལ་གྱི་བྱིན་རླབས་ཞུ་རུ་འགྲོ།
 最新文章